དབང་ཆེན་གསང་སྒྲུབ་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ།

༄༅། །རྟ་མཆོག་དགོངས་འདུས་སྙིང་གི་ཐིག་ལེ་ལས༔ དབང་ཆེན་གསང་སྒྲུབ་ཀླུ་སྒྲུབ་སྙིང་པོའི་ཐུགས་དམ་བཞུགས་སོ༔[1]

 

ཨོཾ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ དབང་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ བདག་འདྲ་འཕགས་པ་ཀླུ་སྒྲུབ་སྙིང་པོ་ཡིས༔༔ བདེ་བྱེད་བརྩེགས་སུ་དབང་གི་དངོས་གྲུབ་བརྙེས༔ ཧེ་ཆེན་བརྡལ་དུ་གྲུབ་པའི་གདེང་ཐོབ་ནས༔ རྟ་མཆོག་དགོངས་འདུས་སྙིང་གི་ཐིག་ལེ་འདི༔ ཤིན་ཏུ་ཟབ་པའི་གསུང་གི་ཏི་ཀ་ཡིན༔ སྙིང་ལ་འཆོངས་ཤིག་མ་འོངས་སྐལ་ལྡན་རྣམས༔ འདི་ལ་དམ་པ་གསུམ་ལྡན་དང་པོ་སྦྱོར་བ་ནི༔

ན་མོ༔ དཀོན་མཆོག་གསུམ་དང་དབང་ཆེན་ལྷ་ཚོགས་ལ༔ སྐྱབས་སུ་མཆིའོ་བྱང་ཆུབ་སེམས་བསྐྱེད་དོ༔ སྐྱེ་མེད་དབྱིངས་སུ་བགེགས་རྣམས་རང་གྲོལ་ནས༔ འགག་མེད་ཡེ་ཤེས་མཚོན་ཆའི་གུར་དུ་གྱུར༔ གཉིས་མེད་རང་ཞལ་དབང་ཆེན་མཇལ་ཕྱག་འཚལ༔ པདྨ་གསུང་གི་ལྷ་ཚོགས་བྱིན་ཆེན་ཕོབ༔ སྣང་སྲིད་འཁོར་འདས་ཀུན་བཟང་མཆོད་སྤྲིན་གྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

གཉིས་པ་དངོས་གཞི་ནི༔ ཨཱཿ སྐུ་གསུམ་ལྷུན་རྫོགས་ཏིང་འཛིན་གསུམ་གྱི་ངང༔ སྐད་ཅིག་དྲན་རྫོགས་ཧྲཱིཿ་ཡིག་འཕྲོ་དུས་ལས༔ སྣང་བའི་ངོ་བོ་དབང་ཆེན་ཧེ་རུ་ཀ༔ དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ དུར་ཁྲོད་ཆས་རྫོགས་གཤོག་པ་མཁའ་ལ་གདེངས༔ རྡོ་རྗེ་ཁ་ཊཱཾ་སྦྲུལ་ཞགས་གཡས་ན་འཛིན༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས༔ སྟོང་པའི་བདག་ཉིད་ཨེ་ཀ་ཙ་ཏི་འཁྲིལ༔ སྲས་མཆོག་བྱི་ལ་པུ་ཤུད་མགོ་ཅན་དང༔ ཐུགས་སྲས་དབང་ཆེན་རིགས་བཞི་ཡབ་ཡུམ་བརྒྱད༔ སྲིད་པ་ཟིལ་གནོན་ཁྲོ་བཅུ་ཡབ་ཡུམ་དང༔ སྒོ་མ་བཞི་སོགས་ལྷ་ཚོགས་མ་ལུས་པ༔ སྣང་ལ་རང་བཞིན་མ་གྲུབ་ཆུ་ཟླ་ལྟར༔ གསལ་སྟོང་ཟུང་འཇུག་ངང་ནས་གསལ་བར་བསྐྱེད༔

སྤྱན་འདྲེན་པ་ནི༔ ཧཱུཾ་ཧྲཱིཿ རྒྱལ་ཀུན་གསུང་མཆོག་པདྨ་གསུང་གི་ལྷ༔ འགག་མེད་བདེ་ཆེན་ཞིང་ནས་སྤྱན་དྲང་ངོ༔ གདོད་ནས་དབྱེར་མེད་དམ་ཡེ་མཉམ་པ་ཉིད༔ ཟུང་འཇུག་རོལ་པ་ཆེན་པོས་ཕྱག་འཚལ་ལོ༔ སྣང་སྲིད་འཁོར་འདས་དག་པའི་མཆོད་པ་འབུལ༔ དབང་ཆེན་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཕྲེང་འཁོར༔ གསུང་མཆོག་པདྨའི་ཐུགས་དང་དབྱེར་མེད་གྱུར༔ ཨོཾ་ཧྲཱི་པདྨ་ཏྟཀྲི་ཏ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ གྲངས་ཚད་རྟགས་དང་སྦྱར་ནས་གནད་དུ་བསྣུན༔

གསུམ་པ་རྗེས་ཀྱི་རིམ་པ་ནི༔ ཨགྷཾ་སོགས་ནས༔ པདྨ་གསུང་གི་ལྷ་ལ་ཕྱག་འཚལ་བསྟོད༔ རྟ་མཆོག་དགོངས་འདུས་བསྒྲུབས་པའི་བྱིན་རླབས་ཀྱིས༔ བདག་སོགས་འགྲོ་ཀུན་སྒྲིབ་སྦྱངས་ཚོགས་རྫོགས་ནས༔ དབང་ཆེན་དབྱེར་མེད་དོན་གཉིས་མཐར་ཕྱིན་ཤོག༔ ཅེས་རྒྱལ་བའི་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཐུགས་དམ་འདི༔ བཞུགས་ཡུལ་ཧེ་ཆེན་བརྡལ་ནས་བོད་དུ་བསྒྱུར༔ སློབ་མ་རྒྱལ་བ་མཆོག་དབྱངས་ཉིད་ལ་གདམས༔ མཆིམས་ཕུ་བྲག་དམར་གནས་སུ་གྲུབ་པ་ཐོབ༔ དེ་བཞིན་དབང་ཆེན་བསྒྲུབ་ལ་བརྩོན་པར་མཛོད༔ མ་འོངས་དོན་དུ་སྦས་ཡུལ་གཏེར་ལ་སྦས༔ ཨོ་རྒྱན་ཐུགས་སྲས་དགོངས་ཀློང་རྡོལ་བའི་དུས༔ ལུང་ཟིན་ཆོས་བདག་རྣམས་དང་འཕྲད་པར་ཤོག༔ འཕྲད་ནས་སྲིད་གསུམ་སྒྲོལ་བའི་དོན་བྱེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཆོས་སྐྱོང་དགོངས་འདུས་ཚོགས་ཀྱིས་བཀའ་འདི་སྲུངས༔ ཞེས། ཤར་གཏེར་ཁམས་པ་པདྨ་བདུད་འདུལ་གྱིས། །ཉག་དྲག་ལྷང་ལྷང་ནོར་བུའི་ཡང་རྩེ་ནས། །རིན་པོ་ཆེ་ཡི་ཤོག་སེར་སྤྱན་དྲངས་ཏེ། །སྐྱེས་བུ་ཆོས་བདག་རྣམས་ཀྱིས་བསྐུལ་བའི་ངོར། །བརྡ་ཡིས་གསལ་ལ་བརྟེན་ནས་ཟབ་པའོ། །ཡི་གེ་པ་ནི་ལུང་ཟིན་མཐའ་ཡས་སོ། །སྲིད་གསུམ་འགྲོ་བ་སེམས་ཅན་མ་ལུས་པ། །བདེ་ཆེན་པདྨོ་དག་པའི་ས་ཐོབ་ཤོག།  །།

 

དཔྱད་གཞིའི་ཡིག་ཆ།

[1] ཉག་བླ་པདྨ་བདུད་འདུལ་གྱི་གཏེར་ཆོས་སྐོར། ༼༣༽ དབང་ཆེན། ཤིང་དཔར། ཤོག་གྲངས་ ༡ ནས་ ༣ན༢ བར།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *