༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བ་ལས[1]།
(མཛད་པ་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད།)
གཉིས་པ་ཆེ་བའི་ཡོན་ཏན་ནི། སློབ་དཔོན་འདི་ཉིད་སྔོན་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་ན་ག་རར་མིའི་རྒྱལ་པོ་འཇམ་དཔལ་གོ་ཆའི་སྲས་སུ་འཁྲུངས་ཤིང་། དེའི་ཡོན་ཏན་གྱི་ཁྱད་པར་ནི། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ། ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་ཐོབ་པ། ཐེག་ཆེན་གྱི་རིགས་དང་ལྡན་པ།
སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའི་དུས་སུ་ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པ་རྒྱལ་པོའི་བཙུན་མོ་ཆེན་མོས་ཆུ་དྲོན་གྱི་ཁྲུས་བྱེད་དུ་བཅུག་པ་ན་དེའི་དྲོད་མི་བཟོད་པ་མཐོང་ནས་ཡུམ་གྱིས་སྨྲས་པ། སྙིགས་མའི་དུས་སུ་རྒྱལ་པོ་བྱས་ན་ཉོན་མོངས་པའི་དབང་གིས་སེམས་ཅན་སྡུག་ཏུ་བཅུག་ན་ཤི་ནས་དམྱལ་བར་འདི་བས་ཀྱང་དྲག་པའི་སྡུག་བསྔལ་མྱོང་བར་འགྱུར་བས། རྒྱལ་སྲིད་ཀྱི་དགོས་པ་མེད་ཀྱི། བུ་ཁྱོད་ཤར་ཕྱོགས་བྷཾ་ག་ལའི་ཡུལ་དུ་སོང་ཞིག །དེར་ཁྱོད་ལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་བསྒོས་སོ། །དེས་ཡུམ་གྱི་བཀའ་གུས་པས་རྩེ་གཅིག་ཏུ་འཛིན་ཞིང་ཐུགས་དྲང་པོས་རྟ་མཆོག་ལྗང་གུ་ལ་ཆིབས་ཏེ། ཞག་དུ་མར་ཉིན་མཚན་མེད་པར་བཟའ་བཏུང་ཡིད་ལ་མི་བྱེད་པར་བྱོན་པས། བྷཾ་ག་ལའི་ཡུལ་གྱི་མཐའི་ནགས་ཚལ་ཞིག་ཏུ་སླེབས་པ་ན། དེའི་ནང་ན་བུ་མོ་རིན་པོ་ཆེ་ཞིག་མཐོང་ངོ༌། །དེར་དེས་རྟ་བཟུང་ནས་རྟ་ལས་བབས་པ་ན་ཤིན་ཏུ་སྐོམ་པས་མདུན་ན་ཆུ་འདུག་པ་ལ་འཐུང་བར་བརྩམས་པ་ན་བུ་མོས་འདི་ནི་དུག་ཆུ་ཡིན་པས་མ་འཐུང་ཞིག་ཅེས་སྨྲས་ནས། དེ་ལས་བཟློག་ནས་བདུད་རྩིའི་ཆུ་འཐུང་དུ་བཅུག །ཤ་ཞིག་ཀྱང་བསྲེགས་ནས་ཟར་བཅུག་པས་ཚིམ་པར་གྱུར་པ་ན། བུ་མོ་དེ་ལ་ཁྱེད་གང་ནས་འོངས་ཞེས་སྨྲས་པས། ནགས་ཚལ་ཆེན་པོ་འདིའི་དབུས་ན་ཡོན་ཏན་དུ་མའི་ཚོགས་ཀྱིས་བརྒྱན་པ་ཐུགས་རྗེ་ཅན་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་བསྒྲུབ་པ་བདག་གི་བླ་མ་བཞུགས་ཏེ་དེ་ནས་འོངས་ཞེས་སོ།།
དེ་ཐོས་པ་ཙམ་གྱིས་བཀྲེན་པས་རིན་པོ་ཆེ་ཐོབ་པ་ལྟར་དགའ་བདེ་ཆེན་པོས་དབུགས་ཕྱིན་ནས། ཀྱེ་དེ་བདག་ལ་སྟོན་ཅིག་ཅེས་སྨྲས་པས། བུ་མོས་བོས་ཏེ་རྟ་ཁྲིད་ནས་དེར་ཕྱིན་པ་དང༌། ཤིན་ཏུ་ཟབ་མོའི་ཐུགས་དང་ལྡན་ཞིང་ལུས་ངག་ཞི་བའི་གསེར་གྱི་རི་ལྟ་བུའི་བླ་མ་མཆོག་མཐོང་ནས། བདག་ཉིད་དང་རྟ་མཆོག་ཕུལ་ཏེ་གུས་པས་བླ་མ་དེ་ལ་ཕྱག་བྱས་ནས། འཇམ་པའི་དབྱངས་ཀྱི་ཏིང་ངེ་འཛིན་གྱིས་གདམས་པས་བདག་རྗེས་སུ་འཛིན་པར་འཚལ་ལོ་ཞེས་གསོལ་ཏོ། །བླ་མས་ཀྱང་དེ་ཡོངས་སུ་སྨིན་པར་མཛད་པའི་རིམ་པས་གདམས་ངག་བསྟན་ནས། དེར་ལོ་བཅུ་གཉིས་བཞུགས་ཏེ་ཏིང་ངེ་འཛིན་གྱིས་འཇམ་པའི་དབྱངས་མངོན་སུམ་དུ་མཛད་ཅིང་། དེའི་རྗེས་སུ་བླ་མས་ཡུལ་དབུས་སུ་འགྲོ་བར་བཀའ་སྩལ་པ་ལྟར་བྱོན་ཏེ་མ་ག་དྷའི་རྒྱལ་པོའི་སྲུང་མ་བྱེད་ཅིང་། ཤིང་གི་རལ་གྲི་ཤུབས་དང་བཅས་པ་བཟུང་ནས་མི་གཡོ་བའི་སྡེ་ཞེས་པའི་མིང་ཅན་དུ་གྲགས་ལ། སྤྱོད་པ་དེ་ཉིད་ཀྱིས་ཆོས་ཁོ་ན་ཡིད་ལ་བྱེད་ཅིང་བཞུགས་སོ། ༔།
དུས་གཞན་ཞིག་ན་སྲུང་མ་གཞན་རྣམས་ཀྱིས་དེའི་ཕུན་སུམ་ཚོགས་པ་མ་བཟོད་པར། རྒྱལ་པོ་ལ་མི་གཡོ་བའི་སྡེ་འདི་ནི་ཤིང་གི་རལ་གྲི་བཟུང་ནས་ཁྱེད་ཀྱི་སྐུ་སྲུང་བྱེད་པས་འཁྲུག་པའི་དུས་སུ་དགྲ་ལ་ཇི་ལྟར་བརྡེག་པར་འགྱུར། དེ་བས་ན་འདིའི་རལ་གྲི་བལྟ་བར་འཚལ་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་དྲང་པོར་སྨྲ་མ་ནུས་པར་སྲུང་མ་ཐམས་ཅད་ཀྱིས་རལ་གྲི་བལྟ་བར་བྱའོ་ཞེས་བཀའ་སྩལ་ཏེ། འགའ་ཞིག་གིས་རལ་གྲི་བལྟས་ནས་མི་གཡོ་བའི་སྡེ་ལའང་རལ་གྲི་བལྟའོ་ཞེས་བཀའ་སྩལ་པ་དང༌། བདག་གི་རལ་གྲི་ཁྱེད་ཀྱིས་བལྟ་བར་མི་བཟོད་ཅེས་སྨྲས་ཀྱང་། རྒྱལ་པོས་ནན་གྱིས་ཡང་ཡང་དྲིས་པས། མི་གཡོ་བ་ན་རེ། ཅིས་ཀྱང་མཐོང་བར་འདོད་ན་ཕྱོགས་དབེན་པར་ཁྱེད་རང་ཁོ་ན་ལག་པས་མིག་གཅིག་བཀབ་སྟེ་བལྟ་བར་གྱིས་ཤིག་ཅེས་གསོལ་བ་དང་། རྒྱལ་པོས་བལྟས་པས་རལ་གྲིའི་གཟི་བརྗིད་ཀྱིས་མིག་མ་བཀག་པས་ངོས་ས་ལ་ལྷུང་ངོ༌། །ནུས་པ་དེ་མཐོང་བས་རྒྱལ་པོ་ཤིན་ཏུ་མོས་པར་གྱུར་པར་དགོངས་ནས་མིག་གི་བུ་གར་མིག་བཅུག་སྟེ་ཟུག་རྔུ་མེད་པར་བྱས་ནས་དཔལ་ནཱ་ལེནྡྲར་གཤེགས་སོ།།
དེར་རབ་ཏུ་བྱུང་སྟེ་ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མཚན་གསོལ་ནས་སྡེ་སྣོད་གསུམ་ལ་ཐོས་པ་མཛད་པའི་རྗེས་སུ་ཟ་ཉལ་འཆག་པ་ལ་སོགས་པ་དུས་ཐམས་ཅད་དུ་འོད་གསལ་བསྒོམས་པས་བུ་སུ་ཀུ་ཞེས་ཀྱང་གྲགས་སོ། །དེ་ནས་དུས་གཞན་ཞིག་ན་དགེ་འདུན་གྱི་ནང་གི་མ་རུངས་པ་འགའ་ཞིག་གིས་འདི་ནི་དགེ་འདུན་གྱི་ནང་ན་བྱ་བ་གང་ཡང་མི་བྱེད་པར་བསྒོམ་པ་ལྟར་གནས་ཏེ། ཅི་ཤེས་བརྟག་དགོས་ཞེས་བསྒོས་ནས་སྔོན་ཆོ་འཕྲུལ་ཟླ་བ་ལ་ལོ་རེ་བཞིན་ཆོས་འདོན་པའི་སྲོལ་ཡོད་པས་དེ་འདི་ལ་འཆོལ་དགོས་སོ་ཞེས་བསམས་ནས་དེ་ལ་ཞུས་སོ། །དེར་བདག་གིས་ནི་ཅི་ཡང་མི་ཤེས་སོ་ཞེས་པའི་སྒོ་ནས་ཡང་ཡང་དུ་བཀག་ཀྱང་དེ་རྣམས་ཀྱིས་ནན་གྱིས་ཞུས་ཏེ། གཙུག་ལག་ཁང་གི་ཕྱི་རོལ་དབང་ལྡན་གྱི་མཚམས་སུ་ས་ཕྱོགས་ཡངས་པར་མཆོད་པའི་རྣམ་པ་དུ་མ་བཤམས་ཏེ། སྐྱེ་བོ་མ་ལུས་པ་བོས་ནས་སེང་གེའི་ཁྲི་མཐོན་པོ་བཤམས་ཏེ་སྤྱན་དྲངས་སོ།།
དེར་སློབ་དཔོན་གྱིས་བཞུགས་ནས་བདག་གིས་མདོ་ཀུན་ལས་བཏུས་དང་། བསླབ་པ་ཀུན་ལས་བཏུས་དང༌། སྤྱོད་པ་ལ་འཇུག་པ་གསུམ་བྱས་ཡོད་པ་ལས་འདིར་ནི་སྤྱོད་པ་ལ་འཇུག་པ་གདོན་པར་འོས་ཞེས་ཐུགས་ལ་བཞག་ནས་གསུངས་པ། དྲང་སྲོང་གིས་གསུངས་པའམ། དེའི་རྗེས་ལ་བྱུང་བ་གང་གདོན། དེའང་དོན་དམ་རྟོགས་ན་དྲང་སྲོང་ངོ༌། །དེས་མཛད་པ་གསུང་རབ་བོ། །དེ་ལ་བརྟེན་ནས་གཞན་གྱིས་བྱས་པ་དེའི་རྗེས་ལས་བྱུང་བའོ། །འཕགས་པ་བྱམས་པས།
གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །
ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། །
ཞེས་རྒྱུད་བླ་མར་གསུངས་སོ་ཞེས་བཤད་དོ། །དེར་དེ་དག་ངོ་མཚར་སྐྱེས་ནས་གཞན་པ་གདོན་པར་ཞུ་ཞེས་གསོལ་བ་དང་། བསྟན་བཅོས་འདི་གསུངས་ཤིང་ཤེས་རབ་ལེའུ་ཡི་སྐབས་ཀྱི། གང་ཚེ་དངོས་དང་དངོས་མེད་དག །ཅེས་སོགས་ཀྱི་ཚིགས་བཅད་འདོན་པའི་སྐབས་སུ་མཐོང་ལམ་རྒྱུད་ལ་སྐྱེས་ནས། འཕགས་པ་འཇམ་དཔལ་དབྱངས་མདུན་གྱི་ནམ་མཁར་མངོན་སུམ་དུ་གྱུར་ཏོ། །དེའི་རྗེས་ལ་དེ་ཉིད་དང་སློབ་དཔོན་དང་བཅས་པ་སྐྱེ་བོ་རྣམས་ལ་མི་སྣང་བར་གྱུར་པ་ན་དེ་དག་མ་མཐོང་བས་འགྱོད་པར་གྱུར་པའི་སྐྱེ་བོ་རྣམས་ཀྱིས་དེའི་བྲང་ཁང་དུ་བལྟས་པས། བསྟན་བཅོས་གསུམ་པོའི་དཔེ་རྙེད་ནས་བླངས་ཏེ་མཁས་པ་རྣམས་ཀྱིས་གོ་ནས་འཇིག་རྟེན་དུ་གྲགས་པར་མཛད་དོ། །གཞན་ཡང་། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བའི་ལྷ་ཡི་མཛད་དང་འདྲ། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་པ་ལྟར། འཕགས་པའི་ཡུལ་དུ་སྐྱེས་བུ་དམ་པ་མང་དུ་བྱོན་ཡང་། སློབ་དཔོན་འདིས་བསྟན་པ་ལ་བྱ་བ་མཛད་པ་འདྲ་བ་མི་རྙེད་ཅེས་པ་རྣམས། སློབ་དཔོན་བི་བྷུ་ཏི་ཙནྡའི་འགྲེལ་པ་ལས་འབྱུང་ངོ་།། །།
འབྱུང་ཁུངས། [1] གྲགས་ཆེན་བཅོ་བརྒྱད་ཀྱི་སྤྱོད་འཇུག་བླ་མ་དམ་པའི་གསུང་བཞུགས། ༼༥༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༢༡༣ ནས་ ༢༡༦ བར་གསལ་ལོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།