ཞ༽ ཟླ་བ་གྲགས་པའི་གསུང་གི་དོགས་དཔྱོད།

ཞ༽ ཟླ་བ་གྲགས་པའི་གསུང་གི་དོགས་དཔྱོད།

༡༽ འདུས་པའི་མངོན་རྟོགས་རྒྱན་རྩ་འགྲེལ།

 

དེ་ཡང་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ལས[1]། ཁྱད་པར་རྡོ་རྗེ་འཆང་གི་འདུས་པ་ཡི། །རྩ་རྒྱུད་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པ། །བཤད་རྒྱུད་ཤན་སྦྱར་དཔལ་མགོན་ཀླུ་སྒྲུབ་ཀྱིས། །མན་ངག་གིས་བཀྲོལ་སྒྲོན་མ་རབ་གསལ་བའི། །རྒྱ་ཆེར་འགྲེལ་དང་དབུ་མ་རྩ་བ་ཡི། །

འགྲེལ་པ་ཚིག་གསལ་མཁའ་ལ་ཉི་ཟླ་ཟུང་། །ས་ལ་གསལ་བ་གཉིས་ཞེས་ཡོངས་སུ་གྲགས། །དེ་བཞིན་དབུ་མ་འཇུག་པ་རྩ་འགྲེལ་དང་། །རིག་པ་དྲུག་ཅུ་པ་དང་བཞི་བརྒྱ་པའི། །འགྲེལ་པ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས། །གཞུང་ལུགས་དུ་མ་བསྡེབས་ལེགས་སྙན་དངགས་ཀྱི། །ལམ་ནས་ལེགས་སྤེལ་ཐུབ་བསྟན་རྫོགས་ལྡན་གྱི། །དུས་ལྟར་གསལ་ཞིང་རིང་དུ་གནས་པར་མཛད། །སངས་རྒྱས་གཉིས་པ་ཁྱོད་ལ་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[2]། སློབ་དཔོན་ཟླ་བ་གྲགས་པས་མཛད་པ་ལ། སྒྲོན་གསལ་ནི་གྲགས་ཤིན་ཏུ་ཆེ་ལ། འདིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་ནི་ལེའུ་བཅུ་གཉིས་པའི་སྒྲོན་གསལ་ནས་བྱུང་བ་ལོགས་སུ་བཀོལ་བར་སྣང་ངོ་། །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་ནི་ཏཱ་ཐ་ག་ཏ་རཀྵི་ཏ་དང་། ལི་ལ་བཛྲ་གཉིས་ཀྱིས་འགྲེལ་པ་མཛད་ཅིང་། མ་ག་ཏའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོ་སོགས་ཀྱང་ཟླ་གྲགས་ཀྱི་གཞུང་དུ་བཞེད་དོ། །འདུས་པའི་མངོན་རྟོགས་རྒྱན་རྩ་བ་རང་འགྲེལ་དང་བཅས་པ་གཉིས་ཟླ་བ་གྲགས་པས་མཛད་ཟེར་བ་ལ་བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་གསུང་ངོ་། །འདི་གཉིས་རྩོམ་མཁན་སློབ་དཔོན་དེ་དང་མིང་མཐུན་པ་ཙམ་ཡིན་ན་ནི་རུང་ལ། སྒྲོན་གསལ་མཁན་པོ་ལ་གོར་རེ་ན་ནི་ཁ་གཡར་བ་འབའ་ཞིག་པར་སྣང་ངོ་། །ཞེས་གསལ་ལོ།།

དེ་ལྟར་རྒྱུད་ ༼ངི༽ པར་བཞུགས་པའི་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[3]། སློབ་དཔོན་ཟླ་བ་གྲགས་པས་མཛད་ཟེར་བ་འདི་ནི་ཐེ་ཚོམ་གྱི་གཞི་གཅིག་སྣང་ངོ༌། །ཞེས་གསལ་ནའང་། གཞུང་དངོས་ཀྱི་མཇུག་བྱང་ལས[4]། དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །ཞེས་བྱུང་། འོན་ཀྱང་འདི་ལ་འགྱུར་བྱང་མི་གསལ་ཡང་། གཞུང་དངོས་ཀྱི་མཇུག་བྱང་ཆ་ཚང་འདིར་བཀོད་ན[5]།

གང་ཞིག་མུན་པ་འདྲ་བའི་སྒྲོན་བྱེད་ལོག་རྟོག་དྲ་བ་གཅོད། །

ཉོན་མོངས་ཀུན་བྲལ་རྟག་ཏུ་དགེ་བའི་ཆོས་ཀྱིས་བརྒྱན། །

སེམས་ཅན་མ་ལུས་ཉོན་མོངས་ཉམ་ཐག་གནས་ནས་འདྲེན། །

དམ་པ་ཀླུ་ཞེས་དེ་ལ་རྟག་ཏུ་དང་བས་ཕྱག་འཚལ་ལོ། །

ཀུན་གྱིས་བསྟོད་ཅིང་ཉོན་མོངས་སྐྱེ་བའི་བདག་པོའི་རྐྱེན་མ་ཡིན། །

རྒྱལ་བ་ཡིས་ནི་ས་རབ་དགའ་བའི་བདག་ཅེས་ལུང་བསྟན་ཏེ། །

དམ་པའི་མཆོག་གྱུར་རྒྱལ་བ་གཉིས་པར་འཇིག་རྟེན་གྲགས། །

ཉོན་མོངས་སྐྱོན་བྲལ་ཀླུ་སྒྲུབ་མཆོག་ལ་ཕྱག་འཚལ་ལོ། །

ཟླ་གྲགས་ཉོན་མོངས་ལོག་རྟོག་ཐམས་ཅད་གཅོད་བྱེད་པ། །

སྨྲ་མཆོག་རལ་གྲི་ལྟ་བུའི་མངའ་བརྙེས་བདག་པོ་སྟེ། །

རྒྱལ་བས་ལུང་བསྟན་ཀུན་གྱི་སྣོད་གྱུར་དམ་པ་ལ། །

རབ་ཏུ་དང་བས་རྟག་ཏུ་ཕྱག་འཚལ་བདེ་ཕྱག་འཚལ། །

དབུ་མ་ཆེན་པོ་ནམ་མཁའ་དྲི་མེད་བཞིན་དུ་མངོན་གྱུར་ནས། །

ཐུགས་རྗེའི་ཉི་མའི་འོད་ཀྱིས་སེམས་ཅན་ཀུན་ལ་ཕན་བྱེད་ཅིང༌། །

ཡོན་ཏན་འོད་ཀྱིས་བདེ་ཐོབ་དབུགས་ཕྱུང་དྲི་མེད་དགའ་བའི་མཆོག །

དབུ་མའི་དོན་ལ་ཐོགས་མེད་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །

ཚེ་ཡི་དབང་ཐོབ་ཡུན་རིངས་དུས་ན་གནས་པའི་མཐུ་བརྙེས་ཤིང༌། །

སྙིང་རྗེའི་སྟོབས་ཀྱིས་དབང་པོ་མིག་སོགས་ཕོངས་པ་མེད་གཏོང་བ། །

ཉོན་མོངས་སྐྱོན་བྲལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །

སྤྱོད་པ་རླབས་ཆེན་དག་ལ་དང་བས་ཕྱག་འཚལ་ལོ། །

བྱང་ཆུབ་སེམས་ཀྱི་བདེ་བ་མཆོག་ལ་རབ་ཏུ་གནས་གྱུར་ཅིང༌། །

རྒྱལ་བ་དྲི་མེད་བལྟ་བས་མི་ངོམས་སྐུ་ལ་མངའ་མཛད་ནས། །

རྒྱལ་བ་དེ་དག་ཀུན་གྱིས་ལུང་བསྟན་མ་ལུས་ཐོབ་གྱུར་ནས། །

བདེ་ཆེན་སྲ་གནས་དངོས་གྲུབ་ཀུན་བདག་ཀླུ་ལ་ཕྱག་འཚལ་ལོ། །

བདག་གིས་རྟག་ཏུ་དམ་པའི་དོན་རྟོག་མེད་ཅིང་ཉོན་མོངས་ཀླུང་ཆེན་ན། །

འཁོར་བའི་རྒྱ་མཚོ་མ་བརྒལ་ཕྱིར་ནི་མ་རིག་འཐོམས་གྱུར་པས། །

ཤེས་རབ་ཞན་ཕྱིར་བརྩམ་པར་མི་རིགས་གྱུར་ཀྱང་བློ་དམན་ལ། །

ཕན་ཕྱིར་བརྩམས་ལ་ཉེས་གྱུར་འགལ་བ་ཅི་མཆིས་བཟོད་པར་གསོལ། །

བདག་གིས་འདི་ལ་དགེ་བའི་རྩ་བ་ཅི་ཐོབ་པ། །

དེས་ནི་འཇིག་རྟེན་ཁམས་འདིར་སེམས་ཅན་ཐམས་ཅད་ལ། །

དམ་པས་མཛད་པའི་བཀའ་འདི་རྟག་ཏུ་ཡུན་རིང་གནས་གྱུར་ཅིང༌། །

འདི་ལ་བརྟེན་ནས་ཀུན་གྱིས་བླ་མེད་འབྲས་བུ་ཐོབ་པར་ཤོག །

དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །ཞེས་དང་། པེ་ཅིན་དང་སྣར་ཐང་པར་མ་གཉིས་སུ་དཔལ་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་བཞུགས་སོ། །ཞེས་ཕལ་ཆེར་གཅིག་མཚུངས་ལྟ་བུ་བྱུང་། འོན་ཀྱང་ཐེ་ཚོམ་སྐྱེ་གཞི་གང་ཡིན་རྒྱུ་མཚན་དམིགས་བསལ་གསུངས་པ་མི་སྣང་ཡང་། མཇུག་བྱང་གི་ཚིགས་བཅད་དང་པོ་གཉིས་ཀྱིས་མགོན་པོ་ཀླུ་སྒྲུབ་ལ་བསྟོད་ཕྱག་མཛད་པ་དང་། ཚིགས་བཅད་གསུམ་པས་ཟླ་གྲགས་རང་ཉིད་ལ་བསྟོད་ཕྱག་མཛད་པ། ཚིགས་བཅད་བཞི་པས་འཕགས་པ་ཐོགས་མེད་ལ་བསྟོད་ཕྱག་མཛད་པས་ན། གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་འདི་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་གཞུང་ཡིན་ན་མཛད་པ་པོ་རང་ཉིད་ཀྱིས་རང་ཉིད་ལ་བསྟོད་ཕྱག་མཛད་མི་སྲིད་པའི་དབང་གིས་ཡིན་འདུག །ཡང་ན་རྒྱ་གཞུང་གཞན་དང་གཞན་དུ་སྒྱུར་བྱེད་ལོ་ཙཱ་བས་མཇུག་བྱང་གི་སྨོན་ཚིག་ལྟ་བུ་མཛད་སྲོལ་སྣང་བ་དེ་ལྟར་ཡིན་མི་སྲིད་པ་མིན་སྙམ་ཡང་ད་དུང་དཔྱད་དགོས་སོ།།

 

༢༽ རྡོ་རྗེ་སེམས་དཔའི་སྒྲུབ་ཐབས།

རྒྱུད། ༼ངི༽ པར་བཞུགས་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཞེས་པ་འདི་ཉིད་ནི། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་གསང་འདུས་བསྐྱེད་རིམ་གྱི་རྣམ་གཞག་སྟོན་པའི་རྒྱུད་འགྲེལ་ཞིག་སྟེ། མཁས་གྲུབ་རྗེའི་ (1385-1438) བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་ལས[6]། དཔལ་ལྡན་ཟླ་བ་གྲགས་པས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་མཛད་དེ། ཕྱི་མ་འདི་ལ་ཏ་ཐཱ་ག་ཏ་རཀྵི་དང་། ལ་ལི་བཛྲ་གཉིས་ཀྱིས་འགྲེལ་པ་མཛད་ཅིང་། མ་ག་ཏའི་པཎྜི་ཏ་ཐུབ་པ་དཔལ་བཟང་པོ་དང་། ཇོ་བོ་ཆེན་པོ་རྗེ་ལ་སོགས་པ་དག་ཀྱང་ཟླ་བའི་ཞབས་ཀྱིས་མཛད་པར་བྱེད་པས། དེ་ལྟར་དུ་གཟུང་བྱ་བར་བྱའི། ཕྱིས་ཀྱི་ཁ་ཅིག་འཕགས་པས་མཛད་པའི་སྒྲུབ་ཐབས་ཡོད་བཞིན་དུ། དེ་ལྷུག་པར་བཏང་ཙམ་ལས་གཞན་མེད་པའི་སྒྲུབ་ཐབས་འདི་འདྲ་ཟླ་བས་མཛད་པ་ག་ལ་འོང་ཞེས་སྨྲ་བ་ནི། མི་འཐད་དེ། མདོར་བྱས་ན་དངོས་སུ་མི་གསལ་བའི་ཕྱག་རྒྱ་འདུ་བྱ་བ་ལ་ཕྱིའི་ཕྱག་རྒྱ་མ་རྙེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་སྙིང་ཁ་ནས་ཕྱུང་ནས་བྱ་བ་ལྟ་བུའི་ཁྱད་པར་མང་པོ་ཞིག་དང་། མདོ་བསྲེ་ན་མེད་པའི་མདོ་དང་སྦྱོར་ཚུལ་ཡང་ཅི་རིགས་པ་བསྟན་རྒྱུ་ཡོད་པས། འཕགས་པའི་སྒྲུབ་ཐབས་ལས་བོགས་དབྱུང་རྒྱུ་མེད་པའི་རྟགས་མི་འགྲུབ་ལ། སྒྲུབ་ཐབས་སྤྱིའི་རྣམ་གཞག་འཕགས་པས་མཛད་པ་ལས་ལོགས་སུ་མི་འདུག་པའི་ཕྱིར་ཟེར་ན་ནི་ཁྱབ་པ་འགལ་བ་ཡིན་ཅིང་། གཞན་ཟླ་བས་མཛད་པ་མ་ཡིན་པའི་ཤེས་བྱེད་ཅུང་ཟད་ཀྱང་མེད་པས་སོ། །ཞེས་གསུངས་པ་ལྟར་རོ།།

 

༣༽ ཕུང་པོ་ལྔའི་རབ་ཏུ་བྱེད་པ་མཛད་པ་པོ།

༡) རྒྱ་གར་མཁས་པའི་བཞེད་ཚུལ།

དབུ་མ། ༼ཡ༽ པར་བཞུགས་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པ་འདི་ཉིད་དཔལ་ལྡན་ཟླ་བ་གྲགས་པས་མཛད་མིན་ལ་བཞེད་ཚུལ་མི་མཐུན་པ་ཡོད། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (C.600-650) མཛད་པའི་ཕུང་པོ་ལྔའི་རབ་ཏུ་བྱེད་པའི་གཞུང་དངོས་ཀྱི་མཇུག་བྱང་ལས[7]།

ཕུང་པོ་ལྔ་ཡི་ཡང་དག་དོན། །མདོར་བསྡུས་རབ་བཤད་བསྟན་བཅོས་འདི། །

འབད་པ་མེད་པའི་འཇིག་རྟེན་འདིའི། །དོན་དུ་ཟླ་བ་གྲགས་པས་བྱས། །

ཕུང་པོ་ལྔ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་རྫོགས་སོ། །དཔལ་ལྷ་བཙུན་པ་བོ་དྷི་རཱ་ཛའི་བཀའ་ལུང་དང་། དགེ་འདུན་གྱི་བཀའ་སྩལ་གྱིས་ཚངས་པའི་འབྱུང་གནས་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ཪ་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཕག་གི་ལོར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པའི་མཛད་བྱང་དང་འགྱུར་བྱང་གཉིས་སུ་བསྟན་བཅོས་འདི་མཛད་པ་པོ་སུས་མཛད་པ་དང་། རྒྱལ་པོ་གང་གི་བཀའ་ལུང་ཡིན་པ། གཙུག་ལག་ཁང་གང་དུ་བསྒྱུར་བ། ལོ་ཁམས་གང་ལ་བསྒྱུར་བ། ལོ་པཎ་གང་དག་གིས་བསྒྱུར་བ་བཅས་པཎ་གྲུབ་བཅུ་བདུན་གྱི་གསུང་བརྒྱ་ཕྲག་དྲུག་ལྷག་བཞུགས་པའི་ཁྲོད་ནས་འདི་ལྟའི་ཞིབ་གསལ་འཁོད་པ་འདི་ཙམ་ཡིན་པས། འདི་ལྟ་བུའི་ཞིབ་གསལ་འཁོད་པའི་གཞུང་འདི་ཉིད་འཕགས་བོད་ཀྱི་སྒྱུར་བྱེད་ལོ་པཎ་སྙན་གྲགས་ཅན་དེ་གཉིས་ཀྱིས་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ལ་ངོས་འཛིན་མཛད་པར་སྣང་ངོ་།།

དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ (C.500-570) མཛད་པར་གྲགས་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས་[8]ཀྱང་། འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པར་ཞལ་འཕངས་མཛད་དེ་ཕུང་པོ་ལྔའི་རབ་བྱེད་འདི་ཉིད་སློབ་དཔོན་ཟླ་བ་གྲགས་པའི་གསུང་ཡིན་པར་ཞལ་གྱིས་བཞེས་སོ།།

གཞན་ཡང་ཇོ་བོ་རྗེའི་ (982-1054) གསུང་དབུ་མའི་མན་ངག་གི་འབུམ་ལས[9]། ཟླ་བ་གྲགས་པ་ལས་བརྒྱུད་པའི་མན་ངག་ཀྱང་དབུ་མའི་མན་ངག་ཁོ་ན་ཡིན་ཏེ། དབུ་མ་ཕུང་པོ་ལྔ་པ་ནས་དེ་ཁོ་ན་བཞིན་དུ་གསུངས། ཞེས་དང་། ཡང་ཇོ་བོ་རྗེས་མཛད་པའི་ལམ་སྒྲོན་དཀའ་འགྲེལ་ལས་[10]ཀྱང་། སློབ་དཔོན་ཟླ་གྲགས་ཀྱིས། དབུ་མ་ལ་འཇུག་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་། དབུ་མ་ཕུང་པོ་ལྔ་པ་དང་། ཚིག་དོན་གསལ་བ་ལ་སོགས་པ་མཛད་དོ། །ཞེས་གསུངས་པ་ལྟར་ཟླ་གྲགས་རང་ཉིད་དང་། སློབ་དཔོན་ལེགས་ལྡན་འབྱེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་འཕགས་ཡུལ་གྱི་པཎ་གྲུབ་རྣམ་པ་གསུམ་དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་བཅས་ཀྱིས་དབུ་མ་ཕུང་པོ་ལྔ་པའི་རབ་འབྱེད་དེ་ཉིད་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཡིན་པར་གསུངས་སོ།།

 

༢) བོད་ཀྱི་མཁས་པའི་བཞེད་ཚུལ།

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་ (1898-1946) མཛད་པའི་དྲང་ངེས་འཇུག་ངོགས་ཀྱི་མཆོད་བརྗོད་ལས[11]།

ཁྱད་པར་མཐའ་བྲལ་གནས་ལུགས་འཁྲུལ་མེད་དུ། །འཚོལ་བའི་སྐལ་བ་བཟང་པོར་བཀའ་དྲིན་གྱི། །

ཅོད་པན་རིན་ཐང་མེད་པའི་ཁུར་སྦྱིན་པ། །ཟླ་གྲགས་སྲིད་པའི་གདུང་སེལ་གཙུག་ཏུ་བཀུར། །

ཞེས་བསྟོད་ཕྱག་མཛད་པ་ལྟར། སྲིད་པའི་གདུང་སེལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པར་གྲགས་པའི་དབུ་མ་ཕུང་པོ་ལྔ་པ་ཟླ་གྲགས་ཀྱི་གསུང་ཡིན་པར་འདོད་པའི་ལུགས་ནི། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[12]། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔའི་རབ་ཏུ་བྱེད་པ། ནག་ཚོའི་འགྱུར། ཞེས་སློབ་དཔོན་ཟླ་བ་གྲགས་པས་མཛད་པར་གསལ་བར་གསུངས་ལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་སྟག་ལོའི་གྲུབ་མཐའ་ཀུན་ཤེས་ལས[13]། བདག་ཉིད་ཆེན་པོ་དེའི་རྗེས་འབྲང་རིས་གཉིས་ལས་ལུགས་མཆོག་ཏུ་གྱུར་པ་དབུ་མ་ཆེན་པོ་ནི། བོད་ལ་བལྟོས་ཏེ། ཟླ་བས་ལེགས་བཀྲལ་ཉི་མས་བསྒྱུར་ཅེས་ངེས་པར་བརྗོད་དགོས་ཏེ། དཔལ་ལྡན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་ཏེ་བདེན་པར་ཞེན་པ་བཟློག་པར་མཛད་ཅེས། ལོག་པའི་ཀུན་རྫོབ་ཏུ་གྲགས་པས་ཀྱང་འཁྲུལ་ངོར་བྱ་བ་བྱེད་པར་མངོན་སུམ་དུ་བསྟན་པ་དེས། དབུ་མའི་མདོ་དང་། རིགས་པ་དྲུག་ཅུ་པ་གཉིས་དང་། བཞི་བརྒྱ་པ་རྣམས་ཀྱི་རྒྱ་ཆེ་འགྲེལ་དང་། རང་དབང་དུ་འཇུག་པ་རྩ་འགྲེལ་དང་། ཕུང་པོ་ལྔ་པ་སོགས་མཛད་ནས་ཤིན་ཏུ་རྒྱས་པར་མཛད་པའི་གཞུང་དེ་རྣམས། བསྟན་པ་སྔ་དར་ལ་རྒྱས་པར་མ་འགྱུར་ཞིང་། ཞི་འཚོ་ཡབ་སྲས་ཀྱི་དབུ་མའི་གཞུང་ལ་གཙོ་བོར་བྱེད། ཕྱི་དར་གྱི་སྟོད་ལ་ཇོ་བོ་རྗེས་ཀྱང་ཟླ་གྲགས་ཀྱི་ལུགས་ལ་ཤིན་ཏུ་དགྱེས་ཀྱང་རྒྱ་ཆེར་སྤེལ་མ་ནུས་པར། ལེགས་ལྡན་གྱི་རྟོག་གེ་འབར་བ་གསར་དུ་བསྒྱུར། ཞེས་གསུངས་སོ།།

དེ་བཞིན་རྒྱལ་ཚབ་གྲགས་པ་དོན་གྲུབ་ (1550-1617) ཀྱིས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་མར་གྱི་ཉིང་ཁུ་ལས[14]། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ཕུང་པོ་ལྔ་པ་ལ། འདུ་བྱེད་ཀྱི་ཕུང་པོ་ཤེས་རབ་ཀྱི་སྐབས་སུ་དང་པོ་གང་ཟག་གི་བདག་མེད་པ་དང་། དེ་ནས་ཤེས་བྱ་ཐམས་ཅད་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་སུ་ཁ་ཚོན་བཅད་ནས། གཅིག་དང་དུ་བྲལ་གྱི་རིགས་པས་རང་བཞིན་མེད་པར་གཏན་ལ་དབབ་པར་གསུངས། ཞེས་དང་། བཅོམ་ལྡན་རིག་རལ་གྱི་རྣམ་ཐར་ལས། སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་ཕུང་པོ་ལྔ་པ། ཞེས་བྱུང་། དེ་བཞིན་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་ལས[15]། དཔལ་ལྡན་ཟླ་བས་དབུ་མ་ཕུང་པོ་ལྔ་པ་ལས་ཀྱང་། མིག་གི་དབང་པོ་འདི་ནི་མིག་གི་རྟེན་གྱི་མིག་གི་འབྲས་བུའི་ནང་ན་དགུན་འབྲུའི་འབྲས་བུའི་ཚད་ཙམ་ཟར་མའི་མེ་ཏོག་ལྟ་བུ་ཞེས་སོགས་དང་། རྣ་བའི་དབང་པོའི་རྡུལ་ཕྲ་རབ་ནི་གྲོ་གའི་མདུད་པ་ལྟར་གནས་སོ། །ཞེས་གསུངས་པ་ལྟར་དཔལ་ས་སྐྱ་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུ་མ་ཕུང་པོ་ལྔ་པ་ཟླ་གྲགས་ཀྱི་གསུང་དུ་བཞེད་དོ།།

གཞན་ཡང་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ (1276-1451) གྱིས་མཛད་པའི་མངོན་པ་ལས[16]། ཡང་སློབ་དཔོན་ཟླ་བ་གྲགས་པ་ནི། སེམས་དང་སེམས་བྱུང་རྫས་ཐ་དད་དུ་བཞེད་དེ། ཇི་སྐད་དུ། དབུ་མ་ཕུང་པོ་ལྔ་པར། གཙོ་བོ་སེམས་ནི་སེམས་ལས་བྱུང་བ་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན། གང་སེམས་ཀྱི་བྱ་བའི་ངོ་བོ་ལོགས་ཤིག་ཏུ་རང་རྒྱུད་དུ་གྲུབ་པ། སེམས་པ་ཡིད་ཀྱི་ལས་དང༌། དད་པ་སེམས་ཀྱི་དང་བ་དང༌། རྟོག་པ་སེམས་རྩིང་བ་ཞེས་བྱ་བ་ལ་སོགས་པར་བརྗོད་པས། སེམས་ལས་བྱུང་བ་སེམས་ཀྱི་གནས་སྐབས་ནི་མ་ཡིན་ནོ། །ཞེས་གསུངས་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890) ཤེས་བྱ་ཀུན་ཁྱབ་ལས་[17]ཀྱང་། ཟླ་གྲགས་ཀྱིས་དབུ་མ་ཕུང་པོ་ལྔ་པར་རྣམ་པར་རིག་མིན་གྱི་གཟུགས་སུ་མཛད་ལ། འབྲི་གུང་པས་སྟག་ཚང་ལོ་ཙཱ་བ་རྣམས་ཀྱིས་ཀྱང་དེ་ལྟར་རྩལ་དུ་བཏོན་ནས་བཤད་དོ། །ཞེས་གསུངས་པ་ལྟར་བོད་ཀྱི་མཁས་པ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། སྟག་ཚང་ལོ་ཙཱ་བ། རྒྱལ་ཚབ་གྲགས་པ་དོན་གྲུབ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། བཅོམ་ལྡན་རིག་རལ། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འབྲི་གུང་པ་སོགས་ཀྱིས་ཀྱང་དབུ་མ་ཕུང་པོ་ལྔ་པ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ཡིན་པར་ཞལ་གྱིས་བཞེས་པར་མཛད་དོ།།

ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[18]། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ། དབུ་མའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་དང་དེའི་རང་འགྲེལ། དབུ་མ་ཤེས་རབ་ལ་འཇུག་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་པ་དྲུག་ཅུ་པའི་འགྲེལ་པ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ། དབུ་མ་ཕུང་པོ་ལྔ་པ་བཅས་འདི་རྣམས་མང་ཆེ་བ་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་། ནག་ཚོ་ལོ་ཙཱ་བ་དང་། པ་ཚབ་ལོ་ཙཱ་བ་སོགས་ཀྱིས་བསྒྱུར་བ་ཡིན། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་པོད། ༼འ༽ ༼ཡ༽ གཉིས་སུ་ཡོད། གསང་སྔགས་ཀྱི་སྐོར་ལ། གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ། གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་འདི་གཉིས་ཕྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྣར་ཐང་དཔར་མའི་སྔགས་ཕྱོགས་ཀྱི་པོད། ༼ཤ༽ པར་ཡོད། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་འདི་གཉིས་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་འགོར་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་སྔགས་ཕྱོགས་ཀྱི་པོད། ༼ཤ༽ པར་ཡོད། ཅེས་བྱུང་བ་ལྟར་རོ།།

 

༣) ཟླ་གྲགས་ཀྱི་གསུང་མིན་པར་བཞེད་མཁན།

དེ་ལྟར་ས་སྐྱ་དང་། བཀའ་བརྒྱུད། བོ་དོང་སོགས་བོད་ཀྱི་སྐྱེས་ཆེན་དམ་པ་དུ་མས་དབུ་མ་ཕུང་པོ་ལྔ་པ་དཔལ་ལྡན་ཟླ་གྲགས་ཀྱི་གསུང་ཡིན་པར་ཞལ་གྱིས་བཞེས་ཀྱང་། རི་བོ་དགེ་ལྡན་པའི་སྲོལ་གཏོད་རྗེ་བདག་ཉིད་ཆེན་པོས་དབུ་མ་ཕུང་པོ་ལྔ་པའི་རབ་འབྱེད་འདི་དཔལ་ལྡན་ཟླ་བས་མཛད་པ་མིན་པར་གསུངས། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་འགྲེལ་པ་བཞི་སྦྲགས་ལས[19]། གང་སྒྲར་གྲགས་པ་སེམས་ཀྱིས་ཟིན་པའི་འབྱུང་བ་ལས་བྱུང་བ་ངག་སྨྲ་བ་ལྟ་བུ་དང་། སེམས་ཀྱི་མ་ཟིན་པ་ལས་བྱུང་བ་ཆུའི་སྒྲ་སོགས་དང་། ཟིན་མ་ཟིན་གཉི་གའི་འབྱུང་བ་ཆེན་པོ་ལས་བྱུང་བ་ལག་པས་རྔ་ལ་བརྡབས་པའི་སྒྲ་ལྟ་བུ་ཇི་སྙེད་པ་དེ་ཐམས་ཅད་རྣ་བའི་དྲུང་ན་འཁོད་པ་བཞིན་མངོན་ཤེས་ཏེ་རྫུ་འཕྲུལ་གྱིས་ཐོས་པར་འགྱུར་རོ། །འོ་ན་དེ་སློབ་དཔོན་འདིས་མཛད་ཟེར་བའི་དབུ་མ་ཕུང་པོ་ལྔ་པར། ཟིན་མ་ཟིན་གཉིས་ཀ་ལས་བྱུང་བའི་སྒྲ་མེད་པར་བཤད་པ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་འདི་ལ་ཁ་གཡར་བྱས་པའི་གཞུང་མང་དུ་སྣང་བ་བཞིན། འདི་ཡང་དེ་རྣམས་དང་འདྲ་བ་ཡིན་པས་སྐྱོན་མེད་དོ། །ཞེས་དང་། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[20]། དཔལ་ལྡན་ཟླ་གྲགས་ཀྱིས་མཛད་ཟེར་བའི་ཕུང་པོ་ལྔའི་རབ་བྱེད་ལས་སྤང་བྱའི་གྲངས་གཉེན་པོས་སྤོང་ཚུལ་རྣམས་མཛོད་ཇི་ལྟ་བ་བཞིན་དུ་བྱུང་ངོ་། །སློབ་དཔོན་འདིས་སྤང་བྱའི་གྲངས་ལ་སོགས་པ་རྣམས་ཀུན་བཏུས་ཇི་ལྟ་བ་བཞིན། ཐེག་ཆེན་མཐོང་ལམ་གྱི་སྐབས་སུ་གསུངས་སོ། །ཞེས་དང་། ཡང་དེ་ཉིད་ལས[21]། ཕུང་པོ་ལྔའི་རབ་བྱེད་ཅེས་པ་དེར་ནི་ཆོས་གསུམ་ལ་ཕལ་ཆེར་བྱེ་སྨྲའི་འདོད་པ་བཀོད་པའི་བཤད་པ་བྱས་ཤིང་། དཔལ་ལྡན་ཟླ་གྲགས་ནི་དོན་སྨྲ་གཉིས་ཀྱི་རྣམ་གཞག་རྣམས་ཀུན་རྫོབ་ཀྱི་རྣམ་གཞག་རྣམས་ཀུན་རྫོབ་ཀྱི་རྣམ་གཞག་ཙམ་དུ་གྲུབ་པར་འདོད་པ་ལ་ཡང་དགག་པ་མཛད་པས་འདི་དེས་མཛད་པ་མིན་པ་ལ་མངོན་པ་འོག་མའི་རྒྱུས་ཡོད་གཅིག་གིས་ཁ་གཡར་དུ་སྣང་ངོ་། །ཞེས་གསུངས་པ་ལྟར་དབུ་མ་ཕུང་པོ་ལྔ་པ་འདི་ཉིད་དཔལ་ལྡན་ཟླ་བའི་གསུང་བཟང་མིན་པར་བཞེད། དེ་བཞིན་མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[22]། དབུ་མ་ཕུང་པོ་ལྔ་པ་ཟླ་གྲགས་ཀྱིས་མཛད་ཟེར་བ་ནི་ཁ་གཡར་རོ། །ཞེས་གསུངས་པ་ལྟར་རྗེ་བདག་ཉིད་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་རྣམ་གཉིས་ནས་དབུ་མ་ཕུང་པོ་ལྔ་པ་དཔལ་ལྡན་ཟླ་བ་གྲགས་པའི་གསུང་དངོས་མིན་པ་ཁ་གཡར་གྱི་རིགས་ཡིན་པར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སོགས། པོད། ༼༡༽ དབུ་མེད་བྲིས་མ། དཔེ་རིང་། ཤོག་ ༢༨༠བ༢

[2]  རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་ ༡༦༡

[3]  སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༡༣

[4]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༦༣༤

[5]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་  ༦༣༢

[6]  བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། དཔེ་རིང་། ཤོག་གྲངས་ ༡༤ མདུན་ ཕྲེང་ ༢ པ།

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༦༠༡

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥

[9]  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༥༨

[10]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་། ༦༤ པ། ཤོག་གྲངས་ ༡༧༤༥

[11]  དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༡༦

[12]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༣

[13]  སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༧༨

[14]  བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་མར་གྱི་ཉིང་ཁུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༣༡༧

[15]  མང་ཐོས་མངོན་པ། གསུང་པོད། ༼ཁ༽ དཔེ་གཟུགས། ཤོག་གྲངས་ ༨༠བ༡

[16]  བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ། པོད། ༼ཎ༽ དཔེ་གཟུགས། ཤོག་གྲངས་ ༡༠༤

[17]  ཤེས་བྱ་ཀུན་ཁྱབ་འགྲེལ་པ། པོད། ༼ཝཾ༽ གླེགས་བམ། གཉིས་པ། དཔེ་གཟུགས། ཤོག་གྲངས་ ཝཾ༢༠ན༦

[18]  དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༡༨༤

[19]  འགྲེལ་པ་བཞི་སྦྲགས། པོད། ༼ང༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༢༥༥

[20]  ལེགས་བཤད་གསེར་ཕྲེང་། ༼ཙཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༧༡

[21]  ལེགས་བཤད་གསེར་ཕྲེང་། ༼ཙཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༧༡

[22]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༦༥ ནས་ ༥༧༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *