༄༅། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས་མ་ཎི་བྷ་དྲའི་ལོ་རྒྱུས་བཞུགས་སོ།།
༄༅། །གུ་རུ་མ་ནི་བྷ་དྲའམ། རྣལ་འབྱོར་མ་བ་ཧུ་རི་ཞེས་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཨག་རྩེ་བྱ་བ་ན། ཁྱིམ་བདག་འབྱོར་པ་ཅན་ཞིག་ལ་བུ་མོ་ལོ་བཅུ་གསུམ་མ་གཅིག་ཡོད་པ་དེ་རང་གི་རིགས་དང་མཚམས་(འཚམ)པའི་བག་མར་བཏང་བས། སླར་ཕ་མའི་གམ་དུ་འོངས་ནས་དེ་ན་ཡོད་པ་ན། བླ་མ་ཀུཀྐུ་རི་པ་བྱོན་ནས་བུ་མོ་ལ་བཟའ་བ་བླངས་པས། བུ་མོ་ན་རེ། ཉིད་གཟུགས་བྱད་ཕུན་སུམ་ཚོགས་པ་འདི་འདྲ་བ་ཟས་བསོད་བསྙོམས་(སྙོམས)ཀྱིས་འཚོ་ཞིང༌།
གོས་ཚེམ་བུས་ཅི་བྱེད། རང་གི་རིགས་དང་མཚམས་(འཚམ)པའི་ཁྱིམ་ཐབ་གཅིག་ལེན་མོད་ཟེར་བས། དེའི་ཞལ་ནས།
བདག་ནི་འཁོར་བས་འཇིགས་ཤིང་སྐྲག་པ་ན། །ཐར་པ་བདེ་ཆེན་མཆོག་ནི་སྒྲུབ་པར་བྱེད། །
དེ་ཡང་རྟེན་བཟང་འདི་ལ་མ་སྒྲུབས་(བསྒྲུབས)ན། །ཕྱི་ནས་འདི་འདྲ་རྙེད་པར་ག་ལ་འགྱུར། །
དེས་ན་རྟེན་བཟང་ནོར་བུ་རིན་ཆེན་འདི། །ཁྱིམ་ཐབ་མི་གཙང་ནང་དུ་རྦས་(སྦགས)པ་ན། །
དགོས་འདོད་རེ་འཇོམས་སྡུག་བསྔལ་སྣ་ཚོགས་འབྱུང༌། །དེ་ལྟར་རྟོགས་ནས་བདག་གིས་ཁྱིམ་ཐབ་སྤངས། །
ཤེས་(ཞེས)གསུངས་པས་དེ་ལ་དད་ནས་བསོད་སྙོམས་དྲངས་ཏེ། དེ་ལ་ཐར་པ་ཐོབ་པའི་ཐབས་ཅིག་(ཤིག)ཞུ་ཟེར་བས། དེར་ངའི་ཁྱིམ་དུར་ཁྲོད་ཡིན་པས་དགོས་ན་དེར་ཤོག་གསུངས་པས། དེ་བྱ་བ་གང་ཡང་མ་དྲན་སྟེ་(ཏེ)དགོངས་ཁ་བྲོས་ནས་དེར་འོངས་པ་ལ། བླ་མས་བུ་མོ་དེའི་རྒྱུད་སྨིན་པར་མཐོང་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་གནང་བས། ཞག་བདུན་དུ་དགོན་པ་དེ་ཉིད་དུ་སྒྲུབ་པ་བྱས། དེ་ནས་ཕ་མ་ཅན་དུ་ཕྱིན་པས་དེ་དག་བརྡེག་པ་དང༌ངན་སྨྲས་ལ་སོགས་པ་བྱེད་པས། བུ་མོས་ཁམས་གསུམ་པོ་དག་ན་ཕ་མར་མ་གྱུར་པ་ནི་མེད་ལ། རིགས་དང་རུས་ཆེ་བས་ཀྱང་འཁོར་བའི་གདེངས་ལ་བཟློག་པ་མེད་པས་ན། བདག་ནི་བླ་མ་རྟེན་(བསྟེན)ནས་ཐར་པ་སྒྲུབ་པར་བྱེད་པས་རྒྱོབ་ཅིག །ངས་ལམ་དུ་ཁྱེར་རོ་ཟེར་བས། དེ་རྣམས་བག་ཅིག་དད་ནས་ཅང་མི་ཟེར་བ་ན། དེས་ཀྱང་བླ་མའི་གདམས་པ་སྒོམ་ཞིང༌ལས་དང་བྱ་བ་ཐམས་ཅད་བློས་བཏང་ནས་ལོ་གཅིག་ཏུ་སྡད་(བསྡད)པ་ན། སྔར་གྱི་ཁྱོ་འོངས་ནས་ཁྱེར་བས། དེའི་ཁྱིམ་དུ་ཕྱིན་པ་དང༌། འཇིག་རྟེན་གྱི་ལས་དང་བྱ་བ་ཇི་ལྟར་བྱེད་ཅིང་ཁ་དང་ལུས་ཀྱང་ཐུབ་ལ་ངག་སྙན་པ་ལ་སོགས་པ་ཟེར་ཅིང་(ཞིང)ཡོད་པ་ན། བུ་ཚ་ཡང་རིམ་པར་བུ་དང་བུ་མོ་གཉིས་སྐྱེས་པ། དེ་ཡང་དེ་ཁོ་ན་འདྲ་བ་ཡོད་པས་རིགས་ཀྱི་བུ་ཚ་འདི་འདྲ་བ་ཟེར་ནས་སྨོན་པར་བྱེད་པའི་ཚེ་བླ་མ་དང་ཕྲད་ནས་ལོ་བཅུ་གཉིས་ལོན་པ་ན། ཆུ་འཆུར་ཕྱིན་ནས་ཁྱིམ་དུ་འོངས་པས་ཤིང་ཞིག་ལ་རྐང་པ་འཐོགས་ནས་རྫ་མ་ཆག་པས་དེ་ཀར་འདུག་སྟེ་ཁྱིམ་དུ་ཉི་མ་ཕྱེད་ཀྱི་བར་དུ་མ་འོངས་པས། ལྟར་ཕྱིན་པ་ན་རྫ་མ་ཆག་པོ་ལ་ལྟས་(བལྟས)ནས་འདུག་པས། དེ་ལ་གཏམ་ཅི་སྨྲས་ཀྱང་མི་ཉན་པ་ལྟ་བ་ན། ཐམས་ཅད་འདྲེས་གཟུང་ངམ་ཅི་ཟེར་ཅིང་(ཞིང)ཉི་མ་རྒས་ལ་ཁད་པ་ན།
ཐོག་མ་མེད་པའི་སེམས་ཅན་རྣམས། །ལུས་ཀྱི་རྫ་མ་ཆག་པ་ལ། །
ཁྱིམ་དུ་ལོག་པ་ག་ལ་ཡོད། །བདག་གི་རྫ་མ་དེ་རིང་ཆག །
ད་ནི་འཁོར་བའི་ཁྱིམ་དུ་ནི། །མི་ལྡོག་བདེ་བ་ཆེན་པོར་འགྲོ། །
ཨེ་མ་བླ་མ་ངོ་མཚར་ཆེ། །བདེ་བ་ཐོབ་འདོད་དེ་ལ་བསྟེན། །
ཞེས་གསུངས་ནས་ནམ་མཁའ་ལ་འཕགས་ཏེ་ཞག་ཉི་ཤུ་རྩ་གཅིག་ན་ཨག་རྩེར་བ་ལ་གདམས་པ་གསུངས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མ་ཎི་བྷ་དྲ་པའི་ལོ་རྒྱུས་རྫོགས་སོ།།[1] །།
[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས། རྒྱ་གར་ཙམ་པ་རྞའི་བླ་མ་ཆེན་པོ་མི་འཇིགས་པ་སྦྱིན་པ་དཔལ་གྱིས་ཞལ་ནས་གསུངས་པ་ལྟར་དགེ་སློང་སྨོན་འགྲུབ་ཤེས་རབ་ཀྱིས་ལེགས་པར་འགྱུར། བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེབ་ཨང་ ༩༤ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༢༧ ནས་ ༥༢༩ བར་བཞུགས་པ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།