ད༽ སྒྲ་སྒྱུར་བྱ་བའི་གདེང་འཇོག་གི་ཚད་གཞི།
དེ་ཡང་མི་སོ་སོའི་བློ་ཁམས་དང་ཡོན་ཚད། དམིགས་ཡུལ། དུས་རབས། ཁོར་ཡུག་སོགས་མི་འདྲ་བའི་དབང་གི་ལོ་ཙཱའི་བྱ་བར་གདེང་འཇོག་གི་ཚད་གཞི་ཡང་རྣམ་པ་སྣ་ཚོགས་ཤིག་འཇོག་སྲིད་མོད། རིག་པའི་གནས་གང་དང་གང་ཞིག་ཡིན་རུང་དེའི་འགྱུར་སྤུས་བཟང་ངན་གྱི་ཁྱད་པར་གཙོ་བོ་མ་ཡིག་ལ་བསྟུན་ཡོད་མེད་དང་། འགྱུར་མར་བརྗོད་བདེ་མིན་གྱི་ཕྱོགས་གཉིས་ལ་བལྟོས་དགོས་ཏེ། མ་ཡིག་ལ་བསྟུན་ན་ལོ་ཙཱའི་མཚན་ཉིད་མ་ཚང་བ་དང་། འགྱུར་མར་བརྗོད་བདེ་མེད་ན་ལོ་ཙཱའི་དགེ་མཚན་མ་ཐོན་པ་ཡིན་ནོ།།
༡༽ མ་ཡིག་ལ་ཇི་བཞིན་བསྟུན་དགོས་པ་ཡང་། སྒྲ་སྦྱོར་བམ་གཉིས་ལས[1]། དམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་ཡང་མི་འགལ་ལ་ཞེས་བསྟན་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་བསྒྱུར་བ་ལ་ཐེག་པ་ཆེ་ཆུང་ལས་ཇི་ལྟར་འབྱུང་བ་དང་། སློབ་དཔོན་དབྱིག་གཉེན་དང་ཀླུ་སྒྲུབ་ལ་སོགས་པས་ཇི་སྐད་གསུངས་པ་དང་། ཁྱད་པར་བསྒྱུར་བྱའི་གཞུང་ལས་ཇི་ལྟར་འབྱུང་བ་ལེགས་པར་བསྟུན་ཏེ། དེའི་དོན་ཇི་ལྟ་བ་བཞིན་འགྱུར་མའི་སྟེང་མཚོན་དགོས་པ་ཡིན་ནོ།།
མ་ཡིག་ལ་ཇི་བཞིན་བསྟུན་དགོས་པར་ཚིག་ལ་བསྟུན་པ་དང་། དོན་ལ་བསྟུན་པ་རིགས་གཉིས་ཡོད་པ་ལས། སྔོན་དུས་ཀྱི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས་ཚིག་འཇམ་ལ་དོན་གསལ་ཞིང་། ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་རྙིང་མའི་མཁས་པ་འགའ་ཞིག་གིས་གསུང་ལས་བྱུང་བ་ལྟར། དོན་ལ་བསྟུན་པ་གཙོ་ཆེ་བར་མ་ཟད། ཐད་སྒྱུར་དང་དོན་སྒྱུར་གྱི་ཁྱད་པར་ཡང་ཕྱེ་ཡོད་པར་མངོན་ནོ།།
མ་ཡིག་ལ་ཇི་བཞིན་བསྟུན་པར་ཐོག་མར་མ་ཡིག་གི་བརྗོད་དོན་ཇི་བཞིན་རྟོགས་དགོས། མ་རྟོགས་ལོག་རྟོག་གི་དབང་དུ་སོང་བའི་འགྱུར་སྐྱོན་ལ་ཆོས་རྗེ་ས་པཎ་སོགས་ཀྱིས་ཆེད་དུ་བསྟན་པའི་མུན་སྤྲུལ་དུ་བསྟན་པ་དང་། ཁམས་མ་ཤེས་པར་བསྒྱུར་བའི་སྐྱོན། སྔོན་བྱུང་གཏམ་རྒྱུད་མ་གོ་བར་བསྒྱུར་བའི་སྐྱོན། དེ་བཞིན་གཅོད་མཚམས་ཉམས་པ་དང་། ས་མཚམས་འཆུགས་པ་སོགས་བགྲང་ལས་འདས་ཤིང་། དེ་དག་གི་སྐྱོན་སེལ་ལ་མ་ཡིག་གི་བརྡ་སྤྲོད་དང་། ཚིག་རྒྱན་སྦྱོར་སྟངས། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བསྟན་དོན། བརྡ་གོམས་སྲོལ་གྱི་སྦྱོར་ལུགས། མི་རིགས་ཀྱི་ལོ་རྒྱུས་སོགས་འབྲེལ་ཡོད་ཆ་ལག་ཐམས་ཅད་ལ་དཔྱིས་ཕྱིན་པར་སྦྱང་དགོས་པ་ཡིན་ནོ།།
༢༽ འགྱུར་མ་ཁ་གསལ་ཞིང་བརྗོད་བདེ་དགོས། ཕྱི་སྐད་མི་ཤེས་པའི་ཀློག་པ་པོར་སྟབས་བདེ་བསྐྲུན་རྒྱུ་ནི་ལོ་ཙཱ་བའི་དམིགས་ཡུལ་ཡིན་པ་དང་། འགྱུར་མ་དེ་ཕྱི་སྐད་མི་ཤེས་པའི་ཀློག་པ་པོས་བཀླགས་ཀྱང་གོ་དཀའ་བ་ཡིན་ན། ལོ་ཙཱ་ལའི་འོས་འགན་འགྲུབ་ཡོད་པར་བརྗོད་དཀའ་བས། འགྱུར་མར་ཁ་གསལ་ཞིང་གོ་བདེ་བར་བྱ་རྒྱུ་ནི་ལོ་ཙཱ་བ་ཡོངས་ཀྱི་འོས་འགན་དང་། སྒྲ་སྦྱོར་བམ་གཉིས་ལས་ཀྱང་བོད་ལ་ཡང་གར་བདེ་བར་གྱིས་ཤིག་ཅེས་ནན་གྱིས་བསྟན་ཡོད་པ་ཡིན་ནོ།།
སྤྱིར་འགྱུར་མ་གོ་བདེ་མིན་དེ་ལོ་ཙཱ་བས་ཐད་སྒྱུར་དང་དོན་སྒྱུར་གྱི་ཐབས་གང་སྤྱད་པ་གཙོ་ཆེ་བར་ཐུག་སྟེ། དོན་སྒྱུར་གཙོ་ཆེ་ན་གོ་བདེ་ཞིང་། ཐད་སྒྱུར་བྱས་དྲགས་ན་གོ་དཀའ་བ་གོང་དུ་བརྗོད་ཟིན་ལྟར། དགེ་འདུན་ཆོས་འཕེལ་སོགས་གནའ་ནས་ད་ལྟའི་བར་གྱི་ལོ་པཎ་ཕལ་ཆེ་བའི་དགོངས་བཞེད་ལགས་པས། འགྱུར་མ་གོ་བདེར་ཡོང་བ་ལ་ཚིག་མཛོད་ཁོ་ན་ཙམ་ལ་མི་བརྟེན་པར། མིང་དང་ཚིག་གི་རིག་གནས་ཀྱི་བསྟན་དོན་བཞིན་བསྒྱུར་དགོས་པ་དང་། ཚིག་ལ་མི་བསྟུན་པར་དོན་གྱི་ཚན་པ་བཞིན་བསྒྱུར་དགོས་པ་དང་། གཞན་བསྒྱུར་བྱ་དང་མཚུངས་པར་སྒྱུར་བྱེད་ཀྱི་སྐད་ཆའི་སྦྱོར་ལུགས་དང་ཚིག་རྒྱན་སྡེབ་སྟངས། གབ་ཚིག་དང་གཏམ་དཔེ། ཡུལ་སྲོལ་གོམས་གཤིས་སོགས་ལ་འདྲེས་ཤིང་བསྟུན་ནས། ལྟ་བདེ་ཞིང་ཤེས་བསྐྱེད་སླ་བ། ཀུན་ལ་གྲགས་ཤིང་ཡིད་འཁེལ་བ་ཞིག་ཏུ་བསྒྱུར་དགོས་སོ།།
འདིར་ལ་ལས་བྱཱ་ཀ་ར་ཎའི་ལུགས་དང་མཐུན་དགོས་པའང་ཚད་གཞི་ཞིག་ཏུ་བརྩིས་ཤིང་། དེ་ཡང་ངེས་པར་ཐུགས་ཉམས་འཇོག་དགོས་པ་ཡིན་ཏེ། ཡུལ་སྐད་ཀྱི་དབང་དུ་སོང་བའི་འགྱུར་དེ་ཀུན་ལ་གྲགས་ཤིང་ཁྱབ་བརྡལ་དུ་འགྲོ་བ་དང་། མི་རབས་ནས་མི་རབས་ལ་བརྒྱུད་ཐུབ་པའི་གོ་སྐབས་ཤིན་ཏུ་ཕྲ་བས་སྤྱི་ཚོགས་ལ་ཕན་པའི་རིན་ཐང་ཅི་ཡང་མ་མཆིས་པར་སེམས་མོད། གོང་གི་ཁ་གསལ་ཞིང་བརྗོད་བདེ་བ་ཚད་གཞིར་མ་འདུས་པ་མེད་པས་ལོགས་སུ་དབྱེ་བའི་ངལ་བ་མི་དགོས་སོ།།
རིག་གནས་ཀྱི་གཏེར་མཛོད་དུ་གྱུར་པའི་རྒྱའི་ཡུལ་དུ་ལོ་ཙཱའི་བྱ་བ་དར་ནས་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། དེའི་རིང་ལ་བྱུང་བའི་ལོ་ཙཱ་བ་རྣམས་ཀྱིས་རང་རང་གི་ཐུན་མོང་མ་ཡིན་པའི་ཉམས་མྱོང་ལྟར་གདེང་འཇོག་གི་ཚད་གཞི་སྣ་ཚོགས་བཟོས་ཀྱང་། དུས་རབས་དགུ་བཅུ་པའི་དུས་མཇུག་ཕྱི་ལོ་ ༡༨༩༨ ལོར་ལོ་ཙཱ་བ་ཆེན་མོ་ཡན་ཧྥུ་ལགས་ཀྱིས་ཞིན་ཏ་ཡཱ་སྟེ། མ་ཡིག་ལ་བསྟུན་པ་དང་། འགྱུར་མར་བརྗོད་བདེ་བ། མ་ཡིག་གི་ཉམས་སམ་ཁྱད་ཆོས་མ་ཉམས་པ་བཅས་གདེང་འཇོག་གི་ཚད་གཞི་གསུམ་གསར་གཏོད་བྱས་རྗེས་གཞི་ནས་ཐུན་མོང་གིས་ཁས་ལེན་པའི་ཚད་གཞི་ཞིག་གཏན་ལ་ཕབ་ཐུབ་པ་བྱུང་ཡོད་དོ།། །།
དཔྱད་གཞིའི་ཡིག་ཆ།
[1] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༩ ནས་ ༤༢༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།