༡༣༽ སློབ་དཔོན་ངང་ཚུལ་བཟང་པོ།
དེ་ཡང་ཤཱི་ལ་བྷ་དྲ་སྟེ་ (Silabhadra) སློབ་དཔོན་ངང་ཚུལ་བཟང་པོ་ནི། ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཡོངས་གྲགས་ཐན་སན་ལམ་ཡིག་ལས[1]། ནུབ་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ཙམ་ན་རི་ཆིག་སྐྱ་ཅིག་འདུག་པར་གཙུག་ལག་ཁང་ཞིག་ཡོད་པ་ནི།
སློབ་དཔོན་ཤཱི་ལ་བྷ་དྲ་སྟེ་ངང་ཚུལ་བཟང་པོས་བཞེངས་པ་སྟེ། སློབ་དཔོན་དེ་ནི་ས་མ་ས་ཐའི་ཡུལ་གྱི་རྒྱལ་པོའི་རིགས་རུས་གཅིག་པའི་ཉེ་དུ་བྲམ་ཟེ་ས་ལ་ཆེན་པོ་ལྟ་བུའི་རིགས་སུ་འཁྲུངས་ཏེ། གཞོན་ནུ་ནས་སློབ་གཉེར་ལ་མོས། ཕས་རྒྱལ་ཁམས་རིས་སུ་མ་ཆད་པར་ཉལ་ཏེ་མཁས་པ་ཆེན་པོ་འཚོལ་གྱིན་ན་ལནྡཱའི་དགོན་པར་སླེབས་པ་ན། སློབ་དཔོན་མཁས་པ་ཆེན་པོ་ཤྲཱི་དྷརྨ་རཀྵི་ཏ་སྟེ་དཔལ་ལྡན་ཆོས་སྐྱོང་དང་མཇལ་ནས། དེ་ཉིད་ཀྱིས་བཏུལ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །ངང་ཚུལ་བཟང་པོའམ་ཚུལ་ཁྲིམས་བཟང་པོ་ཞེས་བྱ་བའི་སློབ་དཔོན་དེས་ཕྱི་རོལ་པ་གྲགས་ཅན་མང་པོ་བཏུལ། སྙན་པའི་གྲགས་པ་འཛམ་བུ་གླིང་ཀུན་ཏུ་ཁྱབ་པར་གྱུར་པ་ན། རྒྱལ་པོས་གཟེངས་བསྟོད་ཀྱི་གཏང་རག་ཏུ་གྲོང་ཁྱེར་ལྷ་འབངས་སུ་ཕུལ་བར། སློབ་དཔོན་གྱིས་དང་དུ་མ་བཞེས་སོ།།
གོས་ངུར་སྨྲིག་བྱོན་པ་དག་ནི་ཆོག་ཤེས་དགོས་པས། བདག་ནི་རྒྱལ་པོའི་བཀའ་དྲིན་པ་རྟེན་ལྟོ་གོས་ལྷག་པ་ཆ་དུ་མས་འབྱོར་མོད། མི་ཁྱིམ་ཁྲལ་འུ་ལག་གི་ལྷ་འབངས་སྐྱོང་བ་གཡེང་བའི་རྒྱུ་ཡིན་པས་དགོས་པ་མེད་གསུངས་པས། རྒྱལ་པོས་ཡང་བསྐྱར་གྱིས་ཞུས་པས། སྟོན་པ་སྒྲོན་མེ་ནུབ་ནས་ཡུན་རིང་སོང་བས་འཇིག་རྟེན་ན་འདྲ་མིན་སྨྲ་བ་བྱུང་སྟེ། སེམས་ཅན་རྣམས་ལམ་གོལ་ལམ་སྟོར་གྱིས་འཇིག་རྟེན་མོག་མོག་པོར་གྱུར་པའི་དུས་འདིར། སློབ་དཔོན་ཆེན་པོས་རྒྱལ་བ་ཀུན་གྱིས་མཐུན་པ་ལུང་བསྟན་པས་སྟོན་པ་གཉིས་པར་ཕེབས་པས། ལོག་སྨྲ་མཐའ་དག་རྨེག་མེད་དུ་ཚར་བཅད་དེ་ཡང་དག་པའི་ལམ་གསལ་བར་མཛད་པའི་བཀའ་དྲིན་བསབས་པ་དང་། ཕྱིས་ཀྱི་སློབ་གཉེར་བ་དག་བསྐུལ་ཞིང་གཟེངས་བསྟོད་པའི་ཕྱིར་དང་དུ་བཞེས་པ་ཅི་གནང་ཞེས་ནན་གྱིས་ཞུས་ཀྱང་། དགེ་སྦྱོང་གི་ཚུལ་མིན་བཞེས་མ་བཞེས་པར་གཙུག་ལག་ཁང་གསར་པ་ཞིག་བཞེངས་ནས་བཞུགས་སོ། །གཙུག་ལག་ཁང་དེའི་རྟེན་དང་བརྟེན་པ་རྣམས་ནི། རྒྱ་གཞུང་དག་ནས་བཤད་པ་དང་མཐུན་པ་ཁོ་ནའོ། །ཞེས་གསུངས་སོ།།
དེ་བཞིན་འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལས[2]། སྙན་གྲགས་ཅན་གྱི་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ཏུ་ལོ་ཆེན་ཧྱན་ཙང་ཕྱི་ལོ་ ༦༣༣ ལོར་གཙུག་ལག་སློབ་གྲྭ་ཆེན་པོ་ནཱ་ལན་དཱ་ལ་ཕེབས་ནས་སློབ་དཔོན་ངང་ཚུལ་བཟང་པོ་ཞུ་བ་དགུང་ལོ་བརྒྱ་དང་དྲུག་ཅུར་ཕེབས་པ་ཞིག་དང་མཇལ་ཞིང་། སློབ་དཔོན་ཆོས་སྐྱོང་ (530-561) [3]དགུང་གྲངས་ཉི་ཤུ་རྩ་དགུར་ཕེབས་སྐབས་སློབ་དཔོན་ངང་ཚུལ་བཟང་པོ་[4]རྒྱལ་ཚབ་ཏུ་དབང་བསྐུར་ཏེ་སྒྲུབ་པར་གཤེགས་ཤིང་། སྐབས་དེར་ངང་ཚུལ་བཟང་པོ་དགུང་ལོ་སུམ་ཅུར་ཕེབས་པ་དང་། དེ་ནས་སློབ་དཔོན་ཆོས་སྐྱོང་དགུང་ལོ་སོ་གཉིས་པར་ཞི་བར་གཤེགས་པར་གསལ་[5]བས། སློབ་དཔོན་ངང་ཚུལ་བཟང་པོས་དཔལ་ལྡན་ཆོས་སྐྱོང་གི་རྗེས་སུ་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་པར་གསལ་ལོ།།
རྒྱ་གར་སྲིད་འཛིན་ (Dr. Rajendra Prasad) མཆོག་གི་གསུང་བཤད་ལས་[6]ཀྱང་། ནཱ་ལེནྡྲའི་ནང་གི་དགེ་འདུན་ཚང་མ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ཉམས་སུ་བླངས་ཏེ་ཁྱད་པར་འདིའི་ནང་གི་སློབ་གཉེར་བ་མཐའ་དག་རིག་པའི་གནས་ལྔ་ལའང་སྦྱངས་པ་བསྟེན་དགོས་ཤིང་། དེ་སྐབས་ཨ་ཙརྱ་ཤཱི་ལ་བྷ་དྲ་ཞེས་པ་འདིའི་ནང་གི་མཁན་པོའི་གཙོ་བོ་ཞིག་རེད། རྒྱ་ནག་གི་ཡུ་ཝན་ཅངྒ་ནས་ཀྱང་བཤེས་གཉེན་ཁོང་ལ་བསྟེན་ཅིང་རིག་པའི་གནས་ལྔ་དཔྱིས་ཕྱིན་པ་བྱུང་བ་རེད། ཨ་ཙརྱ་ཤཱི་ལ་བྷ་དྲའི་སྔོན་དུ་འདི་གའི་གཙོ་བོ་དྷརྨ་པཱ་ལ་ཞེས་པ་རེད། ཅེས་གོང་གསལ་ཡིག་ཆ་ཁག་རྩེ་མཐུན་ལྟ་བུ་བྱུང་།
བོད་རྒྱལ་སྲོང་བཙན་སྒམ་པོ་དང་དུས་མཉམ་པའི་རྒྱལ་པོ་ཧར་ཤའི་སྐུ་དུས་རྒྱའི་བཙུན་པ་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་དུལ་བ་བཟང་པོ་ནཱལཱནྡཱའི་མཁན་པོ་ཡིན་ཚུལ་ཡིག་ཆ་ལ་ལར་གསལ་བས་སློབ་དཔོན་དུལ་བ་བཟང་པོ་དང་། ངང་ཚུལ་བཟང་པོ། ཚུལ་ཁྲིམས་བཟང་པོ་རྣམས་གཅིག་མིན་ནམ་སྙམ་པས་དཔྱད་དགོས་པར་སྣང་ཞིང་། སློབ་དཔོན་ངང་ཚུལ་བཟང་པོའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར། མདོ་སྡེ་ཆི་པ་ལ། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ། སློབ་དཔོན་ངང་ཚུལ་བཟང་པོས་མཛད་པ་རྣམས་བཞུགས་སོ། །ཞེས་པ་འདི་ཉིད་ལས་གཞན་མེད་ལ། ཨ་བྷྱ་ཡ་ཀ་ར་གུཔྟས་མཛད་པའི་ཐུབ་པའི་དགོངས་པའི་རྒྱན་ལས[7]། (སྣར་ཐང་བསྟན་འགྱུར་ནང་། མཆན་ཨང་ ༡༥༥༨ པ།) སློབ་དཔོན་ངང་ཚུལ་བཟང་པོ་ཆོས་དབྱིངས་ལ་དམིགས་པས་ཐོས་པ་མ་ལུས་པ་འཛིན་པ་དང་། སེམས་ཅན་ཀུན་ལ་བདག་གཞན་མཉམ་པ་ཉིད་བརྙེས་པ་དང་། དམ་པའི་ཆོས་སྟོན་པའི་ཐབས་དང་། གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་པས། ཞེས་པ་འདི་ཙམ་ལས་འཕགས་བོད་ཀྱི་ཡིག་ཆར་སློབ་དཔོན་འདིའི་རྣམ་ཐར་དང་། ལེགས་བཤད་བསྟན་བཅོས་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པས་ཞིབ་ཕྲ་འགོད་ཐབས་མ་གྱུར་ཏོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༩༤
[2] འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༩༧
[3] Hakuju Ui: Indotetsugakunkenkyu (Studies in Indian Philosophy), Tokyo, Koshisha, Vol. V, pp. 130-132.
[4] རྒྱ་གར་ཆོས་འབྱུང་ལས། ཤཱཀྱ་བློ་གྲོས་དང༌། ངང་ཚུལ་བཟང་པོ་དང༌། རྒྱལ་སྲས་གྲགས་པའི་བཤེས་གཉེན་དང༌། པཎྜི་ཏ་སའི་རྩ་ལག་རྣམས་བྱུང་ཞིང༌། ཁ་ཆེའི་ཡུལ་དུ་ཧྲ་ཧརྴ་དེ་ཝ་ཞེས་པ་རྒྱལ་སྲིད་བྱེད་དོ། །ཞེས་སློབ་དཔོན་ངང་ཚུལ་བཟང་པོ་རྒྱལ་པོ་གཽ་པཱ་ལའི་སྐུ་དུས་སུ་བྱོན་པར་གསུངས་སོ།།
[5] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༩༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༠༦
[6] ལྕགས་ཡོས་ཧོར་ཟླ་ ༡༠ ཚེས་ ༣ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༡༢ ཚེས་ ༡ འདས་ལོ་ ༡༩༥༡ ཤོག་ངོས་ ༣ དང་། ལྕགས་ཡོས་ཧོར་ཟླ་ ༡༢ ཚེས་ ༦ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༢ ཚེས་ ༡ འདས་ལོ་ ༡༩༥༢ ཤོག་ངོས་ ༢
[7] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཨ༽ དེབ་ཨང་ ༦༣ པ། ༢༠༠༨ ལོ། ཤོག་གྲངས་ ༡༨༠༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༥༩ ནས་ ༡༦༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།