༡༽ ཡོན་ཏན་འོད་འཁྲུངས་ཡུལ་བཅོམ་བརླག་ངོ་སྤྲོད།

༡༽ ཡོན་ཏན་འོད་འཁྲུངས་ཡུལ་བཅོམ་བརླག་ངོ་སྤྲོད།

 

དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) ཁམས་གསུམ་ཟངས་ཁང་གླིང་ནས་གཏེར་ནས་བཞེས་པའི་བློན་པོ་བཀའི་ཐང་ཡིག་ལས[1]།

རྒྱ་གར་ཡུལ་གྱི་མིང་ནི་བཅོམ་བརླག་ཏུ། །

མི་ཡི་མིང་ནི་སྤོས་འཚོང་བསྲུང་ཞེས་བྱ། །

ཞེས་གསལ་བ་ལྟར་སློབ་དཔོན་ཡོན་ཏན་འོད་སྐུ་འཁྲུངས་པའི་ཡུལ་ནི། ལེགས་སྦྱར་སྐད་དུ་མ་ཐུ་ར་སྟེ་བཅོམ་བརླག་ཅེས་སུ་གྲགས་པ་འདི་ཉིད་ཡིན་པ་ནི།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། མ་ཐུ་ར། བཅོམ་བརླག་གི་ཡུལ་ཏེ། རྒྱ་གར་ཆོས་འབྱུང་ལས་ཡུལ་དབུས་དང་ཉེ་བའི་ནུབ་བྱང་གི་མཚམས་གྲོང་ཁྱེར་བཅོམ་བརླག་ཅེས་གསུངས། ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས་ (1729/1730-1798) མཛད་པའི་རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག་ལས[3]། ཆེན་པོ་བཞིའི་ཡ་གྱལ་སློབ་དཔོན་ཡོན་ཏན་འོད་ནི། རྒྱལ་པོ་ཟབ་མོའི་ཕྱོགས་མི་རྟག་པར་གྱུར་ནས། ནུབ་ཕྱོགས་མ་རུའི་ཡུལ་དུ་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་དབང་ཤིན་ཏུ་བཙན་པ་ཞིག་བྱུང་ནས། ནུབ་ཕྱོགས་ཀྱི་རྒྱལ་ཁམས་ལ་ལུང་བཏང་། དེའི་ཚེ་ན་སློབ་དཔོན་ཡོན་ཏན་འོད་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་ཀྱི་མྱུ་གུ་ལས་ལང་ཚོའི་མེ་ཏོག་གསལ་ལོ། །ཞེས་གསུངས་པ་ལྟར་གྲོང་ཁྱེར་བཅོམ་བརླག་སྟེ་རྒྱ་གར་སྐད་དུ་མ་ཐུ་ར་ (Mathura) ཞེས་ད་ལྟའང་བརྗོད་མུས་ཡིན།

སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལའང་། སློབ་ཡོན་འོད་རང་བཞིན་གྱི་འཁྲུངས་ཡུལ་གྱི་མིང་བཏགས་པ་སྟེ། འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའི་མཛད་བྱང་ལས[4]། འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མ་ཞེས་བྱ་བ། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ། ཞེས་བྱུང་བ་ལྟར་རོ།།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་བརྩམས་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[5]། ཨག་ར་ནས་སོང་ན་མ་ཐུ་རར་སླེབས། དེ་ནི་བཅོམ་བརླག་གི་ཡུལ་ཏེ་ད་དུང་ཡང་གྲོང་ཁྱེར་ཆེ། དེར་སྟོན་པ་ཡང་བྱོན་ཅིང་འཕགས་པ་ཤ་ནའི་གོས་ཅན་ཡང་ཡུན་རིང་བཞུགས། སྔོན་རྒྱལ་བསྟན་ཤིན་ཏུ་དར་བའི་གནས་ཡིན། འགྲེམས་སྟོན་ཁང་དུ་ཕྱོགས་དེ་ནས་རྙེད་པའི་སྐུ་བརྙན་རྣམས་ཀྱང་བཞུགས། བཅོམ་བརླག་བྱང་གངྒཱ་དང་ཡ་མུ་ནའི་བར་གྱི་ཡུལ་དེ་རྣམས་ (པཉྩ་) ལྔ་ལེན་གྱི་ཡུལ་ཡིན། དེ་ནས་ལྡི་ལི་ལ་སླེབས་ཤིང་། ཕྱོགས་དེ་སྔོན་གྱི་ཀུ་རུའི་ཡུལ་ཡིན། ཞེས་གསུངས་སོ།།

དེ་ལྟར་ཡུལ་བཅོམ་བརླག་ཅེས་པའི་མིང་འདི་ཉིད་སྡེ་དགེ་བཀའ་འགྱུར་དུ་ཐེངས་ ༣༢ དང་། སྡེ་དགེ་བསྟན་འགྱུར་དུ་ཐེངས་ ༢༤ གསལ་བ་ལས་ཡུལ་མིང་འདི་བཞིན་ཧ་ཅང་རྙིང་པ་ཞིག་ཡིན་པར་རྟོགས་ཐུབ་ལ། སྟོན་པ་ཉིད་དང་རྗེས་འཇུག་བསྟན་འཛིན་གྱི་སྐྱེས་བུ་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་། བསྟན་འགྲོའི་དོན་མཛད་ཡུལ་ཞིག་ཀྱང་ཡིན་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ལས[6]།

བཅོམ་བརླག་བསྐོར་དང་ཨོ་ཏ་ལར་བྱོན་སོགས། །

དགྲ་མཐའ་ལྔ་ལེན་ལམ་དང་དབུལ་པོ་སོགས། །

རྒྱུ་བ་ལུང་བསྟན་ཤཱཀྱ་ལྷག་མ་གྲོལ། །

བྲམ་ཟེ་གང་པོ་མི་ཉམས་རྒྱུ་བདུན་དང༌། །

ཞེས་སྟོན་པའི་རྨད་དུ་བྱུང་བའི་གཏམ་བརྒྱ་དང་ཉེར་ལྔ་ལས་གཏམ་བརྒྱ་པར་སྟོན་པ་བཅོམ་ལྡན་འདས་ཡུལ་བཅོམ་བརླག་ཏུ་བྱོན་པའི་རྣམ་ཐར་གསལ་བ་དང་། དེ་བཞིན་རྔ་བོ་ཆེ་ཆེན་པོའི་མདོ་ལས་[7]ཀྱང་།

ཇི་ལྟར་མཁའ་ལ་མཛུབ་མོས་སྟོན་པ་ལྟར། །

དེ་བཞིན་ཐར་པ་མིང་ཙམ་གྱིས་བསྟན་ཏོ། །

ཇི་ལྟར་ལྷོ་ཕྱོགས་བཅོམ་བརླག་མི་བཞིན་དུ། །

དེ་བཞིན་ང་ཉིད་བརྟེན་པ་མེད་ནས་བྱོན། །

ཞེས་ཡུལ་བཅོམ་བརླག་ཏུ་བྱོན་ནས་བྱ་གག་གི་ཀུན་དགའ་ར་བར་བཞུགས་ཚུལ་བྱུང་བར་མ་ཟད། བཅོམ་བརླག་གི་གནོད་སྦྱིན་བོང་བུ་བཏུལ་ནས་གཙུག་ལག་ཁང་བཞེངས་པའི་ཚུལ་ཡང་། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་ལས[8]། དེ་ནས་སྟོན་པས་གྲོང་ཁྱེར་བཅོམ་བརླག་ན་ཉེས་དམིགས་ལྔ་ཡོད་དེ། མཐོ་དམན་ཅན་དང་། སྡོང་དུམ་དང་། ཚེར་མ་ཅན་དང་། རྡོ་གསེག་དང་གྱོ་མོ་མང་བ་དང་། དགོངས་ཀ་ཟ་བ་དང་། བུད་མེད་གཡོ་སྒྱུ་ཅན་མང་བའོ་ཞེས་གསུངས་ནས། གྲོང་ཁྱེར་གྱི་ནང་དུ་མ་བྱོན་པར་ལམ་གཟུར་ནས་གནོད་སྦྱིན་བོང་བུའི་གནས་སུ་གཤེགས་ཏེ་ཤིང་དྲུང་ཞིག་ན་བཞུགས་སོ། །དེ་ལ་གནོད་སྦྱིན་དེ་ནི་བོང་བུའི་གཟུགས་སུ་སྤྲུལ་ཏེ་འཁྱམས་པ་ན། ཁྱེའུ་དང་བུ་མོ་རྣམས་དེ་ལ་ཞོན་ཞིང་རྩེ་བའི་ཚེ། སྐད་ཅིག་གིས་ནགས་ཐིབས་པོར་ཁྱེར་ཏེ་ཁྱེའུ་དང་བུ་མོ་དེ་དག་ཟ་བར་བྱེད་པས་གནོད་སྦྱིན་བོང་བུ་བ་ཞེས་གྲགས་སོ།།

དེར་བཅོམ་བརླག་གི་སྐྱེ་བོ་དད་པ་ཅན་རྣམས་ཀྱིས་བཟའ་བཅའ་བཟང་པོས་ཤིང་རྟ་བཀང་སྟེ། གནོད་སྦྱིན་བོང་བུའི་གནས་སུ་སོང་ནས། ཡུལ་དེའི་ཉེ་སྐོར་གྱི་དགེ་སློང་ཐམས་ཅད་བསྡུས་ཏེ། སངས་རྒྱས་དགེ་འདུན་དང་བཅས་པ་ལ་བསོད་སྙོམས་གསོལ་ནས། གནོད་སྦྱིན་བོང་བུ་འདུལ་བར་གསོལ་བ་བཏབ་པ་སོགས་སྔ་མ་དང་འདྲ་བ་ལས། གནོད་སྦྱིན་ན་རེ་འདི་རྣམས་ཀྱིས་བདག་གི་ཆེད་དུ་ཕྱོགས་བཞིའི་དགེ་འདུན་ལ་གཙུག་ལག་ཁང་རྩིག་ན་ལྡོག་གོ །དེར་བཅོམ་བརླག་གི་སྐྱེ་བོ་རྣམས་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བརྩིགས། གནོད་སྦྱིན་བོང་བུ་འཁོར་ལྔ་བརྒྱ་དང་བཅས་པ་བཏུལ་ཞིང་ཆོས་ལ་བཀོད། དེ་ནས་གནོད་སྦྱིན་མདའ་ཅན་དང་ནག་ལྡན་གཉིས། གནོད་སྦྱིན་མོ་གླང་རྙེད་དང་མཆུ་ཅན་གཉིས་ཏེ་བཞི་པོ་དེའང་བཏུལ་ལོ།།

དེ་ནས་རྫུ་འཕྲུལ་གྱིས་བཅོམ་བརླག་གི་ནང་དུ་བྱོན་ཏེ་བཞུགས་ནས། གནོད་སྦྱིན་མོ་འགྲན་ཟླ་མ་འཁོར་ལྔ་བརྒྱ་དང་བཅས་པ་བཏུལ་ཏེ་གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཤིང་། སྤྱིར་བཅོམ་བརླག་གི་ཕྱི་ནང་དུ་གནོད་སྦྱིན་མོ་ཉིས་སྟོང་ལྔ་བརྒྱ་བཏུལ་ནས། གཙུག་ལག་ཁང་ཉིས་སྟོང་ལྔ་བརྒྱ་བྱས་སོ། །ཞེས་གསུངས་པ་ལྟར་སྟོན་པ་ཉིད་དངོས་སུ་བྱོན་ནས་གནོད་སྦྱིན་མོ་སོགས་བཏུལ་ནས་ནང་པའི་གཙུག་ལག་ཁང་ ༢༥༠༠ བཞེངས་པར་གསལ་བས་བཅོམ་བརླག་ནི་ནང་པའི་གཙུག་ལག་མང་ཤོས་ཆགས་ཡུལ་གྱི་ཡུལ་གྲུ་ཞིག་མིན་ནམ་སྙམ། དེ་བཞིན་བར་དུ་རྒྱལ་བསྟན་ལ་གནོད་པ་བྱུང་སྟེ་བཅོམ་བརླག་ཏུ་བསྐྱར་གསོ་ཇི་ལྟར་གནང་བ་ཡང་། འདུལ་བ་གཞུང་བླ་མ་ལས[9]། སྟོན་པ་འདས་པའི་གསུང་རབ་ལ་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་ཞེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་བྱུང་བར་གྱུར་ནས། དེས་བསྟན་པ་ལ་གནོད་པ་མང་པོ་བྱས་པར་གྱུར་ཏེ། མཆོད་རྟེན་དག་ཀྱང་བཤིག །དགེ་འདུན་གྱི་ཀུན་དགའ་ར་བ་དག་ཀྱང་བསྲེགས། དགེ་སློང་རྣམས་ཀྱང་བསད། སངས་རྒྱས་ཀྱི་བཀའི་གླེགས་བམ་རྣམས་ཀྱང་ཕུང་པོར་བཅེར་ནས་བསྲེགས་སོ། །དེ་ནས་རིམ་གྱིས་དགེ་སློང་རྣམས་ཀྱིས་ཡུལ་དང་གནས་སྣ་ཚོགས་དག་ནས་སྡེ་སྣོད་གསུམ་གྱི་གླེགས་བམ་ཐམས་ཅད་བསྡུས་ནས་བཅོམ་བརླག་ཏུ་ཡང་དག་པར་བསྡུ་བ་བྱས་ཏེ། གཞུང་བླ་མའི་གླེགས་བམ་ནི་མ་རྙེད་དོ། །ཞེས་བྱུང་བ་ལྟར་བསྟན་པ་ཉམས་གསོའི་སྡེ་སྣོད་གསུམ་གྱི་གླེགས་བམ་བསྐྱར་གསོ་མཛད་ཡུལ་ཡང་བཅོམ་བརླག་ཡིན་པར་གསལ་ལོ།།

གཞན་ཡང་བཅོམ་བརླག་ཏུ་སྟོན་པ་ཉིད་ཀྱིས་གར་མཁན་དཔའ་བོའི་གཙུག་ལག་ཁང་བྱུང་བར་ལུང་བསྟན་པའི་ཚུལ་ནི། འདུལ་བ་གཞི་ལས[10]། ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་ཕ་བི་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་དེ་ནི་རི་བོ་རྩེ་མཐོན་ཞེས་བྱ་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་། བཅོམ་བརླག་ནས་གར་མཁན་དང་དཔའ་བོ་ཞེས་བྱ་བ་སྤུན་གཉིས་ཀྱིས་དེ་ལ་གཙུག་ལག་ཁང་རྩིག་པར་འགྱུར་ཏེ། དེའི་མིང་གར་མཁན་དཔའ་བོ་ཞེས་བྱ་བར་འགྱུར་ཞིང་། ལྷག་མཐོང་དང་ཞི་གནས་ཀྱི་རྗེས་སུ་མཐུན་པའི་གནས་མལ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །ཞེས་བཅོམ་བརླག་ཏུ་གར་མཁན་དཔའ་བོའི་གཙུག་ལག་ཁང་འབྱུང་བར་ལུང་བསྟན་ཏོ།།

དེ་ལྟའི་གཙུག་ལག་ཁང་དུ་སྟོན་པའི་གཏད་རབས་བདུན་གྱི་ནང་ཚན་འཕགས་པ་ཉེར་སྦས་ཇི་སྲིད་འཚོའི་བར་དུ་བཞུགས་ནས་བསྟན་འགྲོའི་དོན་མཛད་པའི་ཚུལ་ཡང་། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[11]། དེ་ནས་ཡང་ཡུལ་དབུས་དང་ཉེ་བའི་ནུབ་བྱང་གི་མཚམས་གྲོང་ཁྱེར་བཅོམ་བརླག་ཏུ་བྱོན་པ་ན་བཅོམ་བརླག་གི་སྒོ་དྲུང་ན་སྐྱེ་བོ་མང་པོ་ཚོགས་པའི་སར་གྱད་ཀྱི་གཙོ་བོ་ཚོད་པའི་ལས་བྱེད་པ་ན་ཊ་དང་། བྷཊྚ་ཞེས་བྱ་བ་གཉིས་གཏམ་དུ་གླེང་བ་ལས། འཕགས་པ་ཉེ་སྦས་ཀྱི་བསྔགས་པ་བྱེད་ཅིང་། ཤིར་སྟེ་མགོ་བོ་ཞེས་བྱ་བའི་རི་ལ་འཕགས་པ་ཤ་ནའི་གོས་ཅན་གྱི་དུས། དེ་གཉིས་རང་གིས་བཞེངས་པའི་གཙུག་ལག་ཁང་དུ་འཕགས་པ་ཉེ་སྦས་གནས་འཆའ་བར་བྱེད་ན་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། །དེའི་ཚེ་ཉེར་སྦས་ཀྱིས་རྒྱང་རིང་པོ་ནས་མཐོང་བས་ཨེ་མའོ་རིང་མོ་ནས་དབང་པོ་དུལ་བ་བརྗིད་དང་ལྡན་པ་འོང་བ་འདི་ནི་འཕགས་པ་ཉེར་སྦས་ཡིན། ཞེས་གསལ་བ་ལྟར་འཕགས་པ་ཉེར་སྦས་ཀྱི་གཙོ་བོར་ཡུལ་བཅོམ་བརླག་ཏུ་བསྟན་འགྲོའི་དོན་མཛད་ནས་བཞུགས་སོ།།

དེ་བཞིན་མཁས་པ་ཆེན་པོ་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་ཆོས་འབྱུང་ལས[12]། ཤ་ནའི་གོས་ཅན་ལ། བུ་སྟོན་པས་འོད་སྲུང་ལ། དེས་ཀྱང་ང་ལ་བསྟན་པ་གཏད་དོ། །ང་ཡང་མྱ་ངན་ལས་འདའ་བས་ཁྱོད་ཀྱིས་བསྟན་པ་སྐྱོངས་ཤིག །ཡུལ་བཅོམ་བརླག་གི་མུ་རུན་དྷར་ཚོང་དཔོན་གྱི་བུ་ན་ད་དང་ཕ་ཏས་གཙུག་ལག་ཁང་བརྩིགས་ནས་ཡོན་བདག་བྱེད་པར་ལུང་བསྟན་ནོ། །ཞེས་གསུངས་ལ། མང་ཐོས་པཎྜི་ཏ་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ལས་[13]ཀྱང་། དེ་ལྟ་བུའི་དགྲ་བཅོམ་པ་ཉི་མ་གུང་པས་ཁ་ཆེར་བསྟན་པ་བཙུགས་ཤིང་། སྤོས་ཚོང་གི་ཁྱེའུ་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་རབ་བྱུང་བསྙེན་རྫོགས་བྱས་ཏེ། དེས་ཀྱང་འཕགས་ཡུལ་བཅོམ་བརླག་ཅེས་བྱ་བར་བསྟན་པ་སྤེལ་ཏེ། གདམས་ངག་སྟོན་པའི་ཐ་མ་ཉེར་སྦས་ཡིན་པར་བཤད་དོ། །ཞེས་ཀྱང་བྱུང་ངོ་།།

གཞན་ཡང་རྗེས་མཇུག་བསྟན་འཛིན་གྱི་སྐྱེས་བུས་བཅོམ་བརླག་ཏུ་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་ཡང་། བཀའ་འགྱུར་གྱི་འདུལ་བ་ལས[14]།

བཅོམ་བརླག་ཉིད་དུ་བསྟན་སྐྱོང་བའི། །ཡ་གྱལ་འཕགས་པ་དཀའ་བ་ཅན། །

མ་གྷ་དྷ་ན་ཆོས་སྟོན་པའི། །དགྲ་བཅོམ་ཆེན་པོ་གཏོང་བ་ཆེ། །

ཞེས་གསུངས་པ་ལྟར་འཕགས་པ་དཀའ་བ་ཅན་གྱིས་བཅོམ་བརླག་ཏུ་བསྟན་པ་བསྐྱངས་པར་གསལ་ལ། གཞན་ཡང་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[15]། དབུས་ཀྱི་ཡུལ་དུ་བྲམ་ཟེ་ནི། །བྲམ་ཟེ་གང་བ་བཟང་ཞེས་པ། །འདུལ་བ་དང་ནི་ཚུལ་བཟང་ཉིད། །གང་བ་བཅོམ་བརླག་ཉིད་དུ་གནས། །དང་ཡིག་བྷ་ནི་ནོར་གྱི་སྤྱན། །རྒྱལ་པོ་རྣམས་ཀྱིས་སྔགས་མཆོད་བྱེད། བྲམ་ཟེ་འདི་དག་བསྟན་པ་ནི། །སྟོན་པའི་བསྟན་པ་མཆོད་བྱེད་པའོ། །ཞེས་གསུངས་པ་ལྟར། བྲམ་ཟེ་གང་བ་བཟང་པོ་ཡང་ཡུལ་བཅོམ་བརླག་ཏུ་འཁྲུངས་པར་མ་ཟད། དགྲ་བཅོམ་པ་ཉི་མ་གུང་པ་ལ་སོགས་པས་བསྟན་བཅོས་ཀྱི་ཐོག་མར་གྲགས་པ་བྱེ་བྲག་བཤད་མཛོད་ཆེན་མོ་ཡུལ་བཅོམ་བརླག་ཏུ་མཛད་པར་གྲགས་སོ།།

དེ་ལྟ་བུའི་ཡུལ་བཅོམ་བརླག་གང་དུ་ཆགས་པ་ནི། འདུལ་བ་གཞུང་བླ་མ་ལས[16]། གཞན་ཡང་མཁས་པ་རྣམས་ཀྱིས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་བཅོམ་བརླག་ཏུ་བསྡུས་པའི་ལུང་ཞུ་བ་མ་རྫོགས་པ་འདི་གངས་ཅན་གྱི་རྒྱུད་ཀྱི་གནས་བརྟན་ཆེན་པོ་སྡོམ་བརྩོན་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་ཅིང་། འདུལ་བ་དང་། མདོ་སྡེ་དང་། སྡེ་སྣོད་ཀྱི་མ་མོ་འཛིན་པ་ཤེས་བྱའི་ནམ་མཁའ་ལ་མཁྱེན་པའི་དཀྱིལ་འཁོར་རྒྱས་ཤིང་། སྙན་གྲགས་ཀྱི་འོད་ཟེར་གྱིས་ཕྱོགས་མ་ལུས་པ་ཁྱབ་པ་མཆིམས་ཐམས་ཅད་མཁྱེན་པས་ལ་སྟོད་འོལ་རྒོད་ཀྱི་གཙུག་ལག་ཁང་ནས་དཔེ་ཕྱི་གདན་དྲངས་ནས། བསྟན་པའི་འབྱུང་གནས་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞེངས་སོ། །ཞེས་མཇུག་བྱང་དུ་བཅོམ་བརླག་གི་ཡུལ་འདི་ཉིད་དབུས་འགྱུར་འཆང་གི་མངའ་ཁོངས་སུ་ཆགས་པར་གསལ་ལོ།།

ཡུལ་བཅོམ་བརླག་སྔར་རྒྱལ་པོ་གང་གི་མངའ་འོག་ཡིན་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱུད་རྒྱལ་གཤིན་རྗེ་གཤེད་སྐོར་གྱི་ཆོས་འབྱུང་རྒྱས་པ་ཡིད་ཆེས་ངོ་མཚར་ལས[17]། གྲོང་ཁྱེར་བཅོམ་བརླག་མན་ཆད་རྒྱལ་པོ་སྙིང་པོ་ཐིག་ལེའི་ཡུལ་ཡིན། རྒྱལ་པོ་དེ་གཉིས་འཐབས་ཏེ་གཡུལ་བཤམས་པའི་སྐབས་སུ། བྲམ་ཟེ་དེའི་སྔགས་ཀྱིས་བཏབ་པའི་བྱ་ཐི་བ་ཞིག་ནམ་མཁའ་ལ་འཕུར་ཏེ་བཏང་བས། ཌི་ལིའི་དམག་མི་རྣམས་ཀྱི་མགོ་ལ་རེག་པ་ཙམ་དུ་འཕུར་ཞིང༌། གཤོག་པའི་རླུང་གི་སྒྲ་འབྲུག་སྒྲ་ཙམ་བྱུང༌། དམག་མི་ཐམས་ཅད་ཀྱིས་ནམ་མཁའ་ལ་བལྟས་སོ། །ཞེས་བྱུང་བ་ལྟར། ཡུལ་བཅོམ་བརླག་ནི་སྔར་རྒྱ་གར་གྱི་རྒྱལ་པོ་སྙིང་པོ་ཐིག་ལེས་མངའ་དབང་བསྒྱུར་བའི་ཡུལ་གྲུ་ཞིག་ཀྱང་ཡིན་པར་གསལ་ལོ།།

གཞན་ཡང་ཡུལ་བཅོམ་བརླག་གི་རྒྱ་ཁྱོན་དང་། ཐོན་ཁུངས། གནམ་གཤིས་དྲོ་གྲང་། མིའི་རང་བཞིན། ཕྱི་ནང་གི་གཙུག་ལག་ཁང་དང་དགེ་འདུན་པ་ཇི་ཙམ་ཡོད་པ་ནི། ཐང་སན་ (603-664) ལམ་ཡིག་ལས[18]། དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་ལྔ་བརྒྱ་ཕྱིན་པ་ན་མ་ཐུ་རའི་ཡུལ་བཅོམ་བརླག་གི་ཡུལ་ཐ་གྲུ་ལེ་དབར་ལྔ་སྟོང་ཙམ། མཐིལ་མཁར་ནི་ཁོར་ཡུག་ཏུ་རྒྱང་གྲགས་ནི་ཉི་ཤུ་ལྷག །ས་གཤིན་ལ་ཞིང་སྣ་ཚོགས་འདེབས་སོ། །ལྷག་པར་ཨ་མྲའི་ཤིང་སྨིན་པས་ར་བ་ཕལ་ཆེར་ཤིང་དེའི་ནགས་ཚལ་གྱིས་གཏམས་པ། ཨ་མྲ་ཞེས་པ་འབྲ་གོ་རེ་རིགས་གཉིས་ཡོད་པ་ཆེ་ཆུང་གཉིས་ལས་ཆུང་བ་ནི་སྐྱེ་བ་ན་ཁ་དོག་སྔོན་པོ་སྨིན་པ་ན་སེར་པོ་འགྱུར་ཏོ། །ཆེ་བ་ནི་སྨིན་པ་ན་ཡང་སྔོན་པོར་གནས་པ་སྟེ་རིགས་གཉིས་སོ། །ནམ་དུས་དྲོད་ཤས་ཆེ་བ། མིའི་རང་བཞིན་འཇམ་ལ་བསྲུན་པ་རྣམ་དཀར་ལ་དགའ་བ་ལས་འབྲས་ལ་རྩིགས་སུ་ཆེ་ཞིང་སྟོན་ཅན་ལ་བཀུར་བ། གཙུག་ལག་ཁང་ཉི་ཤུའི་སྐོར་ལ་དགེ་འདུན་ཁྱོན་བསྡོམས་ཉིས་སྟོང་ཙམ་གནས་ཏེ། ཐེག་པ་ཆེ་ཆུང་སྤེལ་མར་སྤྱོད་པ། ཕྱི་རོལ་པའི་ལྷ་ཁང་ལྔ་ལ་ཕྱི་རོལ་པ་སྣ་ཚོགས་འདྲེས་མར་གནས་པའོ། །ཞེས་དང་། ཡུལ་བཅོམ་བརླག་ཏུ་སྐྱེ་དངོས་གང་དག་སྐྱེ་བ་ནི། རྒྱ་གར་གྱི་པཎྜི་ཏ་རབ་འབྱོར་ཟླ་བས་ (Subhuticandra) མཛད་པའི་འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་པ་འདོད་འཇོའི་བ་མོ་ལས[19]། དེ་ནས་ཏི་ནི་ཤལ་སོགས་པ་བདུན་ནི། ཨ་ཏི་མུཀྟ་ཀའི་མིང་སྟེ། ཏི་ནེ་པ་དང་། པྱནྡ་ན་འཛག་པའི་ཤིང་དང་། ནེ་མའི་མུ་ཁྱུད་ཤིང་དང་། ར་ཐ་དྲུ་ཤིང་རྟའི་ཤིང་དང་། ཨ་ཏི་མུཀྟ་ཀ་ཤིན་ཏུ་གྲོལ་བ་ཅན་དང་། བཉྫ་ལ་གནོད་ཤིང་དང་། ཙི་དྲ་ཀྲི་ཏ་སྣ་ཚོགས་བྱེད་རྣམས་ཏེ། འདི་ཡུལ་བཅོམ་བརླག་ལ་སོགས་པར་སྐྱེའོ། །ཞེས་ནགས་དང་སྨན་གྱི་སྡེ་ཚན་གྱི་སྐབས་སུ་བཅོམ་བརླག་ཏུ་སྐྱེ་དངོས་འདི་དག་སྐྱེ་བར་གསལ་ལོ།།

བཅོམ་བརླག་ཡུལ་གྱི་བུད་མེད་ཀྱི་ཆ་ལུགས་ཇི་ལྟ་བུ་ཞིག་ཡོད་པ་ནི།  བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བ་ལས[20]། གསུམ་པ་རང་གི་བུད་མེད་ལ་ཆགས་པ་སྤངས་པ་ནི། རང་གི་ཆུང་མ་གང་ཞིག་དང་པོ་ངོ་ཚ་བས་བཞིན་འོག་ཏུ་ལྟ་བ་ན་ཁྱོད་བྱད་བཞིན་ལྟ་བར་འདོད་པས་ཤིན་ཏུ་ཆགས་པའི་སེམས་ཀྱིས་འབད་དེ་གདོང་བཏེགས་ནས་སྟེང་དུ་དྲངས་ཀྱང་ངོ་ཚ་བའི་དབང་གིས་ངེས་པར་འོག་ཏུ་ལྟ་ཞིང་། དུར་ཁྲོད་དུ་མ་བསྐྱལ་བའི་སྔོན་དུ་ནི་མཐོང་ངམ་འོན་ཏེ་མ་མཐོང་ཡང་རུང་བརྒྱ་ལ་ཅུང་ཟད་ཙམ་མཐོང་བའི་ཆེད་དུ་ཡང་འབད་པར་བྱེད་ན་རྣམ་པ་ཐམས་ཅད་དུ་མཐོང་བ་ལ་འབད་པས་ལྟ་བར་ཅིའི་ཕྱིར་མི་བྱེད། དེས་ན་ཡུལ་དབུས་ན་བཅོམ་བརླག་པའི་རིགས་ཀྱི་བུད་མེད་དང་ཚོང་པ་དྲག་རིགས་ཀྱི་ཆུང་མ་སེང་རས་ཀྱི་གོས་ཀྱིས་གདོང་ནི་གཡོགས་པར་གྱུར་ཅིང་བསྒྲིབས་པ་ཡོད་པ་དེ་ལྟ་བུའི་གདོང་ལྟ་བའི་དོན་དུ་དཀའ་བཞིན་དུ་འདེགས་པའི་ངལ་བས་ཁྱོད་ཉོན་མོངས་པར་བྱས་པའི་བུད་མེད་ཀྱི་གདོང་དེ་ནི་ད་ལྟར་དུར་ཁྲོད་དུ་མངོན་སུམ་དུ་གྱུར་པ་བཞིན་དུ་བྱ་རྒོད་ཀྱིས་གཡོགས་པ་རྣམས་བསལ་ནས་རྣམ་པར་གསལ་བར་བྱས་པ་མཐོང་ན་དེ་ལ་ད་ལྟར་འཇིགས་པས་ཅིའི་ཕྱིར་འབྱེར་ཞིང་འབྲོས་པར་བྱེད་དེ་ལེགས་པར་ལྟོས་ཤིག །ཅེས་བྱུང་བ་ལྟར་བུད་མེད་རྣམས་གདོང་སེང་རས་ཀྱིས་བསྒྲིབས་ནས་སྡོད་སྲོལ་ཡོད་པར་གསལ་ལོ།།

ཡུལ་བཅོམ་བརླག་དེང་གི་རྒྱ་གར་གྱི་མངའ་སྡེ་གང་གི་ཁོངས་སུ་གནས་པ་ནི། དེང་སྐབས་རྒྱ་གར་འཕགས་ཡུལ་ལ་མངའ་སྡེ་ ༢༨ ཡོད་པ་ལས། བཅོམ་བརླག་ནི་ཡུ་པིའམ་ཨུ་ཏར་མངའ་སྡེའི་ནང་ཆགས་ཡོད་ཅིང་། མངའ་སྡེ་འདིར་ཨུ་ཏར་ཞེས་པའི་མིང་འདི་ཕྱི་ལོ་ ༡༩༥༠ ལོར་བཏགས་ཤིང་། མངའ་སྡེའི་རྒྱལ་ས་ནི་ལག་ནའོ་ (Lucknow) ཡིན་ལ། མངའ་སྡེ་འདིར་རྫོང་ཁག་ ༧༥ ཡོད་པར་མ་ཟད། ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་ ༢༤༣༢༩༠ ཡོད་པས་རྒྱ་གར་ནང་གི་མངའ་སྡེ་ཆེ་ཤོས་ཨང་བཞི་པ་དང་། མངའ་སྡེ་འདིར་མི་འབོར་ས་ཡ་ཉིས་བརྒྱ་ཡོད་པས་རྒྱ་གར་གྱི་མངའ་སྡེ་ཁག་གི་ཁྲོད་ནས་མི་འབོར་མང་ཤོས་ཨང་དང་པོ་དེ་ཡང་ཡིན། མངའ་སྡེ་འདིའི་ནང་གི་མི་རིགས་མང་ཤོས་ཧིན་དྷ་ཝི་ (Hindavi) ཡིན་ཅིང་། ཆོས་ལུགས་གཙོ་བོ་ཧིན་དྷུ་དང་། དེ་རྗེས་ཁ་ཆེའི་རྗེས་འཇུག་པ་ཆགས་ཡོད་ཅིང་། དབང་ཕྱུག་གི་འཁྲུངས་ཡུལ་དང་། རཱ་མ་ཎ་དང་མཧཱ་བྷ་ར་ཏ་གཉིས་ཀྱི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ཀྱང་མངའ་སྡེ་འདི་ཉིད་ཡིན་ལ། ལྷག་པར་གནས་མཆོག་ཝཱ་རཱ་ཎ་སཱི་ཡང་མངའ་སྡེ་འདིའི་ནང་ཆགས་ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༤༥༤

[2]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༥༨༦

[3]  རྙིང་མ་རྒྱུད་འབུམ་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༦

[4]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༨༩ པ། ༡༩༩༥ ལོ། ཤོག་གྲངས་ ༡༤༤༢

[5]  རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨༣

[6]  ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༢༽ དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༣༡

[7]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཛ༽ དེབ་ཨང་། ༦༣ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༢༥༠

[8]  ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༢༽ དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༤༠༧

[9]  བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ན༽ དེབ་ཨང་། ༡༢ པ། ཤོག་གྲངས་ ༢༢༣

[10]  བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཁ༽ དེབ་ཨང་། ༢ པ། ཤོག་གྲངས་ ༢༨༢

[11]  རྒྱ་གར་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣

[12]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༧༣

[13]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༩༥

[14]  བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཏ༽ དེབ་ཨང་། ༩ པ། ཤོག་གྲངས། དབུ་ལྷའི་མཚན་བྱང་།

[15]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༡༢

[16]  བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ན༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་ཨང་། ༡༢ པ། ཤོག་ ༢༢༤

[17]  ཏཱ་ར་ནཱ་ཐའི་གསུང་འབུམ། ༼༡༡༽ དཔེ་བསྡུར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ཤོག་གྲངས་ ༤༧

[18]  ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༩༢

[19]  བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ཤོག་གྲངས་ ༩༨༤

[20]  བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་འབུམ། པོད། ༼ཏ༽ དཔེ་གཟུགས། ཤོག་གྲངས་ ༡༢༠བ༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༦ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *