ད༽ ཐེག་ཆེན་ལན་གསུམ་ནུབ་པ་དར་སྤེལ་མཛད་ཚུལ།
དེ་ཡང་ཡར་རྗེ་ཨུ་རྒྱན་གླིང་པས་ (1323-) གཏེར་ནས་དྲངས་པའི་བཀའ་ཐང་སྡེ་ལྔ་ལས[1]། སེམས་ཅན་ཞེ་སྡང་ཆེ་བ་ལ༔ རྒྱལ་པོའི་བང་མཛོད་ལྟ་བུའི་ཆོས༔ མངོན་པ་བི་ཀཱ་མ་ཤཱི་ལར༔ མངོན་པའི་ཆོས་ལ་དགྲ་ལན་གསུམ༔ ཏ་ཟིག་རྒྱལ་པོ་ཧུ་ལུས་བསྲེགས༔ རྒན་མོ་རྒན་འདྲ་མུ་སྟེགས་བསྲེགས༔ ཉི་མ་དངོས་གྲུབ་ཉི་བསྒྲུབས་བསྲེགས༔ ཞེས་མངོན་པའི་བསྟན་པ་ལ་དགྲ་ལན་གསུམ་བྱུང་བར་གསུངས་ལ།
དགྲ་ལན་གསུམ་བྱུང་རྗེས་བསྟན་པ་སླར་གསོ་དར་འཕེལ་ཇི་ལྟར་མཛད་པའི་ཚུལ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[2]། རྣམ་རིག་པའི་བསྟན་པ་དར་བའི་ཚུལ་ནི། རབ་དབྱེ་ལས།
ཉི་མ་སྒྲུབ་པའི་མུ་སྟེགས་བྱེད། །སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས། །
གཙུག་ལག་ཁང་རྣམས་བསྲེགས་པའི་ཚེ། །དམ་ཆོས་མངོན་པ་ལ་སོགས་པའི། །
སྡེ་སྣོད་ཕལ་ཆེར་བསྲེགས་ཞེས་གྲགས། །དེ་ནས་འཕགས་པ་ཐོགས་མེད་ཀྱིས། །
མི་ཕམ་མགོན་ལ་གསན་ནས་ནི། །དེ་ཡི་གཞུང་ལུགས་དར་བར་མཛད། །
ཅེས་གསུངས་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་གྲངས་བརྒྱ་ཕྲག་དགུ་ཡས་མས་ཙམ་ལ་འཕགས་པ་ཐོགས་མེད་སྐུ་འཁྲུངས་པར་གསུང་སྲོལ་མཆིས་པ་ལྟར། སྐབས་དེ་ཙ་ན་རྒྱལ་བསྟན་སྤྱིའམ་མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ། གསེར་མདོག་པཎ་ཆེན་དོན་ཡོད་གྲུབ་པས་ (དུས་རབས་15པ།) མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཊཱི་ཀ་བསྟན་པའི་སྒྲོན་མེ་སྔགས་སྡོམ་གྱི་རྣམ་བཤད་ལས[3]། ཐོགས་མེད་སྐུ་མཆེད་ཀྱིས་ལོ་རྒྱུས་ནི། ཐེག་པ་ཆེན་པོ་བསྟན་པ་སྟོན་པས་གསུངས་ཤིང་། སྡུད་པ་པོས་རིམ་པར་བསྡུས་ནས་ཤིན་ཏུ་དར་བར་གྱུར་པའི་ཚེ་ཡུལ་དབུས་སུ་ཆོས་མངོན་པ་ལ་དགྲ་གསུམ་བྱུང་བར་གྲགས་ཏེ། དང་པོ་ནི། མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། སངས་རྒྱས་པའི་གཎྜིའི་སྒྲ་འདི་ལ་འགེམས་ཞེས་པ་གཅིག་སྣང་བས་འདིས་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། །ཞེས་ཟེར་ཏེ་བརྟགས་པས། རྒྱུད་གསུམ་ལ།
ལྷ་དང་ལྷ་མིན་ཀླུ་དབང་གིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །
མུ་སྟེགས་འཆལ་བ་རྣམས་ཀྱི་ཀླད་པ་འགེམས། །ཞེས་པ་དང་། ཏོག་གསུམ་ལ། འགེམས་ཟེར་བ་གསུམ་འོང་བར་རིག་ནས་ཁྲོས་ཏེ་དམག་དྲངས་པས་མངོན་པའི་ཆོས་ནུབ་པར་བྱས་སོ། །ཞེས་དང་། དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[4]། ཐོགས་མེད་སྐུ་མཆེད་ཀྱི་བྱོན་ཚུལ་ནི། ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་དར་ཏེ། དང་པོ་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྜིའི་སྒྲ་ལས་འགེམས་ཞེས་པ་ཞིག་སྣང་སྟེ། འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ་ཟེར་ནས་བརྟགས་པས།
ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྡེ་འདི་བརྡུངས་པས། །
མུ་སྟེགས་འཆལ་བའི་ཀླད་པ་རྣམ་པར་འགེམས། །
ཞེས་པར་རིག་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་དབུས་ཀྱི་རྒྱལ་པོས་ཏ་གཟིག་གི་རྒྱལ་པོ་ལ་རས་ཀྱི་ན་བཟའ་སྲུབས་མེད་པ་ཞིག་སྐྱེས་སུ་བསྐུར་ཏེ། དེའི་སྙིང་ཁར་རྐང་རྗེས་འདྲ་བ་ཞིག་ཡོད་པས་ངན་སྔགས་བྱས་སོ་ཟེར་ནས་དམག་དྲངས་ཏེ་བསྣུབས་སོ། །དེ་ནས་ཡང་ཅུང་ཟད་འཕེལ་ནས་ཡོད་པའི་ཚེ་ནང་པའི་གཙུག་ལག་ཁང་ཞིག་ཏུ་ཕྱི་པའི་སྤྲང་པོ་གཉིས་སློང་དུ་འོངས་པ་ལ་བཀྲུ་ཆུ་སྟོར་བས་ཁྲོས་ཏེ་ཉི་མ་བསྒྲུབས་ནས་ནང་པའི་གཙུག་ལག་ཁང་དང་གསུང་རབ་མང་པོ་བསྲེགས་ནས་བསྣུབས་སོ། །ཞེས་གསུངས་པ་ལྟར་བསྟན་པ་ལ་དགྲ་ལན་གསུམ་བྱུང་བ་དེ་དག་མངོན་པ་ལ་དགྲ་ལན་གསུམ་བྱུང་བར་བཞེད་ལ། དེ་ཡང་ཐོགས་མེད་ཀྱི་སྔོན་དུ་བྱུང་བ་ལྟར་ཐོགས་མེད་སྐུ་མཆེད་བྱོན་ནས་ཉམས་པ་གསོ་བར་མཛད་དོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། རྒྱལ་བ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན་ནང་པའི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དང་། དེ་ནས་ཀྱང་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་མང་པོ་ཞིག་གིས་ཐེག་ཆེན་རྒྱལ་བའི་བཀའ་མིན་ནོ་ཞེས་ལོག་པར་བཟུང་སྟེ་ཐེག་པ་ཆེན་པོའི་བསྟན་པ་ཆེས་ཆེར་ཉམས་དམས་པར་བྱས་ཤིང་། ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱང་ཕན་ཚུན་རྩོད་པར་བྱེད་པས་འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་ཕྱོགས་ཕྱོགས་སུ་གྱེས་པས་རྒྱལ་བའི་བསྟན་པ་ཤིན་ཏུ་ཉམས་ཤིང་། ལྷག་པར་བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་ཏེ་ཡིད་བསྒྱུར་བའི་མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ཞེས་སོགས་བུ་སྟོན་ཆོས་འབྱུང་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གསུམ་ཀར་གཅིག་མཚུངས་ལྟ་བུ་གསལ་བ་ལྟར་རོ།།
གཞན་ཡང་མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[6]། དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ཏེ་ནུབ་པ་རྣམས་དེ་དག་གིས་རྒྱས་པར་མཛད་དེ། དེ་ཡང་ཇི་ལྟར་ནུབ་པ་དང་དར་བར་མཛད་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་ན། ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ཏེ། དང་པོ་མུ་སྟེགས་པ་དང་ནང་པ་རྩོད་པ་བྱས་པས་མུ་སྟེགས་པ་རྒྱལ་ཏེ་ཆོས་མངོན་པའི་ཆ་ཤས་ནུབ་པར་བྱས་སོ། །དེ་ནས་སྟག་གཟིག་གི་རྒྱལ་པོས་དམག་དྲངས་ཏེ་ནུབ་པར་བྱས་སོ། །དེ་ནས་མངོན་པའི་བསྟན་བཅོས་ཅུང་ཟད་དར་བ་ལས་མུ་སྟེགས་པའི་སྤྲང་པོ་གཉིས་ཀྱིས་ནང་པའི་གཙུག་ལག་ཁང་ཤྲཱི་ནཱ་ལེནྡྲར་སློང་དུ་བྱུང་བ་ལས། འཚོ་བ་མ་སྟེར་བར་སྒོ་བར་དུ་བཙིར་ནས། ཆུ་ཚན་གཏོར་བས་དེ་གཉིས་ཁྲོས་ཏེ་གྲོས་བྱས་པ་ལས། གཅིག་ན་རེ་ང་ལ་ཉི་མ་སྒྲུབ་ནུས་པའི་གདམས་ངག་ཡོད་པས་བསྒྲུབས་པས་གང་ལ་བལྟས་པ་དེ་སྲེག་པར་བྱེད་ཟེར་རོ། །དེར་སའི་དོང་དྲུས་ཏེ་སྤྲང་པོ་གཉིས་ཀྱིས་འཚོ་བ་བླངས་ཤིང་ལོ་གསུམ་དུ་བསྒྲུབས་པས་རྟགས་མ་བྱུང་སྟེ་མི་གྲུབ་པ་ཤེས་ནས། ང་ཐོན་བྱས་པས་ད་རུང་ངང་སྲིངས་ཤིག་ཟེར་ནས་ཡང་ལོ་གསུམ་བསྒྲུབས་པས་མ་གྲུབ་སྟེ། དེ་ནས་ཡང་ང་ཐོན་བྱས་པས། ཉི་མ་མ་གྲུབ་ན་དོང་ནང་དུ་ཁ་གསུབ་སྟེ་གསོད་བྱས་པས། ཡང་ལོ་གསུམ་བསྐྱར་ནས་བསྒྲུབས་པས་གྲུབ་སྟེ། དོང་ནས་བཏོན་པ་དེས་ཉི་མ་བསྒོམས་ཤིང་གང་ལ་བལྟས་པ་དེ་སྲེག་སྟེ། ནང་པའི་གཙུག་ལག་ཁང་ཐམས་ཅད་བརླགས་པར་བྱས་ནས་ཆོས་མངོན་པ་ཕལ་ཆེར་ནུབ་པར་བྱས་སོ། །ཞེས་གསལ་བ་ལྟར། དེའི་དུས་སུ་ནང་པ་ལ་དགེ་བའི་རྩ་བ་བསགས་པའི་དགེ་བསྙེན་མ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ཞིག་ཡོད་པ་དེས་བསམས་པ། བསྟན་པའི་སྙིང་པོ་མངོན་པ་ནུབ་སྟེ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ནུབ་པ་ལྟར་གྱུར་ན། བདག་གིས་ནི་བུད་མེད་དུ་སོང་བས་དར་བར་མི་ནུས་པས། བདག་གི་ལུས་ལ་བུ་བསྐྱེད་ལ་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ། དེ་ལྟར་བསམས་ནས་རྒྱལ་རིགས་གཅིག་དང་ཚོགས་པ་ལ་གཅེན་ཐོགས་མེད་བྱོན། བྲམ་ཟེ་ཞིག་དང་ཚོགས་པ་ལས་གཅུང་དབྱིག་གཉེན་བཙས་སོ། །དེ་གཉིས་ལ་བློ་རྣོ་བའི་ཆོ་ག་བྱས་ནས་ཆེར་སྐྱེས་པ་དང༌། རྒྱ་གར་གྱི་ལུགས་ཀྱིས་ཕའི་ལས་གང་ཡིན་པ་དེ་བུས་ཀྱང་བྱེད་དགོས་པས་མ་ལ་དྲིས་པ་དང༌། མ་ན་རེ་ཁྱོད་ཕའི་ལས་བྱེད་པའི་ཆེད་དུ་སྐྱེས་པ་མ་ཡིན་གྱི། དམ་པའི་ཆོས་མངོན་པ་དར་བར་གྱིས་ཤིག་ཅེས་བསྒོ་འོ། །ཞེས་གསལ་བ་ལྟར་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་དར་འཕེལ་མཛད་པར་གསུངས་སོ།།
ཡང་ཀརྨ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ལས[7]། དེ་ཡང་རྒྱ་གར་ཡུལ་དབུས་སུ། ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་བསྟན་པ་ནུབ་ཏུ་ཉེ་བའི་ཚེ། དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཀྱིས་རྒྱལ་རིགས་དང་བསྡོངས་པའི་སྲས་འཕགས་པ་ཐོགས་མེད་དང༌། བྲམ་ཟེའི་རིགས་དང་བསྡོངས་པའི་སྲས་སློབ་དཔོན་དབྱིག་གཉེན། དཔོན་སློབ་དེ་གཉིས་ཀྱིས་ཐེག་པ་གོང་འོག་གི་མངོན་པའི་ཆོས་རྣམས་དར་རྒྱས་སུ་མཛད་པ་ཡིན་ནོ།།
དེ་ནས་སློབ་དཔོན་ཐོགས་མེད་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་བྱ་རྐང་གི་བྲག་ཕུག་ཏུ་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། རྗེ་བཙུན་བྱམས་པ་དང་དངོས་སུ་མཇལ་ནས། བྱམས་པའི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་ལྷའི་ཡུལ་དུ་བྱོན། མི་ལོ་ལྔ་བཅུར་བྱམས་པ་ལས་ཆོས་གསན། བྱམས་ཆོས་སྡེ་ལྔ་ཐུགས་ལ་བཟུང་ནས་སླར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་དབྱིག་གཉེན་ལ་སོགས་སློབ་མ་རྣམས་ལ་རྒྱ་ཆེར་བཤད། སའི་དངོས་གཞི། རྣམ་པར་གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་གྲངས་བསྡུ་བ་སྟེ་ས་སྡེ་ལྔའོ། །སྡོམ་ཐེག་བསྡུས་དང་ཀུན་བཏུས་རྣམ་པ་གཉིས་ལ་སོགས་པ་བསྟན་བཅོས་མང་པོ་བརྩམས། ཐེག་པ་ཆེན་པོའི་བསྟན་པ་ནམ་ལངས་པ་ལས་ཉི་མ་ཤར་བ་ལྟ་བུ་མཛད། ཅེས་གསུངས་པ་ལྟར་མངོན་པ་ལན་གསུམ་ནུབ་པ་དར་ཞིང་རྒྱས་པར་མཛད་དོ།།
དེ་བཞིན་སྟག་ཚང་ལོ་ཙཱ་བ་སྒྲ་པ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[8]། གཉིས་པ་ལ། སྐུ་མཆེད་གཉིས་ཀྱིས་ཆོས་བདག་འགོག་ཚུལ་རྗེས་འབྲང་རྣམ་བདེན་རྫུན་གྱི་ཁྱད་པར། མཚན་ཉིད་གསུམ་དང་བདེན་གཉིས་འཇོག་ཚུལ་ལོ། །དང་པོ་ལ། མདོར་བསྟན་པ། སོ་སོར་བཤད་པ། མདོ་དང་སྦྱར་བ། ཞར་བྱུང་བཤད་པའོ། །དང་པོ་ནི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་གཙུག་རྒྱན་ནམ་གཙོ་བོ་ནི་སྐུ་མཆེད་གཉིས་ཡིན་ཏེ། རྒྱ་གར་དུ་ཆོས་མངོན་པ་ལ་གནོད་པ་ལན་གསུམ་བྱུང་བས་ནུབ་པ་ན་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཀྱིས་བུ་བསྐྱེད་ནས་བསྟན་པ་འཛིན་དུ་འཇུག་པར་འདོད་དེ། རྒྱལ་རིགས་གཅིག་དང་འདུས་པས་གཅེན་ཐོགས་མེད་དང༌། བྲམ་ཟེ་གཅིག་དང་འདུས་པས་གཅུང་དབྱིག་གཉེན་འཁྲུངས་ཏེ། ལྗགས་ལ་གི་ཧཾ་གི་ཡི་གེ་ཨ་འདྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་མང་དུ་བྱས་ཏེ་བསྐྱངས་ནས། གཅེན་གྱིས་ལོ་བཅུ་གཉིས་སུ་རྒྱལ་ཚབ་དམ་པ་བསྒྲུབས་པས་གྲུབ་སྟེ་དགའ་ལྡན་དུ་བྱོན་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཆོས་མངོན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཐེག་ཆེན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་མང་དུ་གསན་ནས། དེའི་དོན་རྒྱ་ཆེར་སྟོན་པ་ས་སྡེ་ལྔ་དང༌། བསྡུས་ཏེ་སྟོན་པ་ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས་དང༌། ཐེག་ཆེན་ཐུན་མོང་མིན་པའི་སྡོམ་ཐེག་བསྡུས་ལ་སོགས་པ་མཛད་དེ། འཛམ་བུའི་གླིང་དུ་བྱམས་པའི་ཆོས་ལྔ་དང་བཅས་པ་དར་ཞིང་རྒྱས་པར་མཛད་དོ། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠༩
[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣
[3] སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར། ༼༩༽ དོན་ཡོད་གྲུབ་པའི་སོར་སྡོམ། དཔེ་རིང་། ཤོག་ ༡༢ན༥
[4] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༢
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༤
[6] རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༠༤
[7] ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ཇ༽ དཔེ་གཟུགས། ཤོག་གྲངས་ ༢བ༤
[8] བཅུ་ཕྲག་རིག་མཛོད་ཆེན་མོ། གྲུབ་མཐའ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༡༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༡ ནས་ ༥༤༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།