ད༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དུས་རབས་བརྒྱད་པར་རྒྱ་ནག་ཧྭ་ཤང་གིས་མཁན་ཆེན་ཞི་འཚོས་སྲོལ་བཟང་བཙུགས་པའི་དབུ་མའི་བསྟན་པ་དྲི་མ་ཅན་དུ་བྱས་པར་ཡང་དག་རིགས་པས་དག་ཐེར་མཛད་པའི་ཚུལ་ལས་བརྩམས་ཏེ་སློབ་དཔོན་ཀ་ལ་མ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
མཐའ༌བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། །སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པའི་དོན་ནི། སློབ་དཔོན་ཞི་བ་འཚོས་ཐོག་མར་གསར་གཏོད་མཛད་པའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་དང་ཉེ་བར་འབྲེལ་བའི་མཐའ་བྲལ་དབུ་མའི་ལྟ་བ་དང་། ཞི་གནས་དང་ལྷག་མཐོང་གཉིས་ཡ་མ་བྲལ་བར་ཟུང་དུ་འཇུག་ཅིང་། རྒྱལ་བ་དགྱེས་པའི་ལམ་བཟང་སྒོམ་པའི་རིམ་པ་རྣམས་རྒྱལ་བའི་མདོ་དང་རྒྱུད་ཀྱི་དགོངས་པ་བཞིན་དུ་མ་རྟོགས་པ་དང་། ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མས་མ་སྦགས་པར་ལེགས་པར་བཀྲལ་ནས། དེ་སྔ་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་སྲོལ་བཏོད་ཡང་དག་པར་གནང་བའི་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བའི་བསྟན་པ་ལ་ཕྱིས་སུ་རྒྱ་ནག་ཧྭ་ཤང་གི་ཅི་ཡང་ཡིད་ལ་མི་བྱེད་པའི་སྒོམ་སོགས་བསྟན་ནས། རྒྱལ་བའི་བསྟན་པ་འཁྲུལ་བའི་དྲི་མ་ཅན་དུ་བསྒྱུར་ལ་ཉེ་བར་ཡང་དག་པའི་ལུང་རིགས་དྲི་མ་མེད་པའི་སྒོ་ནས་འཁྲུལ་བའི་དྲི་མ་མཐའ་དག་དྲུངས་ནས་འབྱིན་ཞིང་། ཡང་དག་པའི་གནས་ལུགས་གསལ་བར་མཛད་པ་སྟེ། རང་ཅག་གངས་ཅན་པ་རྣམས་ལ་སྐུ་དྲིན་ལྷག་པར་ཆེ་བའི་སློབ་དཔོན་ཀ་མ་ལ་ཤཱི་ལ་སྟེ་པདྨའི་ངང་ཚུལ་ཞེས་ཡོངས་སུ་གྲགས་པ་དེ་ཡི་ཞབས་ལ་པཎ་གྲུབ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།། །།

[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༡༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༥ ནས་ ༤༣༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།