གསུམ་པ། སངས་རྒྱས་བསྐྱངས་ཀྱི་གསུང་གི་དོགས་དཔྱོད།
སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[1]། པི་ཝང་ནི་གནའ་བོའི་རྒྱ་གར་དུ་སིལ་སྙན་གྱི་བྱེ་བྲག་ཅིག་གི་མིང་ཡིན་ཀྱང་། ཕྱིས་སུ་ནུབ་པར་གྱུར་ཏོ། །དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། པི་ཝང་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ། ད་ལྟར་ནི་མི་སྣང་ངོ་། །ཁ་ཅིག་ནི་པི་ཝང་དུ་རབ་ཏུ་གྲགས་པ་ལ་ཡང་པི་ཝང་ཞེས་ཟེར་རོ། །གླིང་བུ་ནི་འདི་མ་ཡིན་ལ། རྔ་ནི་རྫ་རྔ་ལ་བྱའོ། །
འཁར་རྔ་ནི་འཁར་རྔའི་སིལ་སྙན་ཡིན་ལ། སྒྲ་སྙན་པའི་མཆོག་ནི་སིལ་སྙན་ཡིན་ཏེ་ནུབ་པར་གྱུར་ཏོ་ཞེས་བརྗོད་དོ། །ཞེས་གསུངས། ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་ལས། པི་ཝཾ་དང་ཞེས་པ་ཕྲན་ཚེགས་ཊཱི་ཀ་ལས། པི་ཝཾ་ནི་སིལ་སྙན་གྱི་ཁྱད་པར་ལ་བྱ་སྟེ་ད་ལྟ་ནི་མི་སྣང་ངོ་། །ཁ་ཅིག་ནི་པི་ཝཾ་རབ་ཏུ་གྲགས་པ་ལ་ཡང་པི་ཝཾ་ཞེས་ཟེར་རོ་ཞེས་བཤད་དོ། །ཞེས་འབྱུང་མོད། འོན་ཀྱང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ཞིག་མཇལ་དུ་མེད་ལ། དེ་ནི་གུང་ཐང་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་འདུལ་བ་རྒྱ་མཚོའི་དཀའ་གནད་མདོར་བསྡུས་པ་ནོར་བུའི་ཕྲེང་བ་ལས[2]།
སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ཡི། །
ཕྲན་ཚེགས་སྒོ་བརྒྱད་འགྲེལ་སོགས་སྒོ་བརྒྱད་ཀྱང་། །
ཡོངས་སུ་མ་གྲགས་གྲགས་པའི་འདྲེན་ཚུལ་གཉིས། །
ཞེས་གསུངས་པ་ལྟར་རྗེ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་ (དུས་རབས་ ༢༠ པ།) འདུལ་བ་ལས་[3]ཀྱང་། སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ཡི་ཕྲན་ཚེགས་སྒོ་བརྒྱད་དམ་ལེའུ་བརྒྱད་ཀྱི་འགྲེལ་པ་དང་། དེས་མཛད་པའི་ཞུ་འགྲེལ་སོགས་ཡོད་པའི་ཕྱིར། ཕྲན་ཚེགས་སྒོ་བརྒྱད་ཕྲན་ཚེགས་སུ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་འདྲེན་ཚུལ་གཉིས་ཡོད། ཅེས་གསུངས་པ་བཞིན་མདོར་ན་གོང་གི་ལུང་དེ་ཉིད་སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་ཤྲཱི་བུདྡྷ་ཤཱནྟི་དང་། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའི་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པའི་[4]ཚིག་ཡིན་པ་གཞུང་དེ་ཉིད་དུ་ཤིན་ཏུ་གསལ་བས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་མིན་པར་སློབ་དཔོན་ཚུལ་ཁྲིམས་བསྐྱངས་[5]ཀྱི་གསུང་ཡིན་པས། ཚུལ་ཁྲིམས་བསྐྱངས་དང་སངས་རྒྱས་བསྐྱངས་ཀྱི་མཚན་གཉིས་ཅུང་ཟད་འདྲ་བའི་ཆ་ནས་མཛད་པ་པོའི་མཚན་ལ་འཁྲུལ་གཞི་བྱུང་བ་ཞིག་གོ།
སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱི་ཕྲན་ཚེགས་ཀྱི་འགྲེལ་པ་དང་། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་འདུལ་བ་གཞི་དང་གཞུང་དམ་པའི་འགྲེལ་པ། སློབ་དཔོན་འདུལ་བ་ལྷའི་འདུལ་བ་ལུང་རྣམ་འབྱེད་ཀྱི་འགྲེལ་པ་བཞི་པོ་དེ་དག་ནི་དམ་ཆོས་འདུལ་བའི་གསུང་རབ་བྱེ་བྲག་པའི་དགོངས་པ་བཀྲལ་བའི་བསྟན་བཅོས་ཡིན་པར་གྲགས་སོ།།
མདོར་ན། སློབ་དཔོན་སངས་རྒྱས་བསྐྱངས་ཞབས་ཀྱིས་མཛད་པའི་བསྟན་བཅོས་མང་དུ་ཡོད་པར་གྲགས་ཀྱང་། བོད་འགྱུར་མ་ཡིག་རྙེད་སོན་བྱུང་བ་ནི། བུདྡྷཿཔཱ་ལི་ཏ་ཁོ་ན་ཡིན་པས། འདི་ཉིད་ད་ལན་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་གཉིས་པ། ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༦༢༡
[2] གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼ཁ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣
[3] གནའ་དཔེ་གཅེས་བསྡུས་དཔེ་ཚོགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༦
[4] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཛུ༽ དེབ་ ༨༨ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༨
[5] སློབ་དཔོན་ཚུལ་ཁྲིམས་བསྐྱངས་ནི། དུས་རབས་ ༩ པའི་ནང་དུ་བྱོན་སྙམ། ཁོང་གིས་འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་པར་བཤད་པ་སོགས་བརྩམས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༠ ནས་ ༤༤༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།