ཝ༽ སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དོགས་དཔྱོད།

ཝ༽ སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དོགས་དཔྱོད།

༡༽ པྲ་ཀ་ར་ཎ་སྟེ་རབ་ཏུ་བྱེད་པའི་སྡེ་བརྒྱད།

 

དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་འཛམ་གླིང་རྒྱན་དྲུག་གི་བསྟོད་པ་ཐར་པའི་ཐེམ་སྐས་ལས[1]།

མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་ཅིང་། །

ལེགས་པར་སྦྱངས་པའི་བློ་གྲོས་ཕུལ་དུ་བྱུང་། །

སངས་རྒྱས་གཉིས་པར་གྲགས་པ་དབྱིག་གི་གཉེན། །

མཁས་པའི་དབང་པོ་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་མཁས་མཆོག་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རབ་ཏུ་བྱེད་པ་སྡེ་བརྒྱད་ནི། ཀརྨ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ལས[2]། སློབ་དཔོན་དབྱིག་གཉེན་གྱིས་ཐེག་ཆེན་སྟོན་པའི་བསྟན་བཅོས་པྲ་ཀ་ར་ཎ་སུམ་ཅུ་པ་སོགས་རང་རྒྱུད་དུ་བརྩམས་པ་ལྔ། སྤྱོད་པ་རྒྱ་ཆེན་སོགས་གཞན་རྒྱུད་དུ་བརྩམས་པ་གསུམ་མོ། །   ཞེས་གསུངས་པ་ལྟར། རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་ལྔ་དང་། གཞན་རྒྱུད་དུ་བརྩམས་པའི་བསྟན་བཅོས་གསུམ་པོ་གང་དག་ཡིན་པ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1899/1900) ཤེས་བྱ་ཀུན་ཁྱབ་ལས[3]། སློབ་དཔོན་ཉིད་ཀྱིས་རང་རྐང་དུ་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ནི། ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ་དང་། དེ་རིགས་པས་གྲུབ་པ་ཉི་ཤུ་པ། དེའི་གཞི་ཕུང་པོ་ལྔ་འཐད་པར་སྟོན་པ་ཕུང་པོ་ལྔ་པ། དེ་ལྟར་བཤད་ཉན་འཆད་པར་སྟོན་པ་རྣམ་བཤད་རིགས་པ། སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ། ཕྱིན་དྲུག་སོགས་སྤྱོད་པ་རྒྱ་ཆེན་དང་། རྟེན་འབྲེལ་བཅུ་གཉིས་དང་། མཚན་ཉིད་གསུམ་འཐད་པར་སྟོན་པ་མདོ་སྡེ་རྒྱན། རྟེན་འབྲེལ་གྱི་མདོ། དབུས་མཐའ་རྣམ་འབྱེད་གསུམ་གྱི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་བཅས་བརྒྱད་དོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས་[4]ཀྱང་། གཅུང་པོ་སློབ་དཔོན་དབྱིག་གཉེན་གྱིསཿ པྲ་ཀཱ་ར་ཎ་སྡེ་བརྒྱད་དངཿ མངོན་པ་འོག་མ་རྣམས་མཛད་དོཿ ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་ནང་ཚན་དུ་གྱུར་པའི་ལེགས་སྦྱར་སྐད་དུ་པྲ་ཀ་ར་ཎ་སྡེ་བརྒྱད་དང་། བོད་སྐད་དུ་བསྒྱུར་ན་རབ་ཏུ་བྱེད་པ་སྟེ། དོན་གཅིག་ལ་དམིགས་སུ་བཀར་ནས་བརྗོད་པ་རབ་ཏུ་བྱེད་པ་ཞེས་བྱ་ཞིང་། དེ་ཡང་རབ་ཏུ་བྱེད་པ་བརྒྱད་ནི། ༡ ཉི་ཤུ་པ་དང་། ༢ སུམ་ཅུ་པ། ༣ རྣམ་བཤད་རིགས་པ། ༤ ལས་གྲུབ་པའི་རབ་བྱེད། ༥ ཕུང་པོ་ལྔའི་རབ་བྱེད། ༦ རྟེན་འབྲེལ་མདོ་འགྲེལ་བཅས་དང་། ཁ་ཅིག་གིས་རྟེན་འབྲེལ་མདོ་འགྲེལ་མི་འདྲེན་པར་དེའི་ཚབ་ཏུ་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་འདྲེན་པའང་ཡོད་ལ། བུ་སྟོན་རིན་ཆེན་གྲུབ་དང་། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་མཁས་པ་མང་པོས་རྟེན་འབྲེལ་མདོ་འགྲེལ་འདྲེན་པར་བྱེད་ཅིང་། ༧ དབུས་མཐའི་འགྲེལ་པ་དང་། ༨ མདོ་སྡེ་རྒྱན་གྱི་འགྲེལ་པ་བཅས་བརྒྱད་དང་། ༩ ཐེག་ཆེན་བསྡུས་པའི་འགྲེལ་པ། འདི་ནི་བསྟན་བཅོས་བརྒྱད་ཀྱི་ཁུངས་སུ་མ་བསྡུས་སོ།།

རབ་ཏུ་བྱེད་པ་སྡེ་བརྒྱད་ལ་གྲངས་འདྲེན་གནང་ལུགས་མི་མཚུངས་པ་འདི་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། པྲ་ཀ་ར་ཎ་སྡེ་བརྒྱད། ༡ མདོ་སྡེ་རྒྱན་གྱི་འགྲེལ་པ། ༢ དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ༣ ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། ༤ རྣམ་བཤད་རིགས་པ། ༥ ལས་གྲུབ་པའི་རབ་ཏུ་བྱེད་པ། ༦ ཕུང་པོ་ལྔའི་རབ་ཏུ་བྱེད་པ། ༧ ཉི་ཤུ་པའི་རབ་ཏུ་བྱེད་པ། ༨ སུམ་ཅུ་པའི་རབ་ཏུ་བྱེད་པ། འདི་ནི་དབྱིག་གཉེན་གྱིས་མཛད་པ་སྟེ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་ནང་ཚན་ནོ། །ཤེས་ལྡན་ཡིད་ཀྱི་དགའ་སྟོན་ལས་ཁ་ཅིག་གིས་ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་མི་འདྲེན་པར་རྟེན་འབྲེལ་གྱི་མདོ་འགྲེལ་འདྲེན་པའང་ཡོད་དོ། །ཞེས་གསུངས་སོ།།

འོ་ན་སྡེ་བརྒྱད་པོ་དེ་དག་གིས་བརྗོད་བྱ་གང་སྟོན་ཅེ་ན། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[6]། དབྱིག་གཉེན་གྱི་རབ་ཏུ་བྱེད་པ་སྡེ་བརྒྱད་ནི། ༡ ཆོས་ཐམས་ཅད་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ། ༢ དེ་རིགས་པས་སྒྲུབ་པ་ཉི་ཤུ་པ། ༣ དེའི་གཞི་ཕུང་པོ་ལྔ་འཐད་པར་སྟོན་པ་ཕུང་པོ་ལྔ་པ། ༤ དེ་ལྟར་ཡིན་ཡང་བཤད་ཉན་འཐད་པར་སྟོན་པ་རྣམ་བཤད་རིགས་པ། ༥ སྒོ་གསུམ་གྱི་ལས་འཐད་པར་སྟོན་པ་ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ། ༦ ཕྱིན་དྲུག་སོགས་སྤྱོད་པ་རྒྱ་ཆེན་དང་། རྟེན་འབྲེལ་བཅུ་གཉིས་དང་། མཚན་ཉིད་གསུམ་འཐད་པར་སྟོན་པ་མདོ་སྡེ་རྒྱན། ༧ རྟེན་འབྲེལ་གྱི་མདོ། ༨ དབུས་དང་མཐའ་རྣམ་འབྱེད་གསུམ་གྱི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ་བརྒྱད་དོ། །ཞེས་གསུངས་སོ། །ཁ་ཅིག་སློབ་དཔོན་འདིས་ས་བཅུ་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་པས། སྡེ་བརྒྱད་ངེས་པ་མེད་ཅིང་། བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའི་གྲངས་ངེས་མེད་ཟེར་རོ། །གྲངས་ངེས་མཛད་པ་རྣམས་ནི་ས་སྡེ་ལྔ་སྡོམ་གཉིས་བྱམས་ཆོས་ལྔ། རབ་ཏུ་བྱེད་པ་སྡེ་བརྒྱད་དེ་དེ་དག་ལ་འདོད་དོ། །ཞེས་གསལ་ལོ།།

དེ་བཞིན་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ལས[7]། པྲ་ཀ་ར་ཎ་སྡེ་བརྒྱད་ཀྱི་ངེས་པ་རྒྱུད་སྡེ་སྤྱི་རྣམ་དུ་བཀག་ཀྱང་། གཞུང་ཕལ་མོ་ཆེར་རྣམ་བཤད་རིགས་པ་སོགས་རང་རྐང་ལྔ་དང་། གཞན་འགྲེལ་གསུམ་དུ་བཤད་དོ། །འོན་ཀྱང་པཎྜི་ཏ་མུ་ཎི་ཤྲིས། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པ། སུམ་ཅུ་པ། གསུམ་བྱམས་པས་མཛད་པར་གསུངས། ཤནྟི་པས། ཤེར་ཕྱིན་མན་ངག་ཏུ་ཀུན་བཏུས་བྱམས་པས་མཛད་པར་གསུངས་པ་ལྟ་བུ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་པོ་འདིའི་གྲངས་དང་མཛད་པ་པོ་ལ་བཤད་ཚུལ་མང་བས། འདི་ཡང་རྣམ་བཤད་རིགས་པ་སྡེ་བརྒྱད་ལས་ལོགས་སུ་བྱས་པའི་བཤད་ཚུལ་ཞིག་ལ་བརྟེན་ནམ་དཔྱད་པར་བྱའོ། །ཞེས་གསུངས་སོ།།

འདི་ལ་དོགས་གཅོད་འདི་ལྟར་མཆིས་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ (1575-1634) རྒྱ་གར་ཆོས་འབྱུང་ལས[8]། དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང་། རང་རྐང་དུ་བརྩམས་པ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། གཙུག་ཏོར་རྣམ་རྒྱལ་འབུམ་བཟླས་པས་ཀྱང་དེའི་རིག་སྔགས་གྲུབ། དེ་ནས་གསང་བའི་བདག་པོའི་ཞལ་མངོན་དུ་གཟིགས་ཤིང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་བརྙེས་སོ། །སློབ་དཔོན་ ༼དབྱིག་གཉེན།༽ འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་བགྲངས་ཀྱང་། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང་། རྣམ་བཤད་རིགས་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་དཀའོ།།

དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་པོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །ཞེས་གསུངས་པ་ལྟར། པྲ་ཀ་ར་ཎ་སྟེ་རབ་ཏུ་བྱེད་པ་སྡེ་བརྒྱད་ཟེར་བཞིན་དུ། རྟེན་འབྲེལ་མདོ་འགྲེལ་དང་། དབུས་མཐའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ། རྣམ་བཤད་རིགས་པ་བཅས་ལ་རབ་ཏུ་བྱེད་པའི་ཐ་སྙད་སྦྱར་མེད་ཅིང་། གཞན་རྣམས་ལ། ལས་གྲུབ་པའི་རབ་བྱེད་དང་། ཕུང་པོ་ལྔའི་རབ་བྱེད། ཉི་ཤུ་པའི་རབ་བྱེད། སུམ་ཅུ་པའི་རབ་བྱེད་ཅེས་འགའ་ཞིག་ལ་སྦྱར་ལ་འགའ་ཞིག་ལ་མི་སྦྱར་བའང་མི་འཐད་པའི་ཚུལ་རྗེ་བཙུན་ཏཱ་ར་ནཱ་ཐས་གནོད་བྱེད་དང་བཅས་དོགས་གཅོད་ཀྱིས་ལེགས་པར་གསུངས་པ་ལ་གོ་རྒྱུ་ཤིན་ཏུ་ཆེ་བས་དཔྱད་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༦

[2]  ཀརྨ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ཇ༽ དཔེ་གཟུགས། ཤོག་གྲངས་ ༢བ༤

[3]  ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༠༨

[4]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། དེབ་གཟུགས། ཤོག་གྲངས་ ༣༠༢

[5]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ ༢༠༠༢ ལོ། ཤོག་གྲངས་ ༡༢༧༤

[6]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༡

[7]  གུང་ཐང་གི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ། སྒོ་མང་དཔེ་མཛོད། ༢༠༠༠ ལོ། ཤོག་གྲངས་ ༨༥

[8]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༥༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༧ ནས་ ༡༦༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *