༄༅། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། །

༄༅། །དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས།

 ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་ལ། །བཏུད་དེ་ནག་པོ་ཆེན་པོ་ཡི། །སྒྲུབ་པའི་རིམ་པ་བྲི་བར་བྱ། །དབང་གིས་སྨིན་བྱས་དམ་ཚིག་ལྡན། །བླ་མ་ལ་གུས་སྙིང་བརྩེ་གཏོང་། །ཤེས་རབ་བཟོད་ལྡན་བརྩོན་འགྲུས་ཆེ། །སྒྲུབ་ལ་དཔའ་བའི་སྔགས་པ་ཡིས། །ཡིད་འོང་དབེན་པའི་གནས་དག་གམ། །རི་བོ་དུར༌[1]ཁྲོད་མ་མོ་དང་། །གཤིན་རྗེ་འཇིགས་སུ་རུང་བ་ཡི། །

གནས་སུ་ནག་པོ་བསྒྲུབ་པར་བྱའོ། །མཎྜལ་མཆོད་དང་གཏོར་མ་བཤམ། །རྟེན་བཤམས་བདེ་བའི་སྟན་འདུག་སྟེ། །རང་གི་ལྷ་ཡི་རྣལ་འབྱོར་དུ། །ཞུགས་ཏེ་ཆོ་ག་རྫོགས་པ་དང་།[2] །བླ་མ་ལ་སྨོད་བསྟན་ལ་སྡང་། །དེ་དག་རབ་ཏུ༌[3]ཞི་བྱའི་ཕྱིར། །བདག་གིས་ནག་པོ་བསྒྲུབ་པར་བྱའོ། །སྙམ་དུ་བློ་ནི་བསྐྱེད་བྱ་སྟེ། །ཕྱི་དང་ནང་གི་དངོས་པོ༌[4]རྣམས། །སྐད་ཅིག་སྟོང་པར་བསྒོམ་པར་བྱ། །མདུན་དུ་པདྨ་ཉི་མ་ལ།[5] །གནས་པའི་ཡི་གེ་ཧཱུཾ་ནག་པོ། །བལྟས་ཏེ་དེ་ཡི་འོད་ཟེར༌[6]གྱིས། །གདུག་པ་མ་ལུས་ཞི་བྱས་ཏེ། །འགྲོ་ཀུན་བདེ་བ་ལ་བཞག་ནས། །སླར་འདུས་ཧཱུཾ་ལ་ཐིམ་གྱུར་ཏེ། །ཡི་གེ་གྱུར་པས་སྐད་ཅིག་གིས། །བྱ་རོག་མིང་ཅན༌[7]ནག་པོ་ཆེ། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །དང་པོ་བེ་ཙའི་འབྲས་བུ་དམར། །གཉིས་པ་རལ་གྲི་འཛིན་པའོ། །གཡོན་གྱི་དང་པོ་ཁྲག་ཆེན་གྱིས། །རབ་ཏུ་གང་བའི༌[8]ཐོད་པ་འཛིན། །གཉིས་པ་ཁ༌[9]ཊྭཱཾ་འཛིན་པའོ། །སྟག་གི༌[10]པགས་པས༌[11]སྨད་དཀྲིས་ཤིང་། །དབུ༌[12]སྐྲ་ཨག་ཚོམ་སྨིན་མ་སེར། །སྤྱན༌[13]གསུམ་མཆེ་གཙིགས་འཇིགས་པར་བྱེད། །ཐོད༌[14]པ་རིན་ཆེན་སྦྲུལ༌[15]གྱིས་བརྒྱན། །སྣ་ཚོགས་པདྨ་ཉི་སྟེང་དུ། །དཔའ་བོའི་འདུག་སྟངས་ཀྱིས༌[16]གནས་པའོ། །དེ་ནས་རང༌[17]གི་ཐུགས་ཀ་ཡི། །ས་བོན་ལས་འཕྲོས་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་ལ༌[18]ཛཿཧཱུཾ་བཾ་ཧོཿཡིས། །དགུག་གཞུག་བསྟིམ་དང་མཉེས་པར་བྱ། ། སྤྱི་བོ༌[19]མགྲིན་པ་སྙིང་ག༌[20]རུ། །པདྨ་ཉི་མའི་གདན་སྟེངས་སུ། །ཧཱུཾ་དང་ཨཱཿདང་ཨོཾ་གསུམ་གྱིས། །སྐུ་གསུང་ཐུགས་གསུམ་བྱིན་གྱིས་བརླབས། །ལེགས་མཆོད་བསྟོད་དེ་དེ་ནས་ནི། །ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཅི་ནུས༌[21]པར། མན་ངག་བཞིན་དུ་བཟླས༌[22]པར་བྱ། །སྐྱོ་ན་གཏོར་མ་བྱིན་བརླབས་ཏེ། །རང་སྔགས་ཀྱིས་ནི་བསྔོ་བར་བྱའོ། །ལེགས་པར་མཆོད་ལ་དེ་ཉིད་ཀྱི། །རྐང་པ་བརྒྱད་པས་བསྟོད་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་རྣམས་གང་ཡིན་དེ་རྩོལ་བྱ། །ཡེ་ཤེས་གཤེགས་ལ་དམ་ཚིག་བསྡུ། །བློ་ལྡན་མཚན་མ་མ་བྱུང་གི །བར་དུ་འབད་དེ་བསྒྲུབ་པར་བྱ། །མཚན་མ་བྱུང་ནས་བླ་མ་ཡི། །མན་ངག་བཞིན་དུ་ལས་ལ་སྦྱོར། །བླ་མའི་གསུང་གི་རྗེས་འབྲངས་ཏེ། །བདག་གིས་ནག་པོ་སྒྲུབ་པའི་ཐབས། །བྲིས་པའི་བསོད་ནམས་ཐོབ་པ་དེས། །བགེགས་ཞི་ཐུབ་དབང་ཐོབ་པར༌[23]ཤོག །དཔལ་ནག་པོ་ཆེན་པོ་སྒྲུབ་པའི་ཐབས་འཕགས་པ་ཀླུ་སྒྲུབ༌[24]ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡཱ་ཀ་ར་དང་། ལོ་ཙཱ་བ་ཙ་མི་ཆེན་པོས་བསྒྱུར་བའོ། །

 

བསྡུར་མཆན།

[1] རི་བོ་དུར་ ༼སྣར། པེ།༽ རི་བོ་

[2] ཆོ་ག་རྫོགས་པ་དང་། ༼སྣར། པེ།༽ ཆོ་ག་འགྲེང་བ།

[3] རབ་ཏུ་ ༼སྣར། པེ།༽ རབ་བཙིགས་

[4] དངོས་པོ་ ༼སྣར། པེ།༽ འཛག་པོ་

[5] ལ། ༼པེ།༽ ལྟར་།

[6] འོད་ཟེར་ ༼སྣར། པེ།༽ འོད་

[7] མིང་ཅན་ ༼སྣར། པེ།༽ མིང་ལྔས་

[8] གང་བའི་ ༼སྣར། པེ།༽ ཤ་བའི་

[9] ཁ་ ༼སྣར། པེ།༽ རཱ་

[10] སྟག་གི་ ༼སྣར།༽ སྟག་མུཀྲ་ ༼པེ།༽ སྟག་མུཀྚ་

[11] པས་ ༼སྣར། པེ།༽ ན་

[12] དབུ་ ༼སྣར། པེ།༽ མཱ་

[13] སྤྱན་ ༼སྣར། པེ།༽ ། །

[14] མཆེ་གཙིགས་འཇིགས་པར་བྱེད། །ཐོད་ ༼སྣར། པེ།༽ མཆེ་དི་ཏྭྃ་པྲི་ཏ་

[15] རིན་ཆེན་སྦྲུལ་ ༼སྣར། པེ།༽ པི་ད་ཧ་

[16] འདུག་སྟངས་ཀྱིས་ ༼སྣར། པེ།༽ མཱཥྚྃ་ཁ་སྟངས་

[17] ། །དེ་ནས་རང་ ༼སྣར། པེ།༽ ། རཱ་མ་རཱང་

[18] ། །མཆོད་ལ་ ༼སྣར། པེ།༽ ། མ་རཱ་

[19] མཉེས་པར་བྱ། ། ༼སྣར། པེ།༽ མཉེས་པར་སརྦ་བྷུ་

[20] ག་ ༼སྣར། པེ།༽ ཙོ་

[21] ཅི་ནུས་ ༼སྣར། པེ།༽ ཅི་

[22] བཟླས་ ༼སྣར། པེ།༽ བསྐུལ་

[23] ཐོབ་པར་ ༼སྣར། པེ།༽ རྟོག་པར་

[24] སྒྲུབ་ ༼སྣར། པེ།༽ བས་

Leave a Reply

Your email address will not be published. Required fields are marked *