༄༅། །ཕྱི་ལོ་ ༢༠༠༦ ཟླ་བ་ ༡ ཚེས་ ༨ ཉིན་ཨ་མ་ར་ཝ་ཏིའི་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་བཀའ་ཆོས་ལས་ཟུར་བཏོན་ཞུས་པའི་པཎ་གྲུབ་གསོལ་འདེབས་ཀྱི་མཇུག་བྱང་བཀའ་ཁྲིད།
འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། སྤྱིར་དུས་རབས་ཉི་ཤུ་པའི་ནང་དང་། ལྷག་པར་ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་འདིར། ཚན་རིག་གི་ཐོག་ནས་ཕྱིའི་དངོས་པོར་བརྟག་དཔྱད་བྱེད་ཤུགས་ཧ་ཅང་ཆེ་ཞིང་། དེ་འབྲེལ་དངོས་པོའི་རྫས་རིགས་སོ་སོའི་ནུས་པ་དང་།
བྱེད་ལས་མི་འདྲ་བ་རྣམས་གསལ་པོར་རྟོགས་པ་དང་། དེ་དང་འབྲེལ་བའི་དངོས་པོ་རེ་རེའི་ནུས་པར་ཚད་གཞལ་ཞིང་། རྩིས་བརྒྱབ་སྟེ་དེ་དང་འབྲེལ་བའི་དངོས་པོའི་ནུས་པ་འདོན་རྒྱུར་འཕྲུལ་ཆས་ཡར་རྒྱས་ཤུགས་ཆེ་ཕྱིན་པའི་ཐོག་ནས་དེང་སྐབས་ང་ཚོའི་རྒན་རབས་མེས་པོ་དག་གི་སྐབས་སུ་རྨི་ལམ་ལའང་མེད་པ་མང་པོ་ཞིག་དེང་སྐབས་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་དང་། ཉམས་སུ་མྱོང་རྒྱུ་ཡོད་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད།
སྔར་ལོ་མང་པོ་ཕྱིན་པའི་གོང་དུ་ཨ་རིས་ཟླ་བའི་གྲོང་ཁྱེར་དུ་འགྲོ་རྒྱུའི་འཕྲུལ་ཆས་བཟོས་ནས་དེ་རྗེས་ཟླ་བའི་སྟེང་དུ་ཕྱིན་ཏེ་སྐབས་དེར་ཟླ་བའི་གྲོང་ཁྱེར་དང་། ཟླ་བའི་གྲོང་ཁྱེར་ནས་འཛམ་གླིང་ལ་པར་ལེན་བྱས་པ་ལྟར་ཟླ་བའི་གྲོང་ཁྱེར་ནི་བྱེ་ཐང་དང་བྲག་རྡོ་ལྟ་བུ་ཡོད་པ་ཞིག་འདུག །སྐབས་དེར་ངོས་ནས་རྩེད་མོ་དང་བཅས་ཏེ་པར་རིགས་དེ་དག་དགེ་བཤེས་འགའ་ཞིག་ལ་བསྟན་ནས་ད་ཆ་ཟླ་བའི་སྟེང་དུ་མི་སླེབས་ཡོད་པའི་སྐོར་རྣམས་བརྗོད་པར། ལ་ལས་ཟླ་བའི་གྲོང་ཁྱེར་ཨེ་ཡིན། དེ་ནི་རི་རབ་ཀྱི་ཟུར་ལྟ་བུ་ཞིག་ཏུ་བབས་པ་མིན་ནམ་ཞེས་གསུང་མཁན་ཡང་བྱུང་། དེ་ལྟར་དངོས་བྱུང་གི་གནས་ཚུལ་གློ་བུར་དུ་བློ་ངོར་མི་ཤོང་བ་ལྟ་བུ་ཆགས་ཀྱི་ཡོད། དེ་ཡང་རི་རབ་ཅེས་པ་ཞིག་ཡོད་པ་གཞིར་བཞག་གིས་བསམ་བློ་གཏོང་བཞིན་ཡོད། ཟླ་བའི་གྲོང་ཁྱེར་ནས་འཛམ་གླིང་ལ་པར་ལེན་བྱས་པ་དེར་བལྟས་ཚེ་འཛམ་གླིང་ཧྲིལ་པོའམ་ཟླུམ་པོ་ཡིན་པ་ཧ་ཅང་གསལ་པོ་འདུག་ལ། འཛམ་གླིང་ཧྲིལ་པོའི་དབུས་ལྟ་བུར་རིའི་རྒྱལ་པོ་རི་རབ་ཅེས་པ་མཐོང་རྒྱུ་མེད་པ་དང་། ཉི་ཟླའི་འཁོར་ཕྱོགས་དེ་དག་ཀྱང་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་གི་ཐོག་ནས་གྲིབ་གཟུགས་ཀྱིས་སྒྲིབ་ཚུལ་དེ་དག་རི་རབ་ཀྱི་གྲིབ་མས་སྒྲིབ་ཀྱི་མེད་པ་ཤིན་ཏུ་གསལ་པོ་ཡིན།
དེ་བཞིན་ཡོངས་གྲགས་སུ་ཟླ་འོད་དང་ཉི་འོད་ཅེས་ཟླ་བར་རང་འོད་ཡོད་པ་ཞིག་བརྗོད་ཀྱི་ཡོད། འོན་ཀྱང་ཟླ་བ་རང་འོད་མེད་པ་དེ་ཡང་ཧ་ཅང་གསལ་པོ་རེད། སྔར་ངོས་རང་ལྷ་སར་ཡོད་པའི་སྐབས་སུ་རྒྱང་ཤེལ་ཆེན་པོ་དེ་རིགས་ཡོད་ཅིང་། ངོས་ནས་རྒྱང་ཤེལ་གྱིས་ཟླ་བཀྲག་ལ་ལྟ་སྐབས་ཟླ་བཀྲག་གི་སྟེང་དུ་རི་ཡོད་པ་དང་། ཟླ་བཀྲག་གི་སྟེང་དུ་རང་འོད་མེད་པར་ཉི་འོད་ཡིན་པའི་རྟགས་སུ་ཉི་མ་འཆར་ནུབ་ཀྱི་ངོས་ནས་ཟླ་བའི་སྟེང་དུ་ཡོད་པའི་རིའི་གྲིབ་གཟུགས་དེ་དག་ཉི་མ་བཞུད་ཁར་སླེབས་ཡོད་ཚེ་ཟླ་བའི་ཐོག་གི་རིའི་གྲིབ་གཟུགས་དེ་དག་སྟེང་ཕྱོགས་སུ་སླེབས་བཞིན་འདུག །དེ་དག་ཧ་ཅང་གསལ་པོ་ཡོད།
དེ་ནི་ཕྱི་ལོ་ ༡༩༥༦-༡༩༥༧ ཙམ་ལ་ཡིན་ཅིང་། ངོས་ནས་ཟླ་བཀྲག་ཧ་ཅང་གསལ་པོ་ཡོད་པའི་མཚན་མོ་ཞིག་ཟླ་བའི་གྲོང་ཁྱེར་དུ་རྒྱང་ཤེལ་བཙུགས་ནས་ལྟ་ཆོག་གི་གྲ་སྒྲིག་བྱས་རྗེས་ཡོངས་འཛིན་རྣམ་གཉིས་གདན་འདྲེན་ཞུས་ཏེ་ཟླ་བའི་སྟེང་དུ་རི་འདུག་ཅེས་སྤྱན་འབུལ་ཞུས་པ་ཡིན། ཡོངས་འཛིན་རྣམ་གཉིས་ནས་ཟླ་བར་རང་འོད་མཐོང་རྒྱུ་མེད་པ་དང་། འོད་དེ་ཉི་འོད་ཡིན་པ། ཟླ་བའི་སྟེང་དུ་ཡོད་པའི་རི་དེ་དག་གི་གྲིབ་གཟུགས་འདི་ལྟར་སླེབས་འདུག་ཅེས་གསུངས་བྱུང་། དེ་དག་ནི་མཐོང་ཆོས་སུ་ཡོད་པ་ཞིག་རེད། ང་ཚོས་ནམ་རྒྱུན་བརྗོད་བཞིན་པ་དང་། ཡོད་ཤག་གིས་ཡིད་ཆེས་བྱེད་བཞིན་པ་དེ་ལྟར་མིན་པ་ཧ་ཅང་གསལ་པོ་རེད་འདུག
ཡང་ངོས་ནས་ནམ་རྒྱུན་བརྗོད་མུས་ཀྱི་ལོ་རྒྱུས་ཤིག་ལ། ཕྱི་ལོ་ཉིས་སྟོང་བརྒྱ་མེད་བཞི་ལྔ་ཙམ་ལ་ངོས་རང་སྦན་དྷ་ར་གཞིས་ཆགས་སུ་ཐེངས་གཅིག་བསྐྱོད་སྐབས། གཞིས་ཆགས་སུ་སློབ་གྲྭ་གསར་པ་ཆུང་ཆུང་ཞིག་གསར་འཛུགས་བྱས་འདུག །སློབ་གྲྭ་དེ་ངོས་རང་དེ་སྔ་གཞིས་ཆགས་སུ་སླེབས་སྐབས་མེད་པར་གསར་པ་ཡིན་པས་ཡོང་རོགས་ཞེས་བརྗོད་ཀྱི་འདུག་པ་ལྟར་ཕྱིན་པ་ཡིན། སྐབས་དེར་ངོས་རང་སློབ་གྲྭའི་སྒོ་འགྲམ་དུ་སླེབས་སྐབས་ཚན་རིག་གི་འགྲེམ་སྟོན་ཆུང་ཆུང་ཞིག་གོ་སྒྲིག་བྱས་འདུག །འགྲེམ་སྟོན་གྱི་ཁྲོད་དུ་ཉི་ཟླ་གཟའ་འཛིན་ཇི་ལྟར་དུ་ཡོང་མིན་སྐོར་ཉི་ཟླ་དང་། འཛམ་གླིང་སོགས་ཀྱི་བཟོ་དབྱིབས་བཟོས་ནས་འགྲེལ་བརྗོད་བྱེད་བཞིན་འདུག་ལ། དེ་ཡང་འཛམ་གླིང་དང་ཉི་མའི་བར་དུ་ཟླ་བ་སླེབས་སྐབས་ཉི་མ་གཟའ་འཛིན་ཡོང་བ་དང་། ཉི་མ་དང་ཟླ་བའི་བར་དུ་འཛམ་གླིང་སླེབས་ནས་ཟླ་བ་གཟའ་འཛིན་ཡོང་ཚུལ་རྣམས་གཟུགས་བརྙན་གྱི་ཐོག་ནས་བུ་མོ་ལོ་ན་བརྒྱད་དགུར་སོན་པ་ཞིག་གིས་འགྲེལ་བཤད་རྒྱག་གི་འདུག །བུ་མོ་ཆུང་ཆུང་དེས་ངོས་ལ་ང་ཚོ་བོད་པས་ཉི་ཟླ་གཟའ་འཛིན་ཡོང་སྐབས་སྒྲ་གཅན་གྱིས་ཉི་ཟླ་བཟས་པ་རེད་ཅེས་བརྗོད་ཀྱི་ཡོད་པ་དེ་ལྟར་མིན། ཉི་ཟླ་གཟའ་འཛིན་ཡོང་བ་ནི་འདི་ལྟར་དུ་ཡོང་གི་ཡོད་ཅེས་འགྲེལ་བཤད་བརྒྱབ་བྱུང་། སྐབས་དེར་བརྙན་པར་རྒྱག་མཁན་ཞིག་བྱུང་ཡོད་ན། ཧ་ཅང་སྙིང་རྗེ་པོ་ཞིག་ཡོང་ངེས་འདུག །གཞིས་ཆགས་ཆུང་ཆུང་གི་སློབ་གྲྭ་གསར་པ་ཆུང་ངུ་ཞིག་གི་ནང་དུ་བོད་ཕྲུག་བྱིས་པ་ཆུང་ཆུང་ཞིག་གིས་འགྲེལ་བཤད་བྱེད་ཡུལ་ངོས་༸རྒྱལ་བ་རིན་པོ་ཆེར་འགྲེལ་བཤད་གདེང་འཁེལ་བའི་ཐོག་ནས་བརྒྱབ་བྱུང་།
དེང་སྐབས་དངོས་སུ་རྒྱང་ཤེལ་གྱི་ཐོག་ནས་བལྟ་བ་དང་། ལྷག་པར་ས་གནས་ས་ཐོག་ཏུ་བསྐྱོད་དེ་བརྟག་ཞིབ་པར་ལེན་བྱས་པ། དེ་ཡང་མི་གཅིག་གིས་མཐོང་བ་ཙམ་མིན་པར་མི་གཅིག་གིས་མཐོང་བ་ལྟར། ལྟ་ས་དེར་མི་སུས་བལྟས་ཀྱང་མཐོང་སྣང་གཅིག་མཚུངས་ཡོང་བ་ཞིག་མཐུན་སྣང་དུ་གྲུབ་ཡོད། དེ་ཡང་སྔ་ལོ་བལྟ་སྐབས་མཐོང་ཚུལ་གཅིག་མཚུངས་ཡོད་པ་དེར་འདི་ལོར་ལྟ་སྐབས་ཀྱང་མཐོང་ཚུལ་གཅིག་མཚུངས་ཡོད་པ་ཆགས་སྐབས། མཐུན་སྣང་དུ་གྲུབ་ཅེས་པ་དེ་ལྟ་བུའི་ཐོག་ནས་བརྗོད་དགོས་པ་ཡིན། དོན་དེ་མྱོང་བའམ་སྣང་བའི་སྒོ་ནས་དོན་དེ་གྲགས་པ་ཡིན་པ། དེ་ལ་ཐ་སྙད་པའི་ཚད་མ་གང་གིས་ཀྱང་མི་གནོད་པ། ཐ་སྙད་དཔྱོད་བྱེད་ཀྱི་རིགས་པས་ཀྱང་མི་གནོད་པའི་སྟེང་ནས་ཡོད་པར་འཇོག་དགོས་པ་ཡིན། དེར་བརྟེན་འཛམ་གླིང་ཧྲིལ་པོ་ཡིན་པ་དེ་ཧ་ཅང་གསལ་པོ་ཆགས་ཡོད།
ད་ནི་ང་ཚོས་རི་རབ་བརྗོད་དགོས་པར་བརྟེན། རི་རབ་དེ་བཞིན་ང་ཚོས་རང་ཉིད་ཀྱི་ལས་དབང་གིས་ཡིན་པ་ལས། ང་རང་ཚོའི་ལས་ཀྱི་སྤྱོད་ཡུལ་མིན་ཞེས་བརྗོད་དགོས་བྱུང་ཡང་མི་བདེ་བ་ཞིག་ཡོད། རི་རབ་ཀྱི་གྲིབ་གཟུགས་ང་ཚོས་ལོངས་སུ་སྤྱོད་བཞིན་ཡོད། དེས་ན་རི་རབ་ཀྱི་གྲིབ་ནག་ང་ཚོས་ལོངས་སུ་སྤྱད་ཀྱང་། གྲིབ་གཟུགས་གང་ལས་བྱུང་བའི་རི་རབ་དེ་ང་ཚོའི་མཐོང་སྣང་དུ་མེད་པ་ཞིག་ཡིན་ན་དེ་ཡང་མི་བདེ་བ་ཞིག་ཡོད། རི་རབ་མི་མཐོང་ཞིང་། རི་རབ་ཀྱི་གྲིབ་གཟུགས་ཀྱང་ང་ཚོས་ལོངས་མི་སྤྱོད་པར་རི་རབ་ཀྱི་ཐོག་ནས་མགོ་རྙོག་ཡོད་ཀྱང་སྐྱོན་ཆེ་བ་གང་ཡང་མེད། རི་རབ་ཀྱི་གྲིབ་གཟུགས་དེ་ང་ཚོས་ཉིན་མཚན་རེ་རེའི་སྐབས་སུ་འཆར་ཅན་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་ལ། གྲིབ་སོ་གང་ནས་ཡོང་བའི་རི་རབ་དེ་རྙེད་རྒྱུ་མེད་པ་ཞིག་འཇོག་དགོས་བྱུང་ན་མི་བདེ་བ་ཞིག་ཏན་ཏན་ཡོད། དེས་ན་ཚད་མ་རྣམ་འགྲེལ་ནང་དུ་མ་དམིགས་པའི་རྟགས་བཤད་སྐབས། སྣང་རུང་མ་དམིགས་པའི་ཐོག་ལ་བསམ་བློ་བཏང་ཚེ། རི་རབ་ཡོད་ན་འཚོལ་བར་ངེས་པའི་བརྟག་ཞིབ་པ་དེ་དག་གིས་འཚོལ་སྐབས་རྙེད་དགོས་པར་མ་ཟད། སྣང་དུ་རུང་བ་ཞིག་ཡིན་ནའང་། དེ་ལ་མི་སྣང་བར་བརྟེན་ཕལ་ཆེར་མེད་པ་ལ་ཐག་བཅད་ཆོག་པ་ཞིག་ཡིན།
གཞན་ཡང་ཉི་ཟླའི་ཚད་དང་། འཛམ་གླིང་དང་ཉི་ཟླའི་བར་གྱི་རྒྱང་ཐག་རིང་ཐུང་སོགས་ལ་བསམ་བློ་ཞིག་བཏང་ན། འགལ་དམིགས་ཀྱི་སྟེང་ནས་དོན་དེ་མེད་པར་ཐག་གཅོད་དགོས་པ་ཞིག་རེད། དེས་ན་ང་རང་ཚོའི་སྔར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཡིན་ཤག་བྱས་པ་མང་པོ་ཞིག་དེང་སྐབས་ཀྱི་མཐོང་ཆོས་སུ་འགའ་ཞིག་འགལ་ཟླ་སྣང་བ་དང་། ཁ་ཤས་སྣང་དུ་མི་རུང་བ་ཡིན་པས་ཁས་ལེན་བྱ་རྒྱུ་ཤིན་ཏུ་དཀའ། དེས་ན། ཀུན་མཁྱེན་ཆེན་པོ་རྒྱལ་སྲས་དབྱིག་གཉེན་འཛམ་གླིང་འདིའི་ཐོག་བསྐྱར་དུ་ལན་གཅིག་ཕེབས་ན། ཁོང་གིས་མཛད་པའི་མངོན་པ་མཛོད་ཀྱི་འཇིག་རྟེན་ཁམས་ལེ་བརྟག་པ་ཞེས་པ་དེ་ཕལ་ཆེར་བསྐྱར་དུ་འབྲི་རྩོམ་གནང་དགོས་པ་ཡོང་ངེས་ཡིན། ཞེས་ངོས་ནས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད། དེ་ནི་བསམ་པ་རྣམ་དག་ཡིན། མདོར་ན་དེའི་ཚེ་དེའི་དུས་སུ་རྒྱ་གར་འཕགས་ཡུལ་དུ་ཡོངས་གྲགས་སུ་ཐ་སྙད་ལ་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཕལ་ཆེར་ཡིན་འདུག
དེ་མིན་ནང་པའི་གཞུང་ནས་ཤིན་ལྐོག་སྟོན་པའི་ལུང་དེ་དག་ནི་སྔ་ཕྱི་དངོས་ཤུགས་མི་འགལ་བ་ཞིག་དགོས་པ་ཡིན། དེའི་ཚེ་དེའི་དུས་སུ་ཤིན་ལྐོག་ཏུ་བརྩི་བཞིན་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱི་དབྱིབས་དང་། ཚད་སོགས་མི་འདྲ་བ་སྣ་ཚོགས་ཡོད་པ་མདོ་ནས་གསུངས་པ་ལས། འཇིག་རྟེན་ཁམས་ཀྱི་རྣམ་གཞག་གཅིག་གྱུར་གསུངས་པ་ཞིག་མེད། དེ་བཞིན་འཛམ་གླིང་འདི་ཉིད་ཀྱི་ཐོག་ཏུ་ཆ་མཚོན་ནའང་། དུས་འཁོར་ནས་འཛམ་གླིང་ཆེན་པོ་ཞེས་པ་ཞིག་དང་། རི་རབ་ཀྱི་བཀོད་པ་ཡང་མི་འདྲ་བ་ཞིག་གསུངས་ཡོད། ཆེད་དུ་བྱ་བའི་གདུལ་བྱ་སོ་སོར་ལས་སྣང་མི་མཐུན་པ་སྣ་ཚོགས་སྣང་བཞིན་ཡོད་ཚུལ་འགལ་སྤོངས་སུ་འདི་ལྟར་གསུངས་བཞིན་ཡོད་ཀྱང་། མི་མཐུན་པ་ཞིག་སླེབས་བཞིན་ཡོད། དེས་ན་གཞུང་གཅིག་ནས་གསུངས་པ་དེ་མཐའ་གཅིག་ཏུ་དེ་ཁོ་ན་རེད་ཅེས་བརྗོད་དགོས་དོན་ཨེ་ཡོད་སྙམ།
ལར་ནས་ཆེ་ས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་གནད་འགག་ཐུག་ས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ལ་ཆ་མཚོན་ནའང་། གདུལ་བྱའི་མོས་པ་དང་འཚམ་པར་བཅོམ་ལྡན་འདས་ཀྱིས་གསུང་ཚུལ་མི་འདྲ་བ་ཡོང་གི་ཡོད། དེས་ན་ཐ་སྙད་པའི་རྣམ་གཞག་སྤྱིར་བཏང་གི་རིགས་འགའ་ཞིག་ནི་དེའི་ཚེ་དེའི་དུས་ཀྱི་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཡོང་སྲིད་པས་དེར་འགལ་བ་ཆེ་བ་དེ་ཙམ་མེད། ངོས་ནས་འདི་ལྟར་ཞུ་དགོས་དོན་ནི། དེང་དུས་འཛམ་གླིང་འདིའི་ཐོག་དངོས་པོ་དང་འཕྲུལ་ཆས་ཀྱི་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་དེ་སྔ་ཕན་ཆད་ང་ཚོས་ཡིན་ཤག་ཏུ་བརྩིས་པའི་རིགས་མང་པོ་ཞིག་ལ་དེང་སྐབས་གྲུབ་དོན་གསར་པ་རྙེད་བཞིན་ཡོད།
ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ནའང་། སྔར་མངོན་པ་མཛོད་ནས་གཟུགས་ཀྱི་ཆུང་མཐའ་དང་། དུས་ཀྱི་ཐུང་མཐའ་སོགས་གསུངས་པ་རྣམས་དང་། དེ་བཞིན་བསྐལ་པ་མེ་འཇིག་ཆུ་འཇིག་གི་སྐོར། ཆགས་པའི་བསྐལ་པའི་སྐབས་གཞི་ནས་འབྱུང་བའི་འཕེལ་རིམ་གྱི་ཐོག་ནས་ཆགས་ཚུལ། དེ་རྗེས་བསྐལ་པ་ཡ་ཐོག་རིང་པོ་ནས་བཟུང་སྟེ་བར་གྱི་ཁུགས་པ་བཅོ་བརྒྱད་སོགས་ཀྱི་འགྲེལ་བཤད་རྣམས་ལ་ལྟ་སྐབས་ཧ་ལས་དགོས་པའི་ཞིབ་ཚགས་འདུག་སྙམ་པ་སོགས་ངོ་མཚར་སྐྱེ་གི་ཡོད། གཞན་ཡང་ཐོག་མར་མིའི་འགྲོ་བ་ཆགས་སྟངས་དང་། རིམ་བཞིན་གཟུགས་ཇེ་རགས་སུ་ཕྱིན་ཏེ་ས་ཞག་ལོངས་སུ་སྤྱོད་པ་དང་། རིམ་བཞིན་མ་རྨོས་ལོ་ཏོག་ལོངས་སུ་སྤྱོད་པ་སོགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་སྐོར་གསུང་སྐབས་ཧ་ཅང་ཞིབ་ཚགས་འདུག་སྙམ་པ་དྲན་གྱི་ཡོད།
དེ་ལྟར་འཛམ་གླིང་ཡོངས་ཀྱི་མཐུན་སྣང་དུ་གྲུབ་པའི་གནས་ཚུལ་མང་པོ་ཞིག་རིམ་བཞིན་ཤེས་རྟོགས་ཡོང་སྐབས་སྔར་ཡིན་ཤག་ཏུ་བརྩིས་པ་མང་པོ་ཞིག་འདི་ཡང་དངོས་ཡོད་གནས་ཚུལ་རེད་མི་འདུག །དེ་ཡང་དངོས་ཡོད་གནས་ཚུལ་རེད་མི་འདུག་སྙམ་པ་ལྟ་བུ་ཡོང་གི་འདུག །གལ་ཏེ་དེང་སྐབས་འཛམ་གླིང་ཐོག་བརྟག་དཔྱད་ཞིབ་འཇུག་བྱས། ཚད་དང་རྩིས་བརྒྱབ་ནས་གཏན་ལ་ཕབ་ཅིང་། ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དེ་དག་མིན་པར་ང་ཚོའི་གཞུང་ལུགས་ནས་གསུངས་པ་ཁོ་ནའི་ཐོག་ཏུ་ཨུ་ཚུགས་བརྒྱབ་ནས་ཕྱིན་ན། རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མངོན་སུམ་ལ་བསྙོན་དགོས་པ་ཞིག་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་རུང་བ་ཤིན་ཏུ་དཀའ་ལ། རིགས་པ་དང་འགལ་ཚེ་མི་འགྲིགས་ན། མངོན་སུམ་ལ་བསྙོན་ན་དེ་བས་ཀྱང་སྨོས་ཅི་དགོས། དེ་དག་ལ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད།
དེ་ལས་རྙོག་དྲ་ཚ་བ་ཞིག་ལ། བསྐལ་པ་ཡ་ཐོག་རིང་པོ་ཞེས་པ་དེ་ཕལ་ཆེར་ཁག་པོ་རེད། འཛམ་གླིང་འདི་གྲུབ་ནས་ལོ་ཕལ་ཆེར་ཐེར་འབུམ་ཆུང་བ་ལྔ་ཙམ་ཕྱིན་ཡོད་ལ། འཛམ་གླིང་འདིའི་སྟེང་དུ་སྲོག་ཆགས་ཆགས་ནས་ལོ་ངོ་ཐེར་འབུམ་ཆུང་བ་བཞི་ཙམ་ཕྱིན་ཡོད། དེ་རྗེས་སྲོག་ཆགས་ཀྱི་རིམ་པ་ནས་མིའི་འགྲོ་བ་གྲུབ་པའི་འཕེལ་རིམ་གྱི་དབང་ལས་མིའི་གཟུགས་དབྱིབས་གང་འཚམ་ཆགས་ནས་ལོ་ས་ཡ་གཅིག་ཡས་མས་ཕྱིན་ཡོད་ལས་ཆེ། དེས་ན་ང་ཚོའི་བསྐལ་པ་ཡ་ཐོག་རིང་པོ་བཤད་པ་དེ་ཧ་ཅང་ཁག་པོ་རེད། བསྐལ་པ་ཡ་ཐོག་རིང་པོ་བརྗོད་དཀའ་བར་གྱུར་པས་ན། བསྟན་འབར་མ་ལས།
འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། །
ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །
ཞེས་གསུངས་པ་ལྟར། འདས་པའི་སངས་རྒྱས་གསུམ་སྟེ། ཚེ་ལོ་བརྒྱད་ཁྲིའི་དུས་དང་། ཚེ་ལོ་དྲུག་ཁྲི། ཚེ་ལོ་བཞི་ཁྲིའམ་ཉིས་ཁྲི་སོགས་གསུངས་པ་རྣམས་སྒྲ་ཇི་བཞིན་པར་ཁས་ལེན་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། བསམ་བློ་བཏང་ན་དེ་དག་རྙོག་དྲ་ཚ་པོ་ཞིག་དང་། དེ་དག་ལ་བསམ་བློ་གཏོང་དགོས་པ་ཞིག་ཀྱང་རེད་འདུག །དེས་ན་ནམ་རྒྱུན་ང་ཚོས་ཡིན་ཤག་བྱེད་པ་མང་པོ་ཞིག་ཧ་ལམ་མེད་པར་ཐག་བཅད་ནས་བརྗོད་ཐུབ་པ་ཞིག་གི་ཐོག་ཏུ་སླེབས་ཡོད།
གཉིས་ནས་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་འབྲས་བུར་ད་ལྟ་ང་ཚོས་དངོས་སུ་ལོངས་སུ་སྤྱོད་རྒྱུ་ཞིག་ཡོང་གི་ཡོད། ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པ་སོགས་ཀྱི་ཆོས་ཐོས་བསམ་གྱིས་གཏན་ལ་འབེབས་མཁན་ཁྲི་འབུམ་མང་པོ་ཞིག་ཡོད། མ་གཞི་ཡོན་ཏན་བུམ་ནང་གི་མར་མེ་བཞིན་སྦ་དགོས་པ་ཞིག་ཡིན་ནའང་། ས་ལམ་གྱི་རྟོགས་པ་བརྙེས་མཁན་གཅིག་ཀྱང་མཐོང་རྒྱུ་མེད་ན་རྙོག་དྲ་ཧ་ཅང་ཚ་པོ་ཡོད། འདིར་དགེ་འདུན་པ་མང་པོ་ཞིག་ཡོད་སྟབས། ངོས་ནས་སྦས་གསང་མེད་པར་བརྗོད་ཀྱི་ཡོད་པས་དགོངས་པ་བཞེས་དགོས་པ་ཡིན། ད་དུང་ངོས་ནས་རྣམ་རྟོག་ཅིག་བསླངས་ན། བཟང་སྤྱོད་ལས།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ། །
ཅེས་ང་ཚོས་རྒྱུན་དུ་སྨོན་ལམ་འདི་ལྟར་འདེབས་བཞིན་ཡོད། སྨོན་ལམ་འདི་ལྟར་བཏབ་པ་ལྟར། མི་ཚེ་འདིར་སྒྲུབ་པ་ཉམས་ལེན་བྱས་ཤིང་། དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཅུང་ཟད་ཅིག་ཡོད་ན། ཚེ་ཕྱི་མར་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པ་ལྟ་བུ་མིན་པ་དང་། ཅུང་མངལ་གྲིབ་ལྟ་བུས་ཁྱད་པར་ཡོང་ཤས་ཆེ། འོན་ཀྱང་སྔར་སྦྱངས་པའི་སྐྱེས་སྟོབས་ཀྱི་ཡོན་ཏན་ཤུགས་ཆེ་ཡོད་པའི་ཐོག་སྣོན་མ་བརྒྱབ་ནས། ཚེ་སྔོན་མར་ཚོགས་ལམ་ཆུང་ངུ་ལྟ་བུ་ཞིག་ཏུ་སླེབས་ཡོད་ན། ཚེ་ཕྱི་མ་དེར་ཚོགས་ལམ་འབྲིང་རྙེད་ཐུབ་པ་དང་། ཚེ་གསུམ་པ་དང་བཞི་པ་སོགས་སུ་ཚོགས་ལམ་ཆེན་པོ་དང་། སྦྱོར་ལམ་དྲོད་དང་། རྩེ་མོ། བཟོད་པ། ཆོས་མཆོག་བཅས་སུ་འགྲོ་མཁན་ཞིག་གི་མཚན་གཞི་རག་ན་ཧ་ཅང་ཡག་པོ་འདུག
བླ་མའི་ཡང་སྲིད་ལ་མཚོན་ན། སྐུ་ཚེ་སྔོན་མར་གྲུབ་པའི་ཡོན་ཏན་ནམ་ལུང་རྟོགས་ཀྱི་ཡོན་ཏན་ཡོད་པ་དེ་དག་ཡང་སྲིད་རྗེས་མ་ཕེབས་སྐབས་གཞི་ནས་སློབ་སྦྱོང་བྱེད་དགོས་པ་ལྟ་བུ་ཆགས་པ་དང་། སྐབས་རེ་སྐུ་ཚེ་སྔོན་མ་ལས་ཕྱི་མ་དེ་སྐྱོ་བ་ལྟ་བུ་ཡོང་སྐབས། ཧ་ལམ་ཡང་སྲིད་ཡིན་པ་དེ་ངེས་པ་གསལ་པོ་འཕྲོད་པ་ཞིག་ཡིན་ནའང་། ལུང་རྟོགས་ཀྱི་ཡོན་ཏན་གཞི་ནས་བསྐྱར་གསོ་བྱེད་དགོས་པ་དང་། སྐྱེ་བོ་ཕལ་པ་དང་གཅིག་མཚུངས་ལྟ་བུ་ལས། ཕལ་མོ་ཆེར་མི་འདྲ་བ་ཞིག་དེ་ཙམ་མཐོང་རྒྱུ་མི་འདུག
སྔོན་གྱི་ལོ་རྒྱུས་ཐོག་༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་དང་། ༸རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་བཅས་ནི་སྐུ་ན་གཞོན་ནུའི་སྐབས་ནས་དམིགས་བསལ་ཞིག་ཡོད་པ་སྟེ། ༸རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོར་ཆ་མཚོན་ན། ལོ་ངོ་གཉིས་གསུམ་གྱི་གནས་སྐབས་ནས་ལྗགས་རྩོམ་གནང་རྒྱུར་ཐོགས་པ་མེད་པ་དང་། ལྷག་པའི་ལྷ་ཡི་སྣང་བ་བྲལ་མེད་དུ་ཡོང་བ་ཞིག་ཡོད་ལ། དེ་བཞིན་༸རྒྱལ་དབང་ལུང་རྟོགས་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལས་སྐུ་འཚོ་གཞེས་མ་ཐུབ་ཀྱང་། སྐུ་ན་ཆུང་སྲིད་ཀྱི་སྐབས་ནས་དག་པའི་སྣང་བ་ཧ་ཅང་མང་པོ་ཤར་བ་ཞིག་བྱུང་བའི་ལོ་རྒྱུས་ཡོད། འདི་ལྟ་བུ་འགའ་ཤས་རེ་ཡོད་པ་ལས། དེ་མིན་ཕལ་མོ་ཆེ་སྐུ་ཐང་ཧ་ཅང་མཉེལ་པོ་འདུག །ངོས་ནས་འདི་ལྟར་བརྗོད་ན་སྐྱོན་ཆེ་བ་མེད། གཞན་གྱིས་འདི་ལྟར་བརྗོད་མི་ནུས་ཤིང་། བརྗོད་ན་མགོ་ལ་དབྱུག་པ་གཟེད་རྒྱུའི་ཉེན་ཁ་ཡོད། དེས་ན་བླ་མའི་ཞབས་འདྲེན་བླ་མས་ཞུས་ན་སྐྱོན་མེད། མདོར་ན་འདི་ལྟར་དྲན་སྲིད་པ་ཡིན། དེས་མ་ཚད་ཆོས་ཞེས་པ་དེར་སྙིང་པོ་མེད་ཚུལ་དང་། སྡུག་ས་ནས་བརྗོད་ན་སྤྱི་ཚོགས་ཐོག་བཤུ་གཞོག་གཏོང་བའི་ལག་ཆ་རེད་ཟེར་བ་དང་། འདི་ལྟར་མ་བཤད་ཀྱང་དེའི་ཚེ་དེའི་དུས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་གྱི་གནས་ཚུལ་ཞིག་ཡིན་པ་ལས། ཆོས་ནས་བཤད་པ་དེ་དག་རྣམ་རྟོག་གི་སྒྲོ་བཏགས་པ་འབའ་ཞིག་རེད་སྙམ་པ་དྲན་སྲིད་པ་ཡིན། འདི་ལྟ་བུའི་དུས་སྐབས་ཤིག་ཏུ་སླེབས་ཡོད།
ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། ང་ཚོས་ཆོས་ལུགས་གཞན་རྣམས། རང་གི་སྒྲོལ་མ་རང་གིས་འདོན། །ཞེས་པའི་དཔེ་ལྟར། རང་རང་གིས་ཐུགས་སྣང་དང་། ཐུགས་ཁུར་བཞེས་བཞིན་ཡོད་པས་ཧ་ཅང་ཡག་པོ་རེད། འཛམ་གླིང་འདིའི་ཐོག་ཡོད་པའི་མི་དུང་ཕྱུར་མང་པོ་ཞིག་རང་རང་གིས་ཆོས་ལུགས་སོ་སོར་དད་པ་རྩེ་གཅིག་ཏུ་བྱས་ཏེ་འགྲོ་བཞིན་ཡོད་པས། དེ་དག་ལ་ང་ཚོས་བྱུས་ཏོག་དེ་ཙམ་མེད། ཆོས་ལུགས་དེ་དག་གིས་མིག་མཐོང་ལམ་ཟིན་ལྟར་མི་ལ་ཕན་ཐོགས་ཡོད་ལ། ཆོས་ལུགས་དེ་དག་ལ་ཉམས་ལེན་བྱེད་མཁན་དག་གིས་ཉམས་ལེན་བསམ་པ་རྣམ་དག་བྱེད་མཁན་དེ་རིགས་ནི་སེམས་དུལ་ཞིང་། བྱམས་པ་དང་སྙིང་རྗེ་བཟོད་སྲན་ཅུང་ཟད་ཆེ་བ། ཆོག་ཤེས་མང་བ། འུ་ཐུག་གི་གནས་སྐབས་སུའང་རེ་བ་གཏན་བརླག་ཏུ་སོང་བ་མ་ཡིན་པ་སོགས་ཡོང་གི་ཡོད། དེས་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པ་དང་། ལྷག་པར་བཅོས་སུ་མེད་པའི་སྡུག་བསྔལ་ཡོང་སྐབས། འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་ལ་ཡིད་ཆེས་ཀྱིས་བློ་བཅོལ་ཏེ་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གིས་མཁྱེན་བསམ་པ་ལྟ་བུ་བྱེད་སྐབས་བློ་ལ་ངལ་གསོ་ཐོབ་པ་ལྟ་བུའི་ཕན་ཐོགས་ཡོང་གི་ཡོད།
སྤྱི་ཚོགས་ནང་ལ་ཆ་མཚོན་ན། (Mother Teresa) མ་ཐར་ཀྲེ་རི་ས་ལྟ་བུ་ནི་དངོས་གནས་ཉམ་ཐག་ཅིང་། དབུལ་ཞིང་ཕོངས་པའི་གང་ཟག་སྐྱབས་མེད་མགོན་མེད་རྣམས་ལ་ཞབས་འདེགས་ཇི་ལྟ་བུ་ཞིག་བསྒྲུབས་ཡོད་དམ། བྱམས་དང་སྙིང་རྗེས་ཀུན་ནས་བསླངས་པ་དང་། དེ་བཞིན་འཇིག་རྟེན་བཀོད་པ་པོའི་དཀོན་མཆོག་གིས་བཀོད་པ་གཅིག་གྱུར་ལ་བལྟས་ཏེ་དཀོན་མཆོག་གི་ཞབས་འདེགས་བསྒྲུབས་པ་ཡིན་བསམ་པའི་ཐོག་ནས་སྤྱི་ཚོགས་ཀྱི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་ཡོད། དེ་དག་ནི་ཧ་ཅང་རླབས་ཆེན་ཡིན། ཕན་ཐོགས་ཡོད་པས་ཡག་པོ་རེད།
ཆོས་ལུགས་ཕན་ཚུན་དབར་ཚང་མས་གུས་ཞབས་བྱེད་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན། དད་པ་བྱ་རྒྱུ་ནི་རང་ཉིད་ཀྱི་ཆོས་ལུགས་ལ་བྱེད་དགོས་པ་ལས། ཆོས་ལུགས་གཞན་ལ་དད་པ་བྱ་རྒྱུ་ཞིག་མིན། གུས་ཞབས་ནི་ཆོས་ལུགས་ཚང་མར་བྱེད་དགོས་པ་ཞིག་ཡིན། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་ཡོད། དཔེར་ན། ངོས་རང་ལ་ཆ་མཚོན་ན། ཡི་ཤུ་དང་། ཧིན་དྷུ། ཁ་ཆེ། འཇིའུ་སོགས་ཀྱི་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། དེ་དག་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད། ཆོས་ལུགས་དེ་དག་གིས་མི་འབུམ་ཕྲག་མང་པོར་ཕན་གྱི་ཡོད་པས་ཡག་པོ་རེད། སྐབས་རེ་བསམ་བློ་གུ་དོག་པ་དང་། འབྲེལ་བ་ཉུང་དྲགས་པའི་དབང་གིས་མགོ་རྙོག་ཕྲན་བུ་རེ་ཡོང་གི་ཡོད། དེ་ནི་ཆེས་ཉུང་ཤས་རེད། དེ་དག་ནི་ང་ཚོ་ཕན་ཚུན་དབར་འབྲེལ་བ་ཉུང་དྲགས་པའི་སྐྱོན་ཡིན་པ་ལས། འགལ་བ་ཆེ་བ་གང་ཡང་མེད། དེས་ན་ཚང་མར་གུས་ཞབས་བྱེད་བཞིན་ཡོད་ལ། དེ་ལྟར་གུས་ཞབས་བྱེད་རྒྱུ་གལ་གནད་ཆེན་པོ་རེད་འདུག
ང་རང་ཚོ་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ལེགས་སྦྱར་གྱི་གཞུང་ནང་ཡོད་པའི་སངས་རྒྱས་ཀྱི་གསུང་བདེན་པ་བཞི་ཞེས་གསུངས་པ་དེ་དག་དངོས་ཡོད་གནས་ཚུལ་ཡིན་པར་སྒྲུབ་མཁན་གྱི་སྒྲུབ་བྱེད་མཐིལ་ཕྱིན་པ་དེ་ལེགས་སྦྱར་གྱི་སྐད་ཡིག་གི་ཐོག་ཏུ་ཡོད་པ་ལས། པ་ལཱིའི་སྐད་ཡིག་ཐོག་ཡོད་མེད་ཐེ་ཚོམ་གྱི་གཞི་ཡིན། དེས་ན་ལེགས་སྦྱར་གྱི་ཐོག་ཏུ་གནས་པའི་གཞུང་རྣམས་ཧ་ལས་པའི་གལ་གནད་ཆེན་པོ་རེད་འདུག །དེར་བརྟེན་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ལེགས་སྦྱར་སྐད་ཡིག་གི་ཆོས་བརྒྱུད་འཛིན་མཁན་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་གི་རྒྱུན་འཛིན་རྒྱུ་དེ་བོད་པའི་ལས་འགན་རེད་འདུག །དེ་ཡང་། ཚད་མ་རྣམ་འགྲེལ་ལས།
ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །
ཞེས་གསུངས་པ་ལྟར། ཐོག་མར་རང་ཉིད་ཀྱིས་རྣམ་རྟོག་ཡོངས་སུ་རྫོགས་པ་བསུས་པའམ། དོགས་པ་དང་ཐེ་ཚོམ་གྱི་རིགས་རྣམས་བསུས་ཏེ་ང་རང་ཚོའི་གཞུང་ནས་གསུངས་པ་དེ་དག་གི་ཐོག་ཏུ་ཪིག་པའི་རྒྱ་བསྐྱེད་ནས་ང་རང་ཚོའི་ལོ་ངོ་སྟོང་ཕྲག་གི་རིང་ལ་དཔེ་ཆའི་ནང་དུ་གསུངས་པ་ཁོ་ནར་བསྐོར་བ་བརྒྱབ་ནས་བསྡད་པ་དང་། འུ་ཐུག་པའི་སྐབས་སུ་ལུང་ཞིག་དྲངས། ལུང་གཅིག་གི་རྗེས་སུ་ལུང་གཞན་ཞིག་དྲངས། ལུང་དྲངས་པའི་རྗེས་སུ་དམ་བཅའ་བས་ཁས་ལེན་གློད་ན་ཚ་ཞིག་བརྒྱབ་པའི་ཐོག་ཏུ་བཞག་ན་གཏན་ནས་འགྲིགས་ཐབས་མེད། དཔེ་ཆའི་ནང་དུ་གསུངས་པ་རྣམས་ལྡེ་མིག་ལྟར་བྱས་ཏེ་དེ་ལས་ཚད་བརྒལ་ནས། གོང་དུ་བཤད་མ་ཐག་པ་བཞིན་དེང་སྐབས་དངོས་སུ་འཛམ་གླིང་འདིའི་ཐོག་བརྗོད་བཞིན་པ་དང་། གྲགས་ཤིང་གྲུབ་པའི་གནས་ཚུལ་རྣམས་དང་མི་འགལ་བའི་ཐོག་ནས་སྐྱེ་བ་སྔ་ཕྱི་སྒྲུབ་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་བཅས་འདི་ལྟར་དུ་འགྲོ་དགོས་པ་ལས། ང་རང་ཚོ་ལུང་ཁས་ལེན་མཁན་ནང་ཚགས་ལ་ལུང་མང་པོ་ཞིག་བསྐོར་བ་བརྒྱབ་ནས་ལོ་ངོ་སྟོང་ཕྲག་མང་པོ་འདི་ལྟར་དུ་བསྡད་པ་རེད། དེས་ཕན་ཐོགས་ཆེ་བ་གང་ཡང་མེད།
དེ་རིང་འདིར་ངོས་ནས་བརྗོད་འདོད་པ་ཞིག་ལ། གདན་ས་ཁག་གི་ནང་ནས་སློབ་ཕྲུག་དྲག་སྒྲུག་བརྒྱབ་ནས་ཚན་རིག་སློབ་སྦྱོང་བྱེད་རྒྱུའི་འགོ་བཙུགས་ནས་ལོ་ཤས་ཕྱིན་པ་རེད། མུ་མཐུད་སློབ་སྦྱོང་འདི་ཉིད་གཏིང་ཇེ་ཟབ་ཏུ་གཏོང་རྒྱུ་དང་། ཚན་རིག་གི་གནས་ཚུལ་ཆ་ཚང་མགོ་ཚོས་པ་ཞིག་བྱེད་རྒྱུ་གལ་གནད་ཆེན་པོ་ཡིན། ཚན་རིག་ལོ་རེ་བཞིན་དུ་ཡར་རྒྱས་འགྲོ་བཞིན་ཡོད་ལ། ཟླ་རེ་བཞིན་དུ་གནས་ཚུལ་གསར་པ་ཤེས་རྟོགས་ཡོང་གི་ཡོད། དེ་དག་ཆ་ཚང་ཤེས་རྟོགས་ཐུབ་པ་ཞིག་གི་ཐོག་ནས་གོམ་པ་མདུན་སྤོས་བྱེད་དགོས། དེ་ཡང་ཚན་རིག་གི་ཐོག་ནས་སྐྱེ་བ་སྔ་ཕྱི་མེད་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་ཅེས་བརྗོད་མཁན་སུ་གཅིག་ཀྱང་མེད། ཚན་རིག་པ་རྣམས་ནི་བློ་གཟུ་བོར་གནས་པ་ཡིན་ཅིང་། ཚན་རིག་པ་རྣམས་ཀྱིས་མཐོང་བ་དེ་དག་ཁས་བླངས་ཤིང་། མ་མཐོང་བ་རྣམས་ཐེ་ཚོམ་གྱི་ངང་དུ་འཇོག་པ་ལས། མེད་ཅེས་བརྗོད་ཀྱི་མེད། དེ་ལྟར་བློ་གཟུ་བོར་གནས་པའི་ཚན་རིག་པ་དེ་དག་གིས་རྒྱང་འཕེན་པ་ལྟར་དུ་སྐྱེ་བ་སྔ་ཕྱི་མེད་པར་ཐག་མི་གཅོད་པར་སྐྱེ་བ་སྔ་ཕྱི་ནི་ཐེ་ཚོམ་རེད་ཅེས་བརྗོད་ཀྱི་རེད། དེས་ན་ཐེ་ཚོམ་གྱི་དྲ་བར་གནས་པ་དེ་དག་ལ་ང་རང་ཚོ་སྐྱེ་བ་སྔ་ཕྱི་འདོད་མཁན་རྣམས་ཀྱིས་ནམ་རྒྱུན་ཚད་མ་རྣམ་འགྲེལ་དང་། དབུ་མ་སྙིང་པོ་སོགས་རིགས་པ་བསྟེན་ཚུལ་མི་འདྲ་བའི་གཞུང་འགའ་ཞིག་ཡོད་པ་དེ་དག་ལྡེ་མིག་གི་ཚུལ་དུ་བྱས་ཤིང་། དེ་ནས་རིག་པ་རྒྱ་བསྐྱེད་དེ་འགྲོ་དགོས་པ་ཡིན།
དེ་ཡང་ད་ལྟ་ཚན་རིག་པས་ཤེས་པའི་རྣམ་གཞག་གི་གོ་བ་རྣམས་ཧ་ཅང་རགས་པ་ཡིན་ཅིང་། དཔེར་ན། རྟོག་པ་དང་རྟོག་མེད་གཉིས་ཀྱི་རྣམ་དབྱེ་ད་དུང་མི་ཕྱེ་ཞིང་། དེ་བཞིན་ཚད་མ་དང་ཚད་མིན་གྱི་དབྱེ་བ་ཡང་ཕྱེ་གི་མེད་པས་དེ་དག་ནི་ཧ་ཅང་རགས་པ་རེད། རྟོག་པ་རྟོག་མེད་དེ་ཙམ་ཞིག་ཡིན་ནའང་། ཚད་དང་ཚད་མིན་གཉིས་ཀྱིས་ང་ཚོར་ཕན་གནོད་ཤུགས་ཆེ་འདྲེན་གྱི་ཡོད། འཛམ་གླིང་འདིའི་ཐོག་བྱིས་པ་ལོ་གཉིས་གསུམ་ཙམ་ནས་སློབ་སྦྱོང་སྤྲོད་པ་ནི་ཡང་དག་པའི་བློ་སྐྱེ་བ་དང་། ཚད་མའི་བློ་སྐྱེ་ཐབས་སུ་སློབ་སྦྱོང་སྤྲོད་བཞིན་ཡོད། དེ་ཡང་མི་ཚེ་འདི་ཉིད་ཇི་ལྟར་དུ་སྐྱེལ་དགོས་མིན་དང་། འཕྲོད་བསྟེན་ཇི་ལྟར་བྱེད་དགོས་པ། དཔལ་འབྱོར་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་སློབ་སྦྱོང་སྤྲོད་པའི་དགོས་དོན་ནི་དོན་ལ་མི་གནས་པའི་བློ་རྣམས་སེལ་ཞིང་། དོན་ལ་གནས་པའི་བློ་གསར་པ་སྒྲུབ་བཞིན་ཡོད། དེས་ན་ང་རང་ཚོའི་གཞུང་ནས་གསུངས་པ་དེ་དག་གིས་རྒྱ་བསྐྱེད་ནས་འགྲོ་དགོས་པ་ཡིན།
ཚད་མ་དང་ཚད་མིན་གཉིས་ལ་ཚན་རིག་པས་ད་ལྟ་དོ་སྣང་བྱེད་ཀྱི་མེད། ངོས་ནས་འདི་ལྟར་བརྗོད་ཀྱི་ཡོད། ངོས་ནས་སྐྱེ་བ་སྔ་ཕྱི་སྒྲུབ་རྒྱུ་དང་། ཚན་རིག་པ་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས་ཞེས་ངོས་ནས་ནམ་ཡང་བརྗོད་ཀྱི་མེད། དེ་ནི་གནས་ཚུལ་ཐ་དད་ཡིན། སྐྱེ་བ་སྔ་ཕྱིའི་ཐོག་སླེབས་སྐབས་དེ་ནི་ནང་པའི་གནས་ཚུལ་ཡིན་པ་ལས། ཚན་རིག་པ་རྣམས་ཀྱི་བྱུས་གཏོགས་བྱེད་ཡུལ་ཞིག་མིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་ནང་པས་མཚོན་སྐྱེ་བ་སྔ་ཕྱི་འདོད་མཁན་ཞིག་གིས་དེ་དག་གི་ཐོག་ལ་ཉམས་ཞིབ་བྱེད་དགོས་པ་ཞིག་ཡིན། དེས་ན་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དང་། སྔ་ཕྱི་མེད་ན་འགལ་བ་གང་དག་ཡོད་པ་དང་། གནོད་པ་གང་དག་ཡོང་གི་ཡོད་མེད་སོགས་ཀྱི་ཐོག་ལ་ལེགས་བཤད་གསར་པ་བརྩམས་ནས་ཐོན་དགོས་པ་ཡིན། དེ་བཞིན་ཐར་པ་སྒྲུབ་པ་སྟེ། དེ་ནི་ཉོན་མོངས་ཀྱི་སྟེང་ནས་སྐད་ཆ་བཤད་དགོས་པར་བརྟེན། ཅུང་ཟད་ལས་སླ་བ་མེད་དམ་སྙམ། དེ་དག་ཚང་མ་འཁྲིད་ས་རྟེན་འབྱུང་གི་ལྟ་བའི་ཐོག་ཏུ་འཁྲིད་ཡོང་གི་ཡོད། རྟེན་འབྱུང་གི་ལྟ་བར་དེང་སྐབས་ཚན་རིག་པ་དངོས་ཁམས་རིག་པ་ཕྲ་ཞིང་ཕྲ་བ་ཤོད་མཁན་རྣམས་ཀྱིས་རྒྱབ་སྐྱོར་ཆ་ཚང་སླེབས་ཀྱི་ཡོད། དཔེར་ན། ཕུང་པོ་ལས་དོན་གཞན་པའི་བདག་མེད་པ་སྟེ། ཕུང་པོའི་ནང་ནས་རང་རྐྱ་བའི་བདག་མེད་པ་ཞིག་ཚན་རིག་པས་གང་འཚམ་བརྗོད་བཞིན་ཡོད། དེས་ན་ཚན་རིག་པས་ཚུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ནང་པའི་གཞུང་དང་མཐུན་ཡོང་གི་ཡོད།
ལོ་བཅུ་ཕྲག་གོང་རྒྱ་གར་བའི་ཚན་རིག་པ་མཁས་དབང་། དངོས་ཁམས་རིག་པ་སྨྲ་བ་སྙན་གྲགས་ཅན་ཞིག་ཡོད་པ་ཁོང་གིས། སྐབས་ཤིག་ལྡི་ལིར་འཚོགས་འདུའི་སར་མཉམ་འཛོམས་བྱུང་ཞིང་། བར་སྐབས་ཤིག་ལ་ཁོང་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་གསུང་ཞིག་མཇལ་བྱུང་བས། ཁོང་གིས་གསུངས་པ་རྣམས་ཆོས་ལུགས་གཞན་དང་གཏན་ནས་མི་འདྲ་བ་ཞིག་འདུག །ཁོང་ནི་དངོས་ཁམས་རིག་པ་ལས་རྡུལ་ཕྲ་མོ་སྟེ། དགོས་ངེས་ཀྱི་ཚད་རྡུལ་དངོས་ཁམས་རིག་པའི་ (Quantum Physics) ཐོག་ལ་མཁས་པ་ཞིག་རེད། མདོར་ན་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་ནང་རང་བཞིན་མེད་པའམ་དངོས་པོ་ཚུགས་ཐུབ་པའི་རང་བཞིན་མེད་པའི་སྐོར་ཧ་ཅང་གསལ་པོ་འདུག་པས་ཡ་མཚན་ཆེན་པོ་སྐྱེས་བྱུང་། དེང་སྐབས་དུས་རབས་ཉི་ཤུ་པའི་ནང་གསར་དུ་ཤེས་པ་ཞིག་རྒྱ་གར་གྱི་མཁས་དབང་དེ་དག་གིས་ལོ་ངོ་ཉིས་སྟོང་གོང་ནས་ཤེས་པ་དེ་ཧ་ལས་པ་ཞིག་རེད་ཅེས་གསུངས་སོང་། དེ་ལྟ་བུའི་ང་རང་ཚོའི་མཐུན་ཕྱོགས་མང་པོ་ཞིག་ཀྱང་སླེབས་བཞིན་ཡོད།
རྟེན་འབྲེལ་ལྟོས་གྲུབ་ཅེས་པ་དེ་སངས་རྒྱས་པའི་དབུ་མའི་གཞུང་ནས་དེང་དུས་ཀྱི་ཚན་རིག་པའི་ཐོག་ལ་ཕར་ཞལ་འདེབས་འབུལ་རྒྱུའི་ནུས་པ་ཆེ་ཤོས་མིན་ནམ་སྙམ། ཚན་རིག་པས་དངོས་པོའི་རང་བཞིན་ཕར་རིམ་བཞིན་འཚོལ་སྐབས་རྙེད་རྒྱུ་མེད་པ་ཞིག་བརྗོད་ཀྱི་ཡོད། རྙེད་རྒྱུ་མེད་པའི་ཐོག་ཏུ་བཏགས་ཡོད་དང་། དེའི་ནང་ཚན་ནས་བཏགས་ཡོད་མིང་རྐྱང་ཙམ་ཞེས་པའི་གོ་བ་དེ་སླེབས་མ་ཐུབ་ན་མེད་ཅེས་པའི་སྟེང་དུ་འགྲོ་གི་ཡོད། དེ་ལ་དབུ་མའི་གཞུང་ནས་ཞལ་འདེབས་ཆེན་པོ་རྒྱག་ཐུབ་པ་ཞིག་མིན་ནམ་སྙམ།
དེས་ན་ཐར་པ་སྒྲུབ་ཐུབ་ན་ཐམས་ཅད་མཁྱེན་པ་བསྒྲུབ་རྒྱུ་ལས་སླ་པོ་ཡིན། དེར་བརྟེན་ཐར་པའི་རིགས་པ་དང་། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་སོགས་ཀྱི་ཐད་གཞུང་གསར་པ་རྩོམ་མཁན་ཞིག་བྱུང་ན་སྙམ་པ་དྲན་གྱི་འདུག །ངོས་རང་ནས་ཤེས་ཀྱི་མེད། ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་མཁན་འགའ་ཞིག་ཡོད་ལ། ཪིམ་བཞིན་ཚན་རིག་སློབ་སྦྱོང་བྱ་རྒྱུ་དེ་དག་རང་གར་ཤེས་བྱའི་རྣམ་གྲངས་བསླབས་པ་ལྟ་བུ་ཞིག་མིན་པར། ཚད་མའི་གཞུང་ལ་ཆ་མཚོན་ན། སློབ་དཔོན་དབྱིག་གཉེན་སོགས་ཀྱི་རྗེས་སུ་བྱུང་བའི་མུ་སྟེགས་པའི་འདོད་ཚུལ་འགའ་ཞིག་ལ་སློབ་དཔོན་ཕྱོགས་གླང་གིས་དགག་པ་བསྐྱོན་པ་དང་། ཡང་སློབ་དཔོན་ཕྱོགས་གླང་གི་རྗེས་སུ་མུ་སྟེགས་པའི་སྟོན་པ་གསར་པ་རྣམས་ལ་རིག་པ་གསར་པ་རྙེད་པ་དེ་དག་ལ་དཔལ་ལྡན་ཆོས་གྲགས་ཀྱིས་གསལ་བཤད་དང་དགག་བཞག་གནང་བ་ལྟ་བུ་ཆགས་ཡོད། དེ་དག་གི་ནང་དུ་མི་གསལ་ཞིང་ཕྱིས་སུ་བྱོན་པའི་མུ་སྟེགས་པའི་མཁས་པས་མཛད་པ་རྣམས་ལ་ཕལ་ཆེར་མཁན་ཆེན་ཞི་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་ནང་དུ་དགག་བཞག་མང་བ་གསལ་ཡོད་འདུག །དེ་ལྟར་སྔར་གྱི་ལོ་རྒྱུས་ཀྱི་ནང་དུ་རྒྱ་གར་སློབ་དཔོན་དེ་དང་དེའི་སྐབས་སུ་མེད་ཅིང་། ཕྱིས་སུ་རིག་པ་གསར་པ་རྙེད་པ་དེ་དག་ལ་ནང་པའི་སློབ་དཔོན་རྗེས་སུ་བྱོན་པ་དེ་དག་གིས་དག་སེལ་དང་། དགག་སྒྲུབ་གནང་བ་བྱུང་ཡོད།
ད་ཆ་དུས་རབས་ཉེར་གཅིག་པ་འདིར་ང་ཚོས་སྔར་གྱི་ལྟ་བ་དེ་དག་གི་སྐོར་བརྗོད་རྒྱུར་དཀའ་རྙོག་དེ་ཙམ་མེད་ཀྱང་། དེང་དུས་ཚན་རིག་པའི་ཐོག་ནས་ནང་པ་ལ་དགག་པ་བརྒྱབ་པ་མིན་ནའང་། བཤད་ཚུལ་མི་འདྲ་བ་ཡོད་པ་རྣམས་ལ་ནང་པ་ཞིག་གི་ངོས་ནས་ནང་པའི་རང་ལུགས་འཛིན་ནས་འགྲོ་ལུགས་འདི་ལྟར་ཡིན་ཞེས་པའི་འགྲེལ་བཤད་ངེས་པར་དུ་དགོས་པ་ཞིག་རེད་འདུག །འདིར་དགེ་འདུན་པ་མང་པོ་ཞིག་ཡོད་པར་བརྟེན། དེ་དག་ཁྱེད་རང་ཚོའི་སེམས་སུ་ངེས་པར་བྱེད་དགོས།
མ་གཞི་སྔར་ནས་ངོས་ཀྱིས་སྐབས་རེ་རྟགས་གསལ་གཏོང་སྐབས་ལུང་ལ་གཏན་ནས་མ་བརྟེན་པར་རིགས་པ་ཁོ་ནའི་ཐོག་ནས་བསྒྲུབ་རྒྱུར་སྦྱངས་པ་བྱས་ན་ལེགས་ཞེས་སྔར་ནས་ལན་མང་བརྗོད་ཟིན་པ་ཡིན། དེས་ན་ལོ་ངོ་སྟོང་ཕྲག་གི་རིང་ལ་བསྐྱར་ལྡབ་ཡང་ལྡབ་བྱས་པའི་ཐོག་ཏུ་མི་འཇོག་པར་ཅུང་ཟད་རྒྱ་བསྐྱེད་ནས་བསམ་བློ་གཏོང་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད་འདུག །ངོས་ལ་ཆ་མཚོན་ན་དེ་ཙམ་ཤེས་ཀྱི་མེད་ཀྱང་། ང་ཚོར་རྒྱུ་ཆ་ཏན་ཏན་ཡོད་པ་ཞིག་དང་། བསམ་བློ་གཏོང་རྒྱུ་ཧ་ཅང་མང་པོ་ཞིག་ཡོད་པ་ལྟ་བུ་འདུག །བསམ་བློ་བཏང་ནས་དཔྱད་པ་བྱེད་མིན་ལ་ཐུག་ཡོད། དཔྱད་པ་བྱས་ན་དཔྱོད་པའི་སྒོ་ནང་པའི་གཞུང་ལུགས་དེ་དག་ནས་ཧ་ལས་པ་ཞིག་གསུངས་ཡོད་འདུག །འདི་དག་གི་སྐོར་ཞུས་ན་སྙམ་པ་ཞིག་བྱུང་།
ཤེས་ནས་དད་པ་ཐོབ་པ་ཇི་ལྟར་བྱེད་དགོས་སམ་ཞེ་ན། གཟུ་བོའི་བློས། བློ་གཟུ་བོར་གནས་པ་སྟེ། དཔེར་ན། སངས་རྒྱས་པའི་ཆོས་པ་ཞིག་གིས་ནང་པ་སངས་རྒྱས་པའི་གཞུང་ནས་གསུངས་པ་དེ་ཁོ་ན་བདེན་པ་ཡིན་ཞེས་རང་ལྟ་མཆོག་འཛིན་ལྟར་དུ་དཔྱད་པ་བྱས་ན་ཡོང་ཐབས་གཏན་ནས་མེད། གོང་ཞུས་ལྟར་ཐོག་མར་རི་རབ་ཡོད་མེད་ཇི་ལྟར་ཡང་། ཉི་ཟླ་གཟའ་སྐར་སོགས་ཀྱང་མངོན་པ་མཛོད་སོགས་ནས་གསུངས་པ་ལྟར་ཡིན་ནའང་ཡིན། མིན་ནའང་མིན་ཁྱད་པར་གང་ཡང་མེད། ཐོག་མར་དཔྱད་པ་ཁོ་ནའི་ཐོག་ནས་འགྲོ་རྒྱུ་དེ་གལ་གནད་ཆེ། དཔེར་ན། མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་དེ་དག་གིས་གཞན་ལྟ་ཅི་སྨོས། བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པའི་བཀའ་ཞིག་ཡིན་ནའང་། དཔྱད་པའི་གཞི་ལ་བཞག་ནས་ལུང་འདིས་དོན་འདི་ལྟར་བསྟན་ཡོད། ཅེས་གསུངས་པའི་ཕྱིར་མ་གསུངས་པར། བཅོམ་ལྡན་འདས་ཀྱི་བཀའ་ལའང་དགག་བྱ་དང་དགོས་པའི་དབང་གིས་མི་འདྲ་བ་ཡོད་ཅེས་དཔྱད་ཞིབ་གནང་གི་ཡོད། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་དཔྱད་པ་འདི་ལྟར་དུ་གནང་ཡོད་ལ། ང་རང་ཚོས་ཀྱང་དེ་བཞིན་བྱས་ཏེ་དུས་རབས་ཉེར་གཅིག་པ་འདི་ཉིད་ཀྱི་ནང་དུ་རིག་གསར་གྱི་མཐོང་ཚུལ་གསར་པ་དང་། འགྲེལ་བཤད་གསར་པ་ཞིག་སླེབས་སྐབས། རི་རབ་ཡོད་པར་སྒྲུབ་ཐུབ་ཐབས་མེད་ལ། རི་རབ་ཡོད་པར་སྒྲུབ་དགོས་དོན་ཡང་མེད། རི་རབ་ཡོད་མེད་ལ་ཁྱད་པར་གང་ཡང་མེད། དེ་མིན་སྐྱེ་བ་སྔ་ཕྱི་ལ་སོགས་པ་དང་། དྲི་མ་ཟད་རུང་ཡིན་མིན་འདི་རིགས་སྒྲུབ་རྒྱུ་གལ་གནད་ཧ་ཅང་ཆེན་པོ་ཡིན། དེས་ན་གོ་རིགས་ཟུང་འབྲེལ་གྱི་ཐོག་ནས་འགྲོ་རྒྱུ་གལ་གནད་ཆེན་པོ་ཡིན།
ཐེ་ཚོམ་གྱི་སྒོ་ནས། ཡིན་དང་ཡིན། བཀའ་ཕེབས་བཞིན། ལོས་བདེན་ཞེས་སོགས་བརྗོད་རྒྱུ་མེད། ཡིན་ནམ་མིན། ཡོད་དམ་མེད་ཐེ་ཚོམ་གྱི་ངང་དུ་བཞག་ནས་དཔྱད་པ་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཡིན། ངོས་ནས་བརྗོད་རྒྱུའི་སྙིང་པོ་འདི་དག་ཡིན། གོང་དུ་བསྟོད་པ་བྱ་རྒྱུའི་པཎ་གྲུབ་དེ་རྣམས་གལ་གནད་ཆེན་པོ་ཡིན་ཚུལ་གྱི་སྐོར་ཡིན། ང་ཚོ་དུས་རབས་གསར་པའི་ནང་དུ་བསམ་བློ་གསར་པ་གཏོང་དགོས་པའི་རྒྱུ་མཚན་འདི་ལྟར་ཡིན།
སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །
ཞེས་པས། སྤྱིར་ནང་པ་སངས་རྒྱས་པའི་གྲུབ་མཐའ་གོང་འོག་ཚང་མས་བདེན་བཞིའི་རྣམ་གཞག་གསུངས་ཡོད། འོན་ཀྱང་བདེན་བཞི་གསུངས་པ་དེ་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་སྟེང་ནས་བསམ་བློ་གཏོང་གི་ཡོད། རྒྱུ་འབྲས་ཀྱི་རྟེན་འབྱུང་ཡོང་ཆོག་པ་དེ་རྒྱུ་མཚན་གང་ཡིན་སྙམ་ན། ཕན་ཚུན་ལྟོས་པའི་རྟེན་འབྱུང་ཡོད་པར་བརྟེན་རྒྱུ་འབྲས་རྟེན་འབྱུང་འཐད་པ་ཡིན། རྒྱུ་འབྲས་ཕན་ཚུན་ལྟོས་པའི་འབྲེལ་བ་མེད་པའམ། ཕན་ཚུན་ལྟོས་ནས་གྲུབ་པའི་ལྟོས་གྲུབ་ཀྱི་རྟེན་འབྱུང་དེ་ཉིད་མེད་ན། རྒྱུ་འབྲས་ཀྱི་རྟེན་འབྱུང་ཡོང་ཤེས་ཐབས་མེད། དེ་ཡང་། མ་གྲོས་པས་ཞུས་པའི་མདོ་ལས།
གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །
ཞེས་ལྟོས་གྲུབ་ཡིན་པའི་རྒྱུ་མཚན་ལ་རྟེན་འབྱུང་བཀོད་ཡོང་གི་ཡོད། དེས་ན་རྗེ་བདག་ཉིད་ཆེན་པོས་ཀྱང་། རྟེན་འབྲེལ་བསྟོད་པ་ལས།
གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །
གསུངས་པ་དེ་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །
ཅེས་གསུངས་པ་དེ་ཡིན། གཞི་རྩ་བརྟེན་ནས་བཏགས་པ་ཡིན་སྟབས། བརྟེན་ནས་འབྱུང་བའམ་རྒྱུ་འབྲས་ཀྱི་རྟེན་འབྱུང་འཐད་པ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་ཐོག་ནས་བདེན་བཞིའི་རྣམ་གཞག་གསུངས་པ་འདིའི་རྩ་བ་ལྟོས་གྲུབ་ཀྱི་རྟེན་འབྲེལ་དེའི་ཐོག་ནས་ཡོང་དགོས་པ་ཡིན། ལྟོས་ནས་གྲུབ་པ་ཡོང་བ་དེ་ཡང་རྩ་བ་ཡར་གཏུག་ན་རང་མཚན་མེད་པ་དེ་ལ་ཐུག་ཡོད། རང་མཚན་ཡོད་ན་རང་གི་ངོ་བོ་འཛིན་མཁན་གྱི་བདེན་པ་བ་ཞིག་ཡོད་ན་ལྟོས་པ་ཞེས་པ་དེ་འཇོག་རྒྱུ་ཤིན་ཏུ་དཀའ་ཞིང་། མིང་རྐྱང་བཏགས་ཡོད་ཙམ་ཡིན་ན། ལྟོས་པ་དེ་ཤིན་ཏུ་འཐད་པ་ཡིན། དེ་ལྟར་མཐར་གཏུག་སྐབས་རང་མཚན་མེད་པའི་ཐོག་ཏུ་ཐུག་གི་ཡོད། རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་སྟབས་བརྟེན་ནས་བཏགས་པ་དང་། བརྟེན་ནས་བཏགས་པས་གཅིག་གིས་གཅིག་ལ་ལྟོས་ནས་ཡོང་བ་དེ་ཤིན་ཏུ་འཐད་པ་ཡིན། གཅིག་གིས་གཅིག་ལ་ལྟོས་པ་ཞིག་ཡོད་སྟབས་རྒྱུ་འབྲས་ཀྱི་རྟེན་འབྱུང་འཐད་པ་ཡིན། དེ་ལྟར་རྒྱུ་འབྲས་ཀྱི་རྟེན་འབྱུང་གི་ཐོག་ནས་བདེན་བཞི་འཐད་པ་བཅས་ལ་བསམ་བློ་ཧ་ཅང་མང་པོ་གཏོང་རྒྱུ་ཡོད།
དེས་ན་བདེན་པ་གཉིས་ཞེས་པ་མུ་སྟེགས་པས་བརྗོད་ཀྱི་ཡོད་ཀྱང་། སྐབས་འདིའི་བདེན་གཉིས་ཞེས་པ་ནི། ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་ཤིང་། ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པས་རྒྱལ་བའི་དགོངས་པ་མཐར་ཐུག་པ་མིང་རྐྱང་བཏགས་ཡོད་ཙམ་གྱི་བདེན་གཉིས་བཤད་པ་དེའི་གོ་བ་ལེགས་པོ་ཞིག་ཆགས་ན། བདེན་བཞིའི་གོ་བ་ཆགས་ཐུབ་པ་ཞིག་ཏན་ཏན་ཡོང་རྒྱུ་ཡོད། དེར་བརྟེན་ངོས་ནས་རྟག་ཏུ་བརྗོད་མུས་ལྟར། མངོན་རྟོགས་རྒྱན་ལས།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
ཞེས་གསུངས་པ་དེའི་ཐོག་ནས་བསམ་བློ་བཏང་ན་གོ་རིམ་འདི་ཉིད་སླེབས་ཡོང་གི་ཡོད།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།།
བདེན་བཞིས་འཁོར་བར་འཇུག་ལྡོག་ཚུལ་བཞིན་ངེས། །
བདེན་པ་བཞིས་འཁོར་བར་འཇུག་རིམ་དང་། འཁོར་བ་ལས་ལྡོག་རིམ་གྱི་བདེན་པ་སྔ་མ་གཉིས་ལ་བརྟེན་ནས་འཁོར་བར་འཇུག་རིམ་དང་། བདེན་པ་ཕྱི་མ་གཉིས་ཀྱིས་འཁོར་བ་ལས་ལྡོག་རིམ་དེ་དག་གི་ཐོག་ནས་ཆོས་མྱང་འདས་ཡོད་པ་ཞིག་དང་། ཆོས་མྱང་འདས་སྒྲུབ་བྱེད་ཀྱི་ལམ་ཡང་དག་པ་ཡོད་པ་ཞིག་སྒྲུབ་ཡོང་སྐབས་ཆོས་དཀོན་མཆོག་སྒྲུབ་ཡོང་གི་ཡོད། དེ་ལྟ་བུའི་ཆོས་ཚུལ་བཞིན་ཉམས་སུ་བླངས་ནས་ཆོས་དཀོན་མཆོག་ནམ་རང་རྒྱུད་ལ་སྐྱེ་སྐབས་ཉམས་མྱོང་གི་ཐོག་ནས་བློ་ཁྱད་དུ་འཕགས་པ་ཞིག་ཆགས་ཡོང་སྐབས། འཕགས་པའི་གང་ཟག་ཅེས་པ་དེ་ཡོང་ཐུབ་པ་ཞིག་དང་། དེ་ལྟ་བུའི་སློབ་པའི་འཕགས་པ་དེ་ཉིད་རྒྱུན་རིམ་བཞིན་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པའི་མཐར་མི་སློབ་པའི་འཕགས་པ་ཡོང་གི་ཡོད་པ། དེའི་ཐོག་ནས་ཚད་མས་དྲངས་པའི་སྐྱབས་གསུམ་གྱི་དད་པ་བརྟན་པོ་ཆགས་ཐུབ་པ་ཞིག་ཡོང་བ་ཡིན། དེ་ལ་བརྟེན་ནས་སྐྱབས་གསུམ་ལ་ངེས་པར་རྙེད་ནས་ཐར་པ་མྱང་འདས་ཀྱི་གོ་འཕང་མངོན་དུ་བྱའོ་སྙམ་སྟེ།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
ཞེས་པ་དེ་སླེབས་ཡོང་བ་ཡིན། དེ་ལྟར་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་དང་། ཀུན་འབྱུང་གི་རྩ་བ་མ་རིག་པ་ཞེས་པ་དེ་ཕྱིན་ཅི་ལོག་གི་བློ་ཡིན་པ་ཞིག་དང་། དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་ལ་ངེས་པ་རྙེད་པ་ཞིག་བྱུང་ན། ཉོན་མོངས་ཟད་རུང་ཡིན་པ་དང་། སྡུག་བསྔལ་ཡང་ཟད་རུང་ཡིན་པ་ཤེས་ཐུབ། སྡུག་བསྔལ་ཟད་རུང་ཡིན་པ་ཤེས་ན། སྡུག་བསྔལ་ཟད་རུང་ཡིན་བཞིན་དུ་སྡུག་བསྔལ་གྱི་གཞན་དབང་དུ་སོང་བ་དེར་སྙིང་རྗེ་སྐྱེ་བ་དེ་ཤུགས་ཆེན་པོ་ཞིག་ཡོང་བ་ཡིན། དེས་ན།
སྡུག་ཀུན་ཉེར་བཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
ཞེས་པ་ལྟ་བུའི་སྙིང་རྗེའི་བློ་དེ་སླེབས་ཐུབ་པ་ཞིག་དང་། སྙིང་རྗེའི་བློ་ཡི་སྟོབས་གོང་ནས་གོང་དུ་འཕེལ་ནས་དེས་ལྷག་བསམ་འདྲེན་ནུས་ཀྱི་སྙིང་རྗེ་ཆེན་པོ་སླེབས་ཡོང་སྐབས། དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བ་བཅས་བཤད་པ་རེད།
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པའི་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པར་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
ཞེས་པ་འདིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་ནས། དཔེར་ན། པ་ལཱིའི་མདོའི་ནང་དུ་རྣམ་འདྲེན་ཤཱཀྱ་སེངྒེ་འདི་ཉིད་ཀྱི་སྐུ་ཚེ་སྟོད་ལ་སེམས་ཅན་སོ་སོའི་སྐྱེ་བོ་ཞིག་དང་། དེ་ནས་སྟན་ཐོག་གཅིག་ལ་སྦྱོར་ལམ་ནས་བཟུང་སྟེ་ས་ལམ་རིམ་བགྲོད་ཀྱིས་མངོན་པར་རྫོགས་པའི་སངས་རྒྱས་པའི་ལོ་རྒྱུས་གསུངས་པ་དེ་ཙམ་ཞིག་གི་རྣམ་གཞག་ཡིན་ན། རྡོ་རྗེ་ཐེག་པའི་རྣམ་གཞག་ཡོང་ཐུབ་ཐབས་གཏན་ནས་མེད། དེ་ལྟའི་མཆོག་གི་སྤྲུལ་སྐུའི་སངས་རྒྱས་བཅོམ་ལྡན་འདས་དེ་སྐུ་བཞིའི་བདག་ཉིད་ཡིན་པའི་བསམ་བློ་ཞིག་འཁོར་ན་སངས་རྒྱས་ཀྱི་མཛད་པ་ལ་འགལ་འདུ་མི་ཡོང་བ་ཡིན། དེ་མིན་རྒྱུ་འབྲས་ལ་འགལ་འདུ་སླེབས་ཀྱི་ཡོད། དེ་ཡང་བསྐལ་ཆེན་གྲངས་མེད་གསུམ་མམ་བསྐལ་པ་བརྒྱ་ཡི་བར་དུ་མཚན་རྣམ་པར་སྨིན་བྱེད་ཀྱི་ཚོགས་བསགས་ནས་སྲིད་པ་མཐའ་མ་པ་དེས་རིམ་བཞིན་མངོན་པར་རྫོགས་པའི་སངས་རྒྱས་ནས་ལོ་ངོ་བཞི་བཅུ་ཞེ་གྲངས་ཙམ་གྱི་རིང་སངས་རྒྱས་ཀྱི་མཛད་པ་བསྐྱངས་པ་དེ་ཙམ་ལས་མེད་ན། རྒྱུ་འབྲས་མི་མཚུངས་པ་ཆགས་ཀྱི་ཡོད། རྒྱུ་ཧ་ལས་པའི་སྟོབས་ཆེན་ཞིག་བསགས་པ་གནང་ནས་འབྲས་བུ་དུས་ཡུན་ཐུང་ངུ་ཞིག་ལས་མེད་ན། རྒྱུ་འབྲས་ཀྱི་རྣམ་གཞག་ཐོག་ནས་མི་བདེ་བ་ཞིག་ཆགས་ཀྱི་ཡོད།
དེས་ན་ཐེག་པ་ཆེན་པོའི་གཞུང་ནས་གསུངས་པའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཞེས་གསུངས་པའི་གོ་བ་སླེབས་ན་བསམ་བློ་གཞི་རྒྱ་ཆེ་རུ་འགྲོ་བ་དང་། གོ་བ་ཡང་ཟབ་ཏུ་འགྲོ་བ། བསམ་བློ་གུ་ཡངས་སུ་འགྲོ་གི་ཡོད། དེ་ལྟའི་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་ཤིག་རྒྱུ་འབྲས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པར་བརྟེན། དེའི་ཐོག་བསམ་བློ་གཏོང་སྐབས་གསང་སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པ་དེ་དག་ལ་གཞི་ནས་དད་པ་ཐོབ་པ་ཞིག་དང་། ངེས་པ་སྐྱེ་བ་ཞིག་ཡོང་གི་འདུག །འདི་དག་ནི་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་སྙིང་བསྡུས་ལྟ་བུ་ཞིག་ཆགས་ཡོད། ཅེས་བཀའ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།