༣༽ བྷུ་སུ་ཀུ་ཞེས་པའི་མཚན་ཐོགས་ཚུལ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]།
རྩེ་གཅིག་ནང་དུ་ཡང་དག་བཞག་པ་ཡིས། །བརྒྱད་ཁྲི་བཞི་སྟོང་ཏིང་འཛིན་སྒོ་ལ་འཇུག །
ཤིན་ཏུ་སྤྲོས་མེད་སྤྱོད་མཆོག་བྷུ་སུ་ཀུ། །ལམ་མཆོག་བདེ་བླག་རྫོགས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་དེར་རྟག་ཏུ་འོད་གསལ་ལ་གནས་པས་བྷུ་སུ་ཀུར་གྲགས་ཤིང་། ནང་གི་རྣལ་འབྱོར་མཐར་ཕྱིན་ཏེ་ས་ལམ་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་སྟེ། འཇམ་དབྱངས་ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས[2]།
ཟ་ཉལ་འཆག་གིས་ཞི་བ་ལྷ། །
ཞེས་གསུངས་པ་ལྟར། ཡོངས་གྲགས་རྒྱལ་སྲས་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ལ་ལེགས་སྦྱར་སྐད་དུ། བྷུ་སུ་ཀུ་དང་། བོད་སྐད་དུ་འདུ་ཤེས་གསུམ་པ་ཞེས་ཞུ། དེ་ཡང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[3]། ཤར་དུ་རྒྱལ་པོ་སེངྒེ་ལྔ་པའི་གམ་དུ་སོང་ནས་ལོ་བཅུ་གཉིས་སུ་བློན་མཛད་ཚེ་ལྷའི་ཕྱག་མཚན་ཤིང་གི་རལ་གྲི་ཞིག་བཅངས་ཡོད་པ་རྒྱལ་པོས་དབང་ཡོད་དུ་སྟོན་ཟེར་ནས་གཟིགས་ ༼གཡས་བཀབ།༽ པས་སྤྱན་གཡོན་པ་ལྷུང་ཚེ་གྲུབ་ཐོབ་ཏུ་ཤེས་ཏེ་མཆོད། དེ་ནས་དབུས་སུ་ནཱ་ལནྡར་བྱོན་ནས་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་མཚན་ཞི་བ་ལྷ་ཞེས་བཏགས་ཤིང་། བསླབ་བཏུས་དང་མདོ་བཏུས་བརྩམས་ཏེ་ནང་དུ་ཏིང་འཛིན་ལ་བརྩོན་ཞིང་། སྤྲོས་མེད་ཀྱི་སྤྱོད་པ་མཛད་ཀྱང་ཕྱི་རུ་འབྲས་བྲེ་ཆུང་ལྔ་རེ་གསོལ་ཏེ་རྒྱུན་དུ་ཉལ་སྡོད་པ་ལྟར་མཐོང་ ༼དེ་ཝ་པཱ་ལ་ཟེར།༽ ནས་རྒྱལ་པོ་སོགས་ཀྱིས་འདུ་གསུམ་པར་བཏགས། ཞེས་གསུངས་སོ།།
དེ་བཞིན་པཎྜི་ཏ་རྡོ་རྗེ་གདན་པས་ (དུས་རབས་ 11 པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[4]།
ན་ལེནྡྲ་རུ་ཐུགས་དམ་གཟིགས། །བསྟན་བཅོས་རྩོམ་ཞིང་མཁའ་ལ་གཤེགས། །
བུ་སུ་ཀུ་ར་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་སྐད་དུ། བྷཱུ་སུ་ཀུ་ཞེས་པ་བོད་སྐད་དུ་བསྒྱུར་ན། འདུ་ཤེས་གསུམ་པ་སྟེ། བྷཱུ་ཀུ་ཏ་ཟ་བ་དང་། སུ་ཀ་ཏ་ཉལ་བ། ཀུགཿབ་འཆག་པ་ཞེས་འདུ་ཤེས་གསུམ་པའམ་འདུ་གསུམ་པར་གྲགས་ཤིང་། ཟ་ཉལ་འགྲོ་གསུམ་ལས་གཞན་གང་ཡང་མི་ཤེས་པའམ་མི་བགྱིད་པའི་སྐྱེས་བུ་ལ་ཟེར། འདི་ལ་ངེས་ཚིག་གི་བཤད་པ་བྱེད་ཚུལ་ཅུང་མི་འདྲ་བ་གཞན་ཡང་འདི་ལྟར་མཆིས་ཏེ། བྷཱུ་སུ་ཀུའི་སྤྱོད་པ་ཞེས་པ་ནི། ས་པཎ་ཀུན་དགའ་རྒྱལ་མཚན་ (1182-1251) མཆོག་གིས་མཛད་པའི་སྡོམ་གསུམ་རབ་དབྱེ་ལས[5]།
ཕྱག་རྒྱ་ཆེན་པོ་དེའི་ཡེ་ཤེས། །དེ་ཡི་སྤྲོས་བཅས་སྤྱོད་པ་ནི། །
ཨིནྡྲ་བྷཱུ་ཏིས་མཛད་པ་ཡིན། །དེ་ཡི་སྤྲོས་མེད་སྤྱོད་པ་ལ། །
བྷུ་(ཟ)སུ་(ཉ)ཀུ་(འཆག)ཞེས་སངས་རྒྱས་གསུངས། །

ཞེས་གསུངས་པ་ལྟར་རྫོགས་རིམ་གྱི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་མིང་དུ་གསུངས་པ་དང་། ཡང་བྷཱུ་ནི་བྷཱུ་ཉྫ་སྟེ་ཟ་བ། སུ་ནི་སུ་ཏཱ་སྟེ་གཉིད་ལོག་པ། ཀུ་ནི་ཀུ་ཊི་ས་ར་སྟེ་བཤང་བར་འགྲོ་བའོ། །དེ་གསུམ་ཙམ་ཞིག་བྱེད་པ་མིན་པ་ཡེ་རྒྱ་ལ་བརྟེན་ནས་བདེ་སྟོང་བསྒོམ་པ་སྟེ། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་འགྲེལ་པ་བཞི་སྦྲགས་ལས[6]། །སྤྱོད་པ་ཀུན་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་དང༌། སྤྲོས་པ་མེད་པའི་སྤྱོད་པ་དང༌། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ནི་སྤྱོད་པ་ཀུན་ནོ། །སྤྱོད་པ་གསུམ་པོ་དེ་རྣམས་ཀྱི་མཆོག་ནི་ལོངས་སྤྱོད་པ་དང༌། གྲོལ་བའི་སྤྱོད་པའོ། །ཞེས་འགྱུར་རྙིང་གཉིས་དང་པ་ཚབ་ཀྱིས་བསྒྱུར་བ་ནི་མི་ལེགས་ཏེ། སྤྱོད་པ་གསུམ་ག་སྤྱོད་པ་དེ་ཡིན་པས་སོ། །དེས་ན་ཆག་གིས་བྷུ་སུ་ཀུའི་སྤྱོད་པའོ་ཞེས་བསྒྱུར་བ་ལེགས་སོ། །དེ་ལ་བྷུ་ནི་ཟ་བའོ། །སཱུ་ཏཱ་ནི་གཉིད་ལོག་པའོ། །ཀུ་ཊི་ས་ར་ནི་བཤང་བར་འགྲོ་བའོ། །དེ་གསུམ་ཙམ་ཞིག་བྱེད་པ་མིན་པ་ཡེ་རྒྱ་ལ་བརྟེན་ནས་བདེ་སྟོང་བསྒོམ་པའོ། །ཞེས་གསུངས་པས་ན་ཟ་བ་དང་། གཉིད་ལོག་པ། བཤང་བར་འགྲོ་བ་ཙམ་མ་གཏོགས་བྱ་བ་གཞན་གང་ཡང་མི་བྱེད་པར་ཡེ་རྒྱ་ལ་བརྟེན་ནས་འོད་གསལ་བསྒོམས་པས་ན་བྷཱུ་སུ་ཀུ་ཞེས་བྱའོ།།
ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས་[7]ཀྱང་། འདི་རིམ་གཉིས་ཀྱི་སྤྱོད་པ་བྱེད་པས་ཉམས་སུ་ལེན་པ་ན་དགའ་བ་བཞི་དང་། སྟོང་པ་བཞིའི་མཆོག་དམན་གྱི་ཁྱད་པར་མ་གཏོགས་པ། གཉིས་ཀས་མཉམ་གཞག་ཏུ་ཡེ་རྒྱ་དང་མཉམ་པར་སྦྱར་བ་ལ་བརྟེན་ནས་ལྷན་སྐྱེས་དང་འོད་གསལ་ཉིད་སྐྱོང༌། དེ་ལ་གནས་མ་ནུས་ནས་ལངས་པ་ན། སླར་ཡང་ཕྱག་རྒྱ་དེ་ལ་བརྟེན་ནས་སྔར་ལྟར་སྒོམ་པ་སྤེལ་བར་བྱེད་དོ། །འདི་ནི་བརྩོན་འགྲུས་ཤིན་ཏུ་དྲག་ལ་སྤྲོས་པ་ལ་མི་དགའ་བས་ལྷན་སྐྱེས་སྒོམ་པ་ལ་ཤིན་ཏུ་དད་པ་ཆེ་བའི་སྒོ་ནས་སྔར་ལྟར་སྤྱོད་པས། བྷུ་སུ་ཀུའི་སྤྱོད་པ་ཞེས་གསུངས་ཏེ། ཟ་ཉལ་འཆག་པའི་སྤྱོད་པ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་ཡི་གེ་དང་པོ་ལ་བྷུ་ཉྫ་ན་ཞེས་ཡི་གེ་བསྣན་པའི་ངེས་ཚིག་གིས་བཤད་ན་ཟས་ཟ་བ་དང༌། སུ་ཏ་ན་ཞེས་སྦྱར་ཏེ་བཤད་ན་གཉིད་ལོག་པ་དང༌། ཀུ་ཊི་ས་ར་ཞེས་སྦྱར་ཏེ་བཤད་ན་གཤང་གཅིའི་ཕྱིར་འགྲོ་བའི་འཆག་པ་སྟེ། འདུ་ཤེས་དེ་གསུམ་ཙམ་མ་གཏོགས་པ་འདུ་འཛི་སྤངས་ཤིང་ལུས་དང་ཚོར་བ་དང་ཡུལ་དང་དབང་པོ་གང་ལ་ཡང་མི་སེམས་པར་གཉིད་དང་འོད་གསལ་བསྲེས་པ་ཉིད་སྐྱོང་བར་བྱེད་པའོ། །ཁ་ཅིག་བྷུ་ཀྟཱ་ཞེས་སྦྱར་ན་ཟ་བ་དང་ཞེས་འཆད་དོ། །དེ་འདྲ་བའི་རྫོགས་རིམ་པའི་སྤྱོད་པས་ནི་རང་གི་ངོ་བོ་བརྗེ་བའི་སྒྱུ་ལུས་དང༌། སློབ་པའི་ཟུང་འཇུག་གི་རྡོ་རྗེའི་སྐུ་དང༌། མི་སློབ་པའི་ཟུང་འཇུག་གི་རྡོ་རྗེའི་སྐུ། སྤྱོད་པ་གཞན་གཉིས་ལ་ལྟོས་པ་མེད་པར་མྱུར་དུ་འཐོབ་པར་བྱེད་པས། ལེའུ་དྲུག་པའི་འགྲེལ་པར་བྷུ་སུ་ཀུའི་སྤྱོད་པ་རྣམས་ཀྱི་མཆོག་ཏུ་གསུངས་སོ། །ཞེས་གསལ་ལོ།།
དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1899) ཤེས་བྱ་ཀུན་ཁྱབ་ལས་[8]ཀྱང་།
ཤིན་ཏུ་སྤྲོས་མེད་གཡེང་སྤང་ཡེ་རྒྱ་དང་། །གཉིད་ཀྱི་འོད་གསལ་ལ་བརྟེན་བྷུ་སུ་ཀུ། །
དངོས་གཉིས་ཕྱོགས་མཐུན་གསུམ་ཡོད། ཅེས་པ་སྟེ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའི་ཚུལ་ནི། རི་བོ་དང་ཆུ་ངོགས་དང་དུར་ཁྲོད་དང་རང་གི་ཁང་པ་སོགས་གང་ཡང་རུང་བར་གནོད་སྦྱིན་མོ་སོགས་མངག་གཞུག་ཏུ་སྒྲུབ་པའམ། བསོད་སྙོམས་སམ་གཞན་གྱིས་ཁ་ཟས་སྦྱོར་བ་ཡང་རུང་སྟེ། གཡེང་བ་ཐམས་ཅད་སྤངས་ཤིང་ཏིལ་འབྲུ་ཙམ་ཡང་ཡོངས་སུ་འཛིན་པའི་བློ་དོར་ནས། རང་གི་སྙིང་ག་ནས་ཕྱུང་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ལྷུར་ལེན་པ་ཡིན་ལ། ཁྱད་པར་རྫོགས་རིམ་པས་ནི་གཉིད་ཀྱི་འོད་གསལ་ཉིད་རྟག་ཏུ་བསྒོམ་པ་ཡིན་ནོ། །འདི་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་བྱ་སྟེ། བྷུ་ནི་བྷུཉྫ་སྟེ་ཟ་བ། སུ་ནི་སུ་བྷ་སྟེ་གཉིད་ལོག་པ། ཀུ་ནི་མི་ཀུ་ཋ་སྟེ་བཤང་གཅིའི་ཕྱིར་འཆག་པ་སྟེ་ལུས་འཚོ་བའི་ཟས་ཙམ་བཟའ་བ་དང་། འོད་གསལ་གྱི་གཉིད་ལོག་པ་དང་། འཆག་སར་འགྲོ་བ་ཙམ་མ་གཏོགས་གཞན་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་དོན་ནོ།།
འདིར་གཉིད་ཀྱི་འོད་གསལ་བསྒོམ་པ་གཉིད་རང་བབས་སུ་བྱུང་བ་ཙམ་འོད་གསལ་དུ་འཇུག་པ་ནི་མ་ཡིན་ཏེ། དེ་ནི་སྐབས་འདིའི་སྤྱོད་པ་གཞན་གཉིས་ལའང་ཡོད་པའི་ཕྱིར། དེས་ན་སྤྱོད་པ་གཞན་གཉིས་ལ་ཕྱིའི་ཕྱག་རྒྱ་བསྟེན་པའི་དོད་འདིར་གཉིད་ཀྱི་འོད་གསལ་སྒོམ་པ་ཡིན་པས་རྟག་ཏུ་གཉིད་ལོག་པར་བྱེད་པ་ཡིན་ནོ། །དེས་ན་བསྐྱེད་རིམ་གྱི་ཤིན་ཏུ་སྤྲོས་མེད་ལ་ནི་བྷཱུ་སུ་ཀུའི་སྤྱོད་པ་ཞེས་མི་བྱའོ། །ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[9]ཀྱང་། འཕགས་པ་ལས་དངོས་སུ་གསན་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པས་གཞན་རྣམས་ཀྱིས་འདུ་ཤེས་གསུམ་པར་བཏགས། ཞེས་གསུངས་སོ།།
ལེགས་སྦྱར་གྱི་བྷུཛ་ཟ་བ་དང་། བྷུཛཐ་བཟའ་བ། སུ་ཏི་གཉིད་ཡུར་བ་དང་། སུཏེ་དང་སུཏེཡ་གཉིས། ཉལ་བའམ་གཉིད་ལོག་པ་བཅས་ལ་འཇུག་པ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་དུ་གསལ༌[10]ལ། དེ་བཞིན་གྲུབ་ཆེན་བརྒྱད་ཅུའི་གསོལ་འདེབས་ལས། བུ་སུ་ཀུ་ར་དང་། བུ་སྟོན་ཆོས་འབྱུང་ལས། བྷུ་སུ་ཀུ། ཤེས་བྱ་མཛོད་འགྲེལ་ལས་བྷཱུ་སུ་ཀུ་སོགས་ཆོས་འབྱུང་དེབ་ཐེར་ཁག་ཏུ་དག་སྡེབ་འབྲི་སྲོལ་སྣ་ཚོགས་ཤིག་ཀྱང་མཆིས་སོ།།
དེ་ལྟར་རྒྱལ་སྲས་ཞི་བ་ལྷར་བྷུ་སུ་ཀུ་སྟེ་འདུ་ཤེས་གསུམ་པ་ཞེས་མཚན་ཐོགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། སློབ་དཔོན་ཨ་བྷ་ཡཱ་ཀ་རས་ (དུས་རབས་ 11 པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[11]། དེ་ཡང་ནཱ་ལེནྡྲའི་རྒྱལ་པོ་དེ་ཝ་པ་ལ་བཞུགས་པའི་ཚེ། དེའི་ཆོས་སྐོར་ལ་དགེ་འདུན་བདུན་བརྒྱའི་སྐུ་འཚོ་བཟང་པོ་སོགས་ཅི་བཞེས་འབུལ་ཞིང་། སྡེ་པ་བཞི་ཡོད་པའི་ཕལ་ཆེར་སྡེ་པའི་མཁན་པོ་ལ་མཁན་བུ་ (སློབ་མ་) སུམ་བརྒྱ་ཙམ་ཡོད་པ་ལ། གཞན་ཀུན་བརྩོན་པས་རིག་པའི་གནས་ལྔ་ལ་བྱང་བར་ཡོད་པ་ལ། རྒྱལ་རིགས་ཀྱི་དགེ་སློང་དེ་ནི་རྟག་ཏུ་གཉིད་ལོག་པར་བྱེད་པ་ལ། ཕོ་བའི་མེ་དྲོད་ཀྱང་ཆེ་ནས། འབྲས་བྲེ་ལྔ་ལྔ་ནངས་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེ་ཝ་པཱ་ལ་ན་རེ། འདི་ནི་བྷུ་སུ་ཀུ་གཅིག་འདུག་གོ །ཟེར་བས་མིང་ཡང་དེ་ལྟར་དུ་གྲགས། དེ་ནི་ཟ་ཉལ་འཆག་གསུམ་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ།།
མདོར་ན། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ལས[12]། ཕྱི་རོལ་གཡེང་བའི་དགྲ་སྡེ་མ་ལུས་པ། །དུག་གསུམ་ཉོན་མོངས་དཔུང་དང་ལྷན་ཅིག་ཏུ། །ཕམ་པར་མཛད་ཚེ་མདའ་ལྔའི་སྒྲོ་ལྡན་ཡང་། །སྟོབས་ལྡན་བཞིན་དུ་མྱ་ངན་ས་འོག་ཞུགས། །འཇམ་དབྱངས་གསུང་གི་རྟག་ཏུ་བཅུད་ལྡན་ཞིང་། །བདེ་ཆེན་གནས་ལས་མི་གཡོ་རྡོ་རྗེའི་ཐུགས། །ཉིན་བཞིན་མཁས་པའི་བྱ་བས་དུས་འདའ་ཡང་། །ཕྱི་རོལ་ཚུལ་ལ་བྷུ་སུ་ཀུ་ཞེས་གྲགས། །མངོན་པར་ཤེས་པའི་ལྟ་བྱེད་དང་བྲལ་བས། །འདི་ནི་དགེ་སྦྱོང་ཚུལ་ལས་ཉམས་སོ་ཞེས། །རབ་སྨད་མཐོན་པོའི་ཁྲི་ལ་མགོན་པོ་ཁྱོད། །ཞུམ་པ་བསྐྱེད་ཕྱིར་དམ་ཆོས་སྟོན་པར་གསོལ། །རི་དབང་ལྟ་བུར་མཐོ་བའི་སྤོབས་པ་དང་། །མཁའ་ལྟར་ཕ་མཐའ་བྲལ་བའི་མཁྱེན་པ་ཡིས། །ཟབ་ཅིང་རྒྱ་ཆེའི་སྔོན་མེད་གཎྜཱིའི་དབྱངས། །ཕྱོགས་ཀྱི་བུ་མོའི་རྣ་བར་གསལ་བར་བསྒྲགས། །ཉིད་ཀྱི་སྤངས་རྟོགས་ཚུལ་ལ་འགྲན་པ་བཞིན། །ཇེ་མཐོ་ཇེ་མཐོར་རྫུ་འཕྲུལ་གཤོག་རླབས་ཀྱིས། །འཆི་མེད་ལམ་དུ་གཤེགས་ཚེ་ཀུན་གྱི་ཡིད། །དད་དང་མིག་མཚོར་མཆི་མའི་ཆུ་ཐིགས་གཡོས། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[2] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། སྡོམ་གསུམ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༥༢
[3] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༩༦
[4] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༣༤
[5] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། སྡོམ་གསུམ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༥༣
[6] འགྲེལ་པ་བཞི་སྦྲགས། པོད། ༼ང༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༡༤༧
[7] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༥༧༤
[8] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༤༨
[9] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༧༠
[10] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༦༤༨
[11] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༧
[12] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༩ ནས་ ༡༤༠ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨ ནས་ ༡༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།