ཉ༽ ཇོ་བོ་རྗེ་རབ་ཏུ་བྱུང་སྟེ་སྡེ་པའི་བདག་པོར་གྱུར་པ།

ཉ༽ རབ་ཏུ་བྱུང་སྟེ་སྡེ་པའི་བདག་པོར་གྱུར་པ།

 

དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]།

བསླབ་གསུམ་སྦྲང་རྩིའི་རྒྱལ་མཚན་དཔལ་འབར་བ། །

ཁོ་ནས་ཐུབ་བསྟན་དགའ་ཚལ་མཛེས་དགོངས་ཏེ། །

དོན་ཀུན་གྲུབ་པ་གཞན་བཞིན་རབ་བྱུང་བས། །

ཐུབ་དབང་གཉིས་པར་གྱུར་པ་ཁྱོད་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ལྟར་དགུང་ལོ་ཉི་ཤུ་རྩ་གཅིག་ནས་དགུང་ལོ་ཉེར་དགུའི་བར་དུ་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་མཐའ་དག་ལ་སྦྱངས་ཤིང་ཐུགས་ཉམས་སུ་བཞེས་པས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ཐོབ། ད་ཚེ་འདི་ལ་སྔགས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ཞིག་བྱེད་སྙམ་དུ་དགོངས་པ་ནར་མར་བྱུང་བ་ན་ནུབ་གཅིག་རྨི་ལམ་དུ། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རིགས་ཀྱི་བུ་ཨ་ཝ་དྷུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་གྱིས། ཁྱོད་རབ་ཏུ་ཕྱུང་ན་དུས་ཕྱིས་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་པོ་འོང་བར་འདུག་གོ་ཞེས་ལུང་བསྟན་ཏོ།།

ཡང་ནུབ་གཅིག་གི་རྨི་ལམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་འདུན་མང་པོའི་འཁོར་དང་བཅས་ནས། གདུགས་ཚོད་གསོལ་གྱིན་འདུག །དེའི་གྲལ་ཞབས་ན་ཇོ་བོ་ཉིད་ཀྱང་བཞུགས་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ཇོ་བོ་ལ་གཟིགས་ནས། མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་། ཞེས་གསུང་བ་ཞིག་རྨིས་པ་ན་ད་ངེས་པར་རབ་ཏུ་འབྱུང་བར་བྱའོ་སྙམ་དུ་དགོངས་ནས། དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེན་སྡེ་པ། དེའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྦྱོར་བའི་ལམ་པ། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་འཛིན་བརྙེས་པའི་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བར་བཏགས་སོ།།

རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[3]། རབ་ཏུ་བྱུང་སྟེ། ཞེས་པར། ནག་ཚོའི་གསུང་རྒྱུན་ཇོ་རྣམ་རྒྱས་པ་ཡོངས་གྲགས་མར་རྡོ་རྗེ་གདན་དུ་རབ་ཏུ་བྱུང་བར་གསལ་ཏེ། བཀའ་གདམས་ཕ་ཆོས་ལས[4]། དཔལ་རྡོ་རྗེ་གདན་ཞེས་པ་ནས། མཁན་པོ་ཞུས་ནས་རབ་ཏུ་བྱུང་བའི་མཚན་ཞེས་གསལ་ལ། པཎ་ཆེན་བསོད་ནམས་གྲགས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ལས། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་རབ་བྱུང་བསྙེན་རྫོགས་གནང་བར་བཤད་པ་དང་། དུང་དཀར་ཚིག་མཛོད་དུ་ན་ལེནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་བར་བཤད། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་ད་ལྟ་རྙེད་མེད་ལ། སོ་མ་པུ་རིའི་གཙུག་ལག་ཁང་གི་ཤུལ་ནི་ཕྱི་ལོ་ ༡༩༢༧ ལོར་ཤར་བྷང་ག་ལའི་པུ་ཧཱར་པུར་རྡོ་སྐོས་ཡི་གེ་རྙེད་པ་ལས་གནས་དེ་ཡིན་པར་ངེས་པ་རྙེད་ཡོད། དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་ཞེས་པས། དགུང་ལོ་ང་དགུའི་བར་དུ་མཚན་ཉིད་ཐེག་པར་སྦྱངས་པར་གསུངས་པས། དགུང་ལོ་ང་བདུན་པར་བོད་དུ་བྱོན་ན་འདི་དང་མཐུན་ཚུལ་དཔྱད་དགོས་པར་བཤད་མོད། ཀུན་མཁྱེན་ལམ་ཊཱིཀ་ལས། ལས་ཆེན་ཀུན་རྒྱལ་བའི་བཀའ་གདམས་ཆོས་འབྱུང་ལྟར་ཇོ་བོ་རྗེ་དགུང་ལོ་ཉེར་དྲུག་ལ་རབ་ཏུ་བྱུང་བར་བཤད་པས་ནང་འགལ་མེད། འོན་ཀྱང་། ནག་ཚོའི་གསུང་རྒྱུན་ཇོ་རྣམ་རྒྱས་པ་ཡོངས་གྲགས་མ་སྟེ་ཕ་ཆོས་དེབ་གཟུགས་ལས[5]། ཇོ་བོ་དགུང་ལོ་ཉི་ཤུ་རྩ་དགུ་བཞེས་པའི་དུས་སུ་ཞེས་པ་ནས། རབ་ཏུ་བྱུང་བའི་མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བྱ་བར་བཏགས་སོ། །ཞེས་དང་། ལམ་རིམ་ ༥་༦ ལས། དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། ཞེས་པ་ནས། དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། ཞེས་དང་། དེབ་སྔོན་དེབ་གཟུགས་ ༢༩༨་༡༥ ལས། དགུང་ལོ་ཉེར་དགུ་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཞེས་ཇོ་བོའི་རྣམ་ཐར་ཕལ་ཆེ་བར་དེ་ལྟར་འབྱུང་། ཇོ་བོ་ཕལ་ཆེན་སྡེ་པར་[6]རབ་ཏུ་བྱུང་དོན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ལས[7]། ཐར་པར་ཇི་ལྟར་གཤེགས་པ་ནི། ཇོ་བོ་དགུང་ལོ་ཉི་ཤུ་རྩ་དགུ་པ་བཞེས་པའི་དུས་སུ་ན་ལེན་ཏྲ་ན་གནས་པོ་ཆོས་རྒྱུས་ཆེ་བ་ཞིག་ཡོད་པ་ལ་གང་གི་སྡེ་ལ་རབ་ཏུ་འབྱུང་བྱས་པས། ཁྱོད་གསང་སྔགས་ཀྱི་སྤྱོད་པ་འདོར་རམ་མི་འདོར་ཟེར། མི་འདོར་བྱས་པས། འོ་ན་དགེ་འདུན་ཕལ་ཆེ་སྡེ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད་དུ་རབ་ཏུ་བྱུང་ཟེར་ནས།

དཔལ་རྡོ་རྗེ་གདན་བྱང་ཆུབ་ཆེན་པོ་བརྙེས་པའི་གནས་མ་ཏིའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེན་སྡེ་པ། དེའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་སྦྱོར་བའི་ལམ་པ་དེ་ཁོ་ན་ཉིད་ལ་ཕྱོགས་གཅིག་ཏུ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པའི་ཤི་ལ་རཀྵི་ཏ་ཞེས་བྱ་བ་མཁན་པོ་ཞུས་ནས་རབ་ཏུ་བྱུང་བའི་མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བར་བཏགས་སོ། །ཞེས་གསལ་བ་ལྟར། གཙུག་ལག་ཁང་གང་དུ་རབ་ཏུ་བྱུང་མིན་དང་། དགུང་ལོ་གང་ལ་རབ་ཏུ་བྱུང་མིན་ལ་བཞེད་པ་མི་མཐུན་ནོ།།

དེ་ནས་མཚན་ཉིད་ཀྱི་ཐེག་པའི་སྡེ་སྣོད་གསུམ་ག་ལ་ཞིབ་ཏུ་སྦྱངས་ཤིང་། ཁྱད་པར་བླ་མ་དྷ་རྨཱ་རཀྵི་ཏའི་སྤྱན་སྔར་འདུལ་བ་ལུང་སྡེ་བཞིའི་གནད་ཀུན་བསྡུས་ཤིང་། མངོན་པ་སྡེ་བདུན་གྱི་གནད་ཀུན་བསྡུས་པའི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ཞེས་བྱ་བ་བམ་པོ་བརྒྱད་བརྒྱ་ཙམ་ཡོད་པའི་བསྟན་བཅོས་ཆེན་པོ་དེ་ལོ་བཅུ་གཉིས་ཀྱི་བར་དུ་གསན་ནས་མཐའ་ཆོད་པར་སྦྱངས། སྡེ་པ་བཅོ་བརྒྱད་པོ་སོ་སོའི་བྱིན་ལེན་དང་རུང་ཆུ་སོགས་ཕྱག་ལེན་ཕྲ་མོ་མཐའ་དག་མ་འདྲེས་པར་མཁྱེན་ནས་འཕགས་ཡུལ་གྱི་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་ཏོ། །ཞེས་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་བསྟོད་པ་ལས་[8]ཀྱང་། ཨོ་ཏནྟ་ཡི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀཱ་མ་ནི་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་[9]ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་གྲགས་ཁྱོད་མི་མཛད། །མ་ག་དྷཱ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་[10]ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་གསུངས་ལ། དེ་བཞིན་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[11]།

དཔལ་ལྡན་ཐུབ་པའི་བཀའ་ཡི་ཁུར་འཛིན་པ། །

སྡེ་པ་བཅོ་བརྒྱད་ཀུན་གྱི་གཙུག་རྒྱན་དུ། །

ཁྱོད་གྱུར་དེ་ཚེ་ལྔ་བརྒྱའི་གཙུག་རྒྱན་ཞེས། །

བསྔགས་པ་དོན་དང་ལྡན་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་ཆེས་ཆེར་མཛད་པ་ལྟར་སློབ་དཔོན་འདིས་དགུང་ལོ་ཉེར་དགུའི་བར་ཁྱིམ་པའི་ཚུལ་དུ་ཆོས་འཚོལ་བའི་སྤྱོད་པ་སྣ་ཚོགས་མཛད། ཡབ་ཡུམ་གཉིས་ཀྱི་ཕྱོགས་ནས་སློབ་དཔོན་ལ་རབ་ཏུ་བྱུང་བར་མི་གནང་བའི་བསམ་འདུན་ཤུགས་ཆེན་པོ་ཡོད་ཀྱང་། སློབ་དཔོན་རང་ངོས་ནས་སོ་སོར་ཐར་པ་ལ་གུས་པ་དང་རབ་ཏུ་བྱུང་ན་དགོས་པ་ཆེ་བ་མང་དུ་གཟིགས་ནས་རྡོ་རྗེ་གདན་གྱི་མ་ཏི་ཝི་ཧ་རའི་གཙུག་ལག་ཁང་དུ་ཕལ་ཆེན་སྡེ་པའི་གནས་བརྟན་ཤཱི་ལ་རཀྵི་ཏ་ལས་རབ་ཏུ་བྱུང་ཞིང་། ཀུན་མཁྱེན་འཇམ་བཞད་ཀྱི་ལམ་རིམ་ཊཱིཀ་དང་། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱི་བཀའ་གདམས་ཆོས་འབྱུང་ལས་དགུང་ལོ་ ༢༦ ལ་རབ་ཏུ་བྱུང་བར་གསུངས་ནའང་། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[12]། དང་པོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོར་སྨིན་པར་མཛད། དགུང་ལོ་ཉེར་དགུ་ན་ཨོ་ཏན་པུ་རིའི་གཙུག་ལག་ཁང་དུ་ཕལ་ཆེན་སྡེ་པའི་མཁན་པོ་ཤཱི་ལ་རཀྵི་ར་ལས་དགེ་སློང་ཆིག་རྫོགས་མཛད་ཅིང་། གསེར་གླིང་བ་སོགས་བླ་མ་མང་པོའི་ཞབས་ལ་བཏུགས་ནས་རིག་པའི་གནས་ལྔ་ལ་སྦྱངས་པས། མཁྱེན་རབ་དང་བདག་གཞན་བརྗེ་བའི་ཐུགས་རྗེ་ཕུན་སུམ་ཚོགས་པས་འཕགས་ཡུལ་གྱི་པཎྜི་ཏ་རྣམས་ཀྱི་གཙུག་གི་ནོར་བུ་ལྟར་བཞུགས། ཞེས་གསལ་བ་ལྟར་གཞུང་མང་པོར་དགུང་ལོ་ ༢༩ བར་ཁྱིམ་དུ་བཞུགས་ཤིང་། དགུང་ལོ་ ༢༩ སྐབས་སུ་རབ་ཏུ་བྱུང་བར་གསལ་བས་མི་མཐུན་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[13]།

སྐུ་རྐེད་འཁོར་བའི་ལྡེ་མིག་བརྒྱ་ཕྲག་གི །

གཙུག་ལག་ཁང་ཆེན་ཆོས་ཀྱི་བང་མཛོད་འཛིན། །

སྡེ་སྣོད་གསུམ་གྱིས་ཕྱུག་པའི་པཎྜི་ཏ། །

བགྲང་དུ་ཡས་པའི་གཙུག་གི་རྒྱན་གཅིག་ཉིད། །

ཅེས་བསྟོད་ཕྱག་ཀྱང་མཛད་ལ། འདིར་དོགས་གཅོད་ཞུ་དགོས་པ་ཞིག་ལ། འགོས་ལོའི་དེབ་ཐེར་སྔོན་པོ་དང་། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེན་མོར། ཇོ་བོ་རྗེས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་བདུན་དུ་མཛད་ཅེས་གསུངས་པ་ནི། ཇོ་བོ་རྗེ་རབ་ཏུ་མ་བྱུང་བའི་གོང་རོལ་ཏུ་ཡིན་གྱི། ཁོང་བཀའ་གདམས་ཀྱི་བསྟན་པའི་བདག་པོ་འདུལ་བའི་བཅས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་དགེ་སློང་ཚུལ་ཁྲིམས་རྣམ་དག་ཅིག་གིས་བུད་མེད་ག་ལ་བསྟེན། (ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་རིག་མ་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་མི་དགོས་ཀྱང་། འདིར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅེས་པ་ནི་སྤྱོད་པ་གོང་མ་གཉིས་པོ་གང་རུང་དུ་ངེས་ཤིང་། དེ་གཉིས་ལ་ནི་ངེས་པར་རིག་མ་དངོས་དང་འདོད་ཡོན་ལམ་དུ་བྱེད་པ་ཞིག་དགོས་སོ། །ཡོངས་གྲགས་སུའང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པ་རིག་མ་དངོས་དང་སྙོམས་པར་འཇུག་པའི་སྤྱོད་པ་ལ་གོ་བའི་ཕྱིར་རོ།།) རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པ་ནི། ཇོ་བོ་རབ་ཏུ་མ་བྱུང་བའི་གོང་རོལ་ཏུ་ཡིན་པའི་ཁུངས་ནི། དེབ་སྔོན་ལས་[14]གསུངས་པ་ལྟར་ཡིན་ནོ།།

དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས[15]།

བྱང་ཆུབ་ཐུགས་ལ་མངའ་བརྙེས་གསེར་གླིང་པ། །

ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །

ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །

བསྟན་པའི་སྲོག་ཤིང་གསུམ་ལ་གསོལ་བ་འདེབས། །

ཞེས་བསྔགས་པ་མཛད་པ་ལྟར་ཤིང་རྟ་ཆེན་པོའི་སྲོལ་འཛིན་དང་། བསྟན་པའི་སྲོག་ཤིང་གསུམ་གྱི་ཡ་གྱལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གསེར་གླིང་དུ་བྱོན་ནས་ཉིད་ཀྱི་བླ་མའི་གཙོ་བོ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་དང་། རང་གི་སྐུ་ཤ་བཅད་ནས་གཞན་ལ་སྦྱིན་ཅིང་བྱམས་སྙིང་རྗེ་འབའ་ཞིག་བསྒོམས་པས་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་བླ་མ་དྷརྨ་རཀྵི་ཏ། གཞན་གྱི་སྡུག་བསྔལ་བདག་ལ་དངོས་སུ་ལེན་ནུས་པ་བླ་མ་བྱམས་པའི་རྣལ་འབྱོར་པ་དང་གསུམ་གྱི་ཡ་གྱལ་བླ་མ་གསེར་གླིང་པ་བསྟེན་ཚུལ་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[16]།

བྱང་ཆུབ་སེམས་ཀྱི་གདམས་ངག་འཚོལ་བའི་ཕྱིར། །

དབང་སྔོན་ཞུན་མའི་ཆུ་གཏེར་རབ་བརྒལ་ཏེ། །

གསེར་གླིང་ཆོས་ཀྱི་གྲགས་པའི་ཞབས་བསྟེན་ནས། །

གཞན་ཕན་བྱང་སེམས་མཆོག་གི་གཏེར་ཆེན་བརྙེས། །

ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[17]། དེ་ལྟར་མདོ་སྔགས་ཀྱི་ཆོས་འཕགས་ཡུལ་ན་དེ་དུས་བཞུགས་པ་མཐའ་དག་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་མྱུར་དུ་འཚང་རྒྱ་བ་ལ་ལམ་གང་ཞིག་མྱུར་སྙམ་པ་ནར་མར་ཡོད་པ་ན་རི་ནག་པོའི་[18]ཁོང་གསེང་ན་བཞུགས་པའི་བླ་མ་རཱ་ཧུ་ལ་གུཔྟས་མངོན་པར་ཤེས་པས་མཁྱེན་ཏེ། དེར་བྱོན་ནས་ཇོ་བོ་ལ་གསུངས་པ། ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་མངོན་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག་གསུངས། ཞེས་གསལ་ལོ།།

བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[19]། རྡོ་རྗེ་གདན་དུ་སྐོར་བ་མཛད་པའི་ཚེ། །ལྷ་བུ་གཉིས་ཀྱི་བྱང་སེམས་ནོད་པའི་ཚུལ། །ཉེ་བར་བསྟན་པ་ཐུགས་སུ་ཆུད་གྱུར་པ། །མི་ཕུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རེ་ཞིག་མཁའ་ལ་རྗེ་བཙུན་སྒྲོལ་མ་དང་། །ཁྲོ་གཉེར་ཅན་གྱི་སྔགས་ཀྱི་བྱང་ཆུབ་སེམས། །རབ་ཏུ་བསྟན་པས་ལེགས་པར་ནོད་གྱུར་པ། །མཉམ་མེད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བདེ་གཤེགས་རྣམས་དང་དེ་ཡི་སྐུ་གཟུགས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་ཡང་དུ། །བྱམས་དང་སྙིང་རྗེ་ལེགས་པར་སྦྱོངས་ཤིག་ཅེས། །རབ་བསྐུལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །རྒྱལ་བ་རིགས་ལྔ་ཕྱོགས་བཅུའི་སངས་རྒྱས་རྣམས། །གདུལ་བྱའི་མིག་ལ་སྣང་བར་མཛད་ནས་ནི། །སྐྱེ་བོ་མཆོག་གི་ལམ་དུ་འཇུག་མཛད་པ། །མ་རྨོངས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །བདག་གི་བདེ་བ་གཞན་ལ་སྟེར་མཛད་ཅིང་། །གཞན་གྱི་སྡུག་བསྔལ་བདག་ལ་ལེན་མཛད་པས། །ཀུན་ཏུ་བྱང་ཆུབ་ཐུགས་ལས་མི་ཉམས་པ། །བརྩེ་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[20]ཀྱང་། ཡང་རྡོ་རྗེ་གདན་གྱི་ཁོར་ས་ན་ཕར་བསྐོར་བ་མཛད་པའི་ཚེ་ལྡེར་བཟོ་གཅིག་གིས་གཅིག་ལ་དྲི་བ་དང་ལན་འདེབས་པའི་ཚུལ་དང་། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་གཅིག་གིས་གཅིག་ལ་དྲི་བའི་ཚུལ་དུ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། ཅིག་ཤོས་ན་རེ་བྱང་ཆུབ་ཀྱི་སེམས་ལ་བསླབ་བར་བྱའོ། །ཞེས་གསུངས་ནས། བྱང་ཆུབ་སེམས་སྦྱོང་གི་ཐབས་བཟང་བ་ཞིག་གསུང་གིན་འདུག་པ་ལ། བསྐོར་བ་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་རྡོ་ར་ན་བཞུགས་ཙ་ན། བུད་མེད་རྒན་གཞོན་གཉིས་འདུག་པས། གཞོན་པ་དེ་ལ་རྒན་པ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུང་བ་དང་། ཡང་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་བསྐོར་བ་མཛད་པའི་ཚེ། བྱ་འདབ་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། ཧེ་བྷ་དནྡ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་རྡོ་ར་ཁང་བུ་ལ་བསྐོར་བ་མཛད་པའི་ཚེ། བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་འདུག་པ་དེའི་ཞལ་ནས། ཛོ་ཀི །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུང་།།

(ཨིན་ཌུ་ནི་ཤེ་ཡའི་ Indonesia བླ་མ་གསེར་གླིང་པའི་གདན་ས་ Borobudur ནི་ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་དུ་གྲུར་བཞུགས་ཏེ་གསེར་གླིང་གི་ཡུལ་དུ་རྒྱ་མཚོའི་ལམ་ནས་ཟླ་བ་བཅུ་གསུམ་ཙམ་ཕེབས་ནས་གནས་འདིར་བླ་མ་གསེར་གླིང་པ་ཆོས་ཀྱི་གྲགས་པ་མཇལ་སའི་ཡུལ་ཡིན་ལ། ཇོ་བོ་གནས་འདིར་ལོ་བཅུ་གསུམ་ཙམ་བཞུགས་ནས་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་གསན་པར་གྲགས། མཆོད་རྟེན་འདིར་བྷོ་རོ་བྷུ་དྷོར་བརྗོད་ཅིང་། ལ་ལར་ཇོ་བོ་དང་བླ་མ་གསེར་གླིང་པ་མཇལ་སའི་གནས་གསེར་གླིང་པ་གདན་ས་གཞན་ཞིག་ཡོད་པར་ཡང་གསུངས་པས་དཔྱད་དགོས་སོ།།

(གསེར་གླིང་ནི། གསང་སྔགས་ཀྱི་གནས་ཡུལ་ཉེར་བཞིའི་ནང་ཚན་སུ་ཝརྞ་དྭི་པ་ (Suvarnadvipa) སྟེ། གསེར་གླིང་དུ་གྲགས་ཤིང་། དེང་སྐབས་ཨིན་ཌུ་ནེ་ཤི་ཡའི་ (Indonesia) མངའ་སྡེ་སུ་མ་ཊ་ (Sumtra) ཞེས་པ་ཡིན་པར་འདོད་དེ། མཁས་དབང་དགེ་ཆོས་ཀྱི་གནས་ཡིག་ཏུ་སུམ་ཏར་ཞེས་གསལ་ལ། སྔོན་རྒྱལ་བསྟན་དར་རྒྱས་ཆེ་བའི་གནས་ཤིག་ཡིན་ཞིང་། ཇོ་བོ་རྗེའི་བླ་མ་གསེར་གླིང་པ་ཞེས་པའི་སེམས་དཔའ་ཆེན་པོ་དེ་ཡང་ཡུལ་འདིར་འཁྲུངས་པར་བཤད་དོ།།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢༣

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་བཤུལ་ལམ། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༣༩

[4] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༥༥

[5] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༥༥

[6] ཉན་ཐོས་ཀྱི་རྩ་བའི་སྡེ་པ་སྟེ། འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང་། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞི་ལས། ཇོ་བོ་རྗེ་ནི་འོད་སྲུང་ནས་བརྒྱུད་པའི་ཕལ་ཆེར་སྡེ་པའོ།།

[7] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༥༥

[8] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡ ནས ༣༤༡ བར།

[9] ངག་དབང་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས། རབ་བྱུང་བརྒྱ་ཕྲག་མང་པོ་དང་། །ཞེས་གསུངས།

[10] སློབ་དཔོན་དུལ་བའི་ལྷས་མཛད་པའི་སྡེ་པ་ཐ་དད་བཀླགས་པའི་འཁོར་ལོ་ལས། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང་། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མ་དང་། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། །ཞེས་དགེ་འདུན་ཕལ་ཆེན་པ་ལྔ། ཐམས་ཅད་ཡོད་སྨྲ་བདུན། གནས་བརྟན་པ་གསུམ། མང་བཀུར་བ་གསུམ་སྟེ་བཅོམ་བརྒྱད་དུ་བཤད་པ་རྣམས་སོ།།

[11] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢༣

[12] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༣

[13] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥

[14] འགོས་ལོའི་དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༢༩༨

[15] བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡

[16] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥

[17] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[18] རིའི་ནང་ཕྱོགས་ཀྱི་ཐང་གི་གཡས་གཡོན་ནས་འོངས་པའི་ལྷོ་ཕྱོགས་ཀྱི་ཆུ་ཕྲན་དེ་བརྒྱུད་དེ་ཡར་སོང་ན་ནག་པོ་བརྩིགས་པའི་རི་ཡོད་ཅིང་། དེའི་མདུན་གྱི་ཐང་གི་ནགས་ཚལ་དེ་ཤི་ཏ་བ་ན་བྱ་བ་མདོ་ལས་གསུངས་པའི་བསིལ་བ་ཚལ་ཡིན། ཞེས་དགེ་ཆོས་ཀྱི་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་ ༧༣ ཐོག་གསལ་བའི་རྡོར་གདན་ནས་ཐག་ཉེའི་བསིལ་བ་ཚལ་གྱི་དུར་ཁྲོད་ཉེ་འགྲམ་གྱི་རི་རྒྱུད་རིང་པོ་དེ་མིན་ནམ་སྙམ་པས་དཔྱད་དགོས།

[19] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[20] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༧ ནས་ ༦༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *