སློབ་དཔོན་དབྱིག་གཉེན་གྱི་གསུང་གཞན་སྒྲ་སྒྱུར་མཛད་པ་པོའི་ལོ་ཙཱ་བ།

དེ་འཕྲོས་སློབ་དཔོན་དབྱིག་གཉེན་གྱི་བསྟན་བཅོས་སྒྲ་སྒྱུར་མཛད་པ་པོ་ལོ་ཙཱ་བ། ༤༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང༌། ཉི་ཁྲི་ལྔ་སྟོང་པ་དང༌། ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་དང་། སུམ་ཅུ་པའི་ཚིག་ལེའུར་བྱས་པ། ཉི་ཤུ་པའི་ཚིག་ལེའུར་བྱས་པ། ཉི་ཤུ་པའི་འགྲེལ་པ། སུམ་ཅུ་པའི་ཚིག་ལེའུར་བྱས་པ།

ཕུང་པོ་ལྔའི་རབ་ཏུ་བྱེད་པ། ཕུང་པོ་ལྔའི་བཤད་པ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཚིགས་སུ་བཅད་པ་གཅིག་པའི་བཤད་པ་དང་། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ། འཕགས་པ་མདོ་སྡེ་ས་བཅུ་པའི་རྣམ་པར་བཤད་པ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ། བཅས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་སྒྲ་སྒྱུར་མཛད།

༥༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་རཀྵི་ཏས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ་དང་། ས་བཅུ་པའི་རྣམ་པར་བཤད་པ། མདོ་སྡེའི་རྒྱན་གྱི་བཤད་པ། ལས་གྲུབ་པའི་རབ་ཏུ་བྱེད་པ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། ཆོས་མངོན་པའི་མཛོད་ཀྱི་བཤད་པ། བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག་བཅས་དགུ་པོ་རྣམས་སྒྲ་སྒྱུར་མཛད།

༦༽ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ཀྱིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་འགྲེལ་པ་སྒྲ་སྒྱུར་མཛད།

༧༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ། ཚུལ་ཁྲིམས་ཀྱི་གཏམ་གྱི་འགྲེལ་པ། ཚོགས་ཀྱི་གཏམ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་ལྔ་པོ་རྣམས་སྒྲ་སྒྱུར་མཛད། གོང་གསལ་ལོ་ཙཱ་བ་བཞི་པོ་དེ་དག་གི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན།

༨༽ ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་གནས་བདུན་གྱི་རྒྱ་ཆེར་འགྲེལ་པ་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་སྐབས་སུ་བཀོད་ཟིན།

༩༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དྲན་པ་ནམ་མཁས་སློབ་དཔོན་བ་སུ་བནྡྷུས་མཛད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། བམ་པོ་བཞི་པ་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདིའི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༡༠༽ ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ་སྒྲ་སྒྱུར་མཛད་པ་དང་།

༡༡༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་མཉྫུ་ཤྲཱི་ཝ་རྨས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ་སྒྲ་སྒྱུར་མཛད་ཅིང་། གོང་གསལ་ལོ་ཙཱ་བ་གཉིས་ཀྱི་རྣམ་ཐར་མཁན་ཆེན་ཞི་བ་འཚོའི་གསུང་གི་སྐབས་སུ་བཀོད་ཟིན།

༡༢༽ ལོ་ཙཱ་བ་བནྡེ་རྩངས་དེ་ཝིནྡྲ་རཀྵི་ཏས་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རྣམ་པར་བཤད་པ་རིགས་པའི་མདོ་སྡེའི་དུམ་བུ་བརྒྱ་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་འདིའི་རྣམ་ཐར་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༡༣༽ ནག་ཚོ་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པ། བསྟན་བཅོས་ཕུལ་དུ་བྱུང་བ་དུ་མ་མཛད་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་པ་ཆེན་པོ་བསྡུས་པའི་འགྲེལ་པ་སྒྲ་སྒྱུར་མཛད་ཅིང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་སློབ་དཔོན་སེངྒེ་བཟང་པོའི་གསུང་གི་སྐབས་སུ་འགོད་པར་བྱ་ལ། དེ་བཞིན།

༡༤༽ ལོ་ཙཱ་བ་འབྲོག་མི་ཤཱཀྱ་བློ་གྲོས་ཀྱིས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དཀོན་མཆོག་གསུམ་གྱི་བསྟོད་པ་སྒྲ་སྒྱུར་མཛད། ལོ་ཙཱ་འདིའི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༦ ནས་ ༣༣༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *