༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སྔོ་སྦྱོར་གསུམ་པ།

༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སྔོ་སྦྱོར་གསུམ་པ།

 

ཨོཾ་སྭ་སྟི། འགྲོ་མཆོག་མི་ལུས་རིན་ཆེན་ལ། །མདའ་རྡོ་གྲི་མདུང་ལ་སོགས་ཀྱིས། །ཆག་གས་གནད་[བསྣད]པ་ཅི་བྱུང་ཡང་། །སྔོ་སྦྱོར་གསུམ་གྱིས་འགྲུབ་པར་བྱེད། །གསུམ་སྦྱོར་དྲག་[གྲགས]པ་ཆེས་[ཆེ]སྟེ་འབྲུག་དང་འདྲ། །འཆི་མེད་འབྲུག་སྒྲ་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །ནུས་པ་མྱུར་ཏེ་ནམ་མཁའི་གློག་དང་འདྲ། །སྐད་ཅིག་ནད་འཇོམས་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །མཐུ་སྟོབས་ཐོག་[ཐོགས]མེད་གསང་བའི་བདག་ཉིད་འདྲ། །

ནད་རྨ་ཀླུ་འདུལ་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །ཡོན་ཏན་དཔག་མེད་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་འབྱུང་བ་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །གཞན་ན་མེད་པས་[པའི]ཁྱད་པར་འཕགས་པ་ཡིས། །མཁས་པ་ཁྱད་བསོད་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །ཟུར་ཙམ་ཐོས་པས་ཐེ་ཚོམ་ཐུགས་སུ་ཆུད། །རྨོང་[རྨོངས]པའི་སྨན་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །རྩལ་[བཙལ]བ་བླ་[སླ]རེ་[སྟེ]གྲམས་[གྲམ]པའི་རྡོ་དང་འདྲ། །བདུད་རྩི་འཛད་མེད་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །རིན་ཞལ་[གཞལ]མེད་[མི]དགོས་དབུལ་པོའི་སྨན་ཡིན་པས། །འཕོངས་[ཕོངས]པའི་སྨན་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །ཁོང་དུ་བཏང་བས་རྨ་ཁར་འོང་བར་བྱེད། །བདུད་རྩི་ཆུ་རྒྱུན་ཁྱེད་ལ་ཕྱག་འཚལ་བསྟོད་དོ། །ཁྲག་རུལ་ཐམས་ཅད་རྩ་རུ་སྐེམས་པ་ལ། །ཐང་དང་གཏར་ཁ་[ག]ཁྱོད་ཀྱིས་ཅི་ཞིག་བྱ། །སྐྲངས་དང་གཟེར་བ་རང་སར་ཞི་བ་ལ། །འབྱར་དང་དེབ་དང་ཆིང་[ཆིངས]ཀྱིས་ཅི་ཞིག་བྱ། །ཞེས་ཀླུ་སྒྲུབ་ཀྱིས་ལྟུམ་[ལྡུམ]བུ་གསུམ་ལ་བསྟོད་པའོ།།

སེམས་ཅན་ཤ་ཁྲག་ཕུང་པོ་ལ། །ནང་ཁྲོལ་སྲིན་པོའི་རྫོང་དྲུག་ཡོད། །སྙིང་དང་མཁལ་མ་ཞར་བ་དང་། །གློ་བའི་ལྟག་[སྟག]མགོ་ཆད་པ་དང་། །འཁྲིས་[མཁྲིས]པ་དོན་ལ་ཤོར་བ་དང་། །སྲོག་རྩའི་དྲན་ཐག་ཆད་པ་དང་། །རྒྱུ་མའི་འགུགས་སོ་[སོར]པོལ་ན་དྲུག །ནང་ཁྲོལ་སྲིན་པོའི་རྫོང་དྲུག་ཡིན། །སྙན་[གཉན]སར་པོལ་ན་བཅོས་སུ་མེད། །ཕྱི་ནང་སྙན་[གཉན]གྱི་འགྱོང་[གྱོང]བ་བཞི། །ཀླད་པ་དུང་འཚོ་[མཚོ]འཁྱིལ་བ་དེ། །འཐོར་གྱི་ཐོར་ན་བཅོས་སུ་མེད། །རྒྱུང་[རྒྱུངས]བ་དུང་མདའ་དཀར་པོ་དེ། །རྦད་ཀྱིས་ཆད་ན་བཅོས་སུ་མེད། །དེ་ལྟར་བགྱིས་ན་མ་གཏོགས་བའི། །འགྲོ་མཆོག་མིའི་ལུས་པོ་ལ། །མདའ་མདུང་གྲི་རྡོ་ལ་སོགས་བས། །ཆག་གས་གནད་[བསྣད]དང་ཚབས་ཆེ་ཡང་། །སྔོ་སྦྱོར་གསུམ་གྱིས་འགྲུབ་པར་བྱེད། །དེ་ལ་སྦྱོར་ཐབས་ནི། ཟང་[ཟངས]རྩི་བ་ཞོ་དོ། རྟར་[རྟ]མིག[རྨིག]བ་ཞོ་གང་། མན་དྷ་ཅིན་པོ་ཞི་གཅིག་དེ་གསུམ་བསྲེས་ཞིབ་པར་བཏགས། རྨ་ལ་དོམ་མཁྲིས་མཐུན་[ཐུན]གཅིག་བསྲེས། མགོ་རུས་ཆག་ན་རྡོ་ལུང་[མདུང]རྩེ་ཐུན་གཅིག་བསྲེས། སྨན་གཏོང་ལུགས། སྔོ་སྨན་རས་ཁུག་བླུག །ཆུ་བཞི་སུན་གསུམ་ལ་སྦྱར། ཇ་སུན་གཅིག་ཏུ་མ་སོང་བར་དུ་གདུ། གྲང་ནག་[ཐག]ཆོད་ནས་ཁོང་དུ་བཏང་། ནད་པ་ལ་སྐོམ་རྐྱང་འདི་ཇ་ནག་གིས་བྱེད། ཆང་མི་འཐུང་། རྨ་ཆེ་ཆུང་བ་ལ་སྨན་གྱིས་ཕྱི་ནས་བཏབ་པས་ཕན། ཕྱི་ནས་འདེབས་ན་ཞིབ་མོར་ཐོགས། ཐང་དུ་གཏོང་ན་ཆོམ་ཙམ་བརྡུངས། འཕགས་པ་ཀྲུ་[ཀླུ]སྒྲུབ་ཀྱི་[ཀྱིས]མཛད་པའི་སྔོ་སྨན་ཁྱད་པར་ཆིག་རྒྱུད་དུ་གྲགས་པ་འདི། སྔོ་སྨན་འཛུག་[མཛུབ]འཁྲིད་[ཁྲིད]དུ་བསླབ་ཅིང་གབ་ཡིག་ཏུ་བྲིས་འདུག་ནའང་། གཞན་ཕན་གྱི་བློས་འཛུག་[མཛུབ]འཁྲིད་[ཁྲིད]མི་དགོས་པར་གསལ་པོར་བྲིས་པ་ཡིན། ཨྠི།།[1]  །།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༡ ནས་ ༤༥༢ བར་གསལ་བ་ལས་བཏུས་པའོ།།

 

དཔྱད་གཞིའི་ཡིག་ཆ།

[1] མཆན། ཀླུ་སྒྲུབ་ཀྱིས་མཛད་པའི་སྔོ་སྦྱོར་གསུམ་པ་ནི། མི་རིགས་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༤ ལོར་དཔར་སྐྲུན་གནང་བའི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་ལས། མན་ངག་གསེར་བྲེ་མ་དང་དངུལ་བྲེ་མ་ཞེས་བྱ་བའི་ཤོག་གྲངས་ ༢༡༤ ནས་ ༢༡༦ བར་བཞུགས་པ་ལས་ཟུར་འདོན་ཞུས་ཏེ་ཞལ་སྐོང་ཞུས་པ་ལགས་སོ།།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༡ ནས་ ༤༥༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *