ཇ༽ རྒྱ་གཞུང་དུ་གསལ་བའི་ཡོན་ཏན་འོད་ཀྱི་རྣམ་ཐར།

ཇ༽ རྒྱ་གཞུང་དུ་གསལ་བའི་རྣམ་ཐར།

 

དེ་ཡང་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་སྐོར་རྒྱ་གཞུང་དུ་གསལ་བ་ནི། ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བ་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པའམ་འདུལ་བ་མདོའི་འགྲེལ་པ་བཅོམ་བརླག་མའི་མཛད་བྱང་ལས[1]། ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ།

ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་འོད་རང་ཉིད་སྐུ་འཁྲུངས་སའི་གནས་ནི། རྒྱ་གར་འཕགས་ཡུལ་གྱི་ཡུལ་བཅོམ་བརླག་སྟེ་མ་ཐུ་རཱ་ཞེས་བྱ་བར་སྐུ་བལྟམས་པ་དང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་པོ་རྣམས་ཀྱི་ཁྱུ་མཆོག་ཡིན་པ། འདུལ་གཞུང་ལ་སོགས་པ་བསྟན་བཅོས་དུ་མ་མཛད་པ། ལྷག་པར་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྣམས་ཀྱང་མངའ་ཚུལ་གྱི་སྙིང་དོན་གསལ་བ་ལྟར་རོ།།

གཞན་ཡང་སློབ་དཔོན་ཡོན་ཏན་འོད་རང་ཉིད་ཀྱིས་མཛད་པའི་འདུལ་བའི་མདོའི་མཛད་བྱང་ལས་[2]ཀྱང་། འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ། བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབས་པས། སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་སློབ་དཔོན་རང་ཉིད་ཉན་ཐོས་ཀྱི་རྩ་བའི་སྡེ་པ་བཞིའི་ནང་གསེས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བའི་འདུལ་འཛིན་པ་ཆེན་པོ་ཡིན་པ་དང་། བྲམ་ཟེའི་རིགས་ལས་སྐུ་འཁྲུངས་པ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཆོག་ཏུ་མཁས་པ། དམ་ཆོས་འདུལ་བའི་གཞུང་གི་བདུད་རྩིས་ཤེས་རབ་ཀྱི་དབང་པོ་རྒྱས་པ། འདུལ་གཞུང་གི་ཕྱག་ལེན་དཔྱིས་ཕྱིན་པར་མཛད་ཚུལ་སོགས་གསལ་བར་གསུངས་ལ། དེ་བཞིན་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་ལས་བརྒྱ་རྩ་གཅིག་པའི་མཛད་བྱང་དུའང་[3]དེ་མཚུངས་གསལ་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་[4]དང་། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད[5]། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་[6]སོགས་སུ་རྒྱ་ཆེར་འགྲེལ་གྱི་མཛད་བྱང་འདིར་ཁུངས་གཏུགས་ནས་སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར་རྣམས་བཀོད་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼སུ༽ དེབ་ཨང་ ༨༩ པ། ཤོག་གྲངས་ ༡༤༤༢

[2]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༡༠༨༡

[3]  བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཝུ༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༡༤༩༡

[4]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༥

[5]  ཀུན་མཁྱེན་ཆོས་འབྱུང་། གསུང་འབུམ། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་གྲངས་ ༥༥བ༡

[6]  མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༩ ནས་ ༢༧༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *