༢༠༠༣ ཟླ་ ༡༢ ཚེས་ ༣ ཉིན་སེར་བྱེས་སུ་སྩལ་བའི་པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད། (༡)

༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་བཞུགས་སོ།།

 

(ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༢ ཚེས་ ༣ ཉིན་སེར་བྱེས་གྲྭ་ཚང་དུ་སྩལ་བའི་

པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་བཞུགས་སོ།།)

 

ཀ༽ མཆོད་པར་བརྗོད་པ།

འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པས། །

སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །

རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །

ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །

ཞེས་པའི་དོན་ནི། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབ་ལ་སོགས་གསུང་བའི་དོན་རྣམས་ཚུར་བསྡུས་པ་རེད། དེ་ནས་གཤམ་གྱི་རྐང་པ་ཕྱི་མ་གཉིས་པོ་དེའི་ནང་ནས་རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །གསུངས་པ་དེ་དབུ་མ་པའི་ལུགས་ཀྱི་རྟེན་འབྱུང་ཕྲ་མོ་དེ་རང་དབང་གི་སྒོ་ནས་འདོམས་པར་མཛད་མཁན་གྱི་སྟོན་པ་སྨྲ་བ་ཟླ་མེད་པ་དེ་ལ་མགོས་ཕྱག་འཚལ་ཞེས་པའོ།།

 

༡༽ མགོན་པོ་ཀླུ་སྒྲུབ།

 

རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །

རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པ། །

རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །

འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །

དཔལ་མགོན་འཕགས་པ་ཀླུ་སྒྲུབ་རང་ཉིད་ཀྱིས་དབུ་མ་རིགས་ཚོགས་དྲུག་དང་། གཞན་ཡང་མདོ་ཀུན་ལས་བཏུས་པ། དེ་མིན་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་མང་པོ་ཞིག་མཛད་ཡོད། གང་ལྟར་མདོ་དང་སྔགས་གང་གི་སྐབས་ལ་ཡིན་ནའང་ཁུངས་གཏུགས་ས་ཆགས་ཡོད།

 

༢༽ འཕགས་པ་ལྷ།

 

དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །

དབུ་མ་བཞི་བརྒྱ་པའི་ནང་དུ་མུ་སྟེགས་པའི་གྲུབ་མཐའ་རྟག་པར་འདོད་མཁན་ཚོས་མཚོན་དེ་དག་རབ་བྱེད་རེ་རེ་བྱས་ནས་བཀག་ཡོང་གི་ཡོད་པ་རེད།

ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །

རྒྱལ་སྲས་འཕགས་པ་ལྷ་ལ་གསོ་བ་འདེབས། །

འཕགས་པ་ལྷས་སྤྱོད་བསྡུས་ཀྱི་གཞུང་མཛད་ནས་ཀླུ་སྒྲུབ་ཀྱི་རིམ་ལྔའི་དོན་འགྲེལ་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱི་རྨད་དུ་བྱུང་བའི་གཞུང་རིམ་ལྔའི་གནད་ཕྱིན་ཅི་མ་ལོག་པར་གསལ་བར་མཛད་པས་ཤིན་ཏུ་བཀའ་དྲིན་ཆེན་པོ་རེད།

 

༣༽ སངས་རྒྱས་བསྐྱངས།

 

འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །

བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །

གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འགྲེལ་པ་བུདྡྷ་པཱ་ལི་ཏ་ཞེས་པའི་གཞུང་གཙོ་བོ་ང་རང་ཚོས་མཇལ་རྒྱུ་ཡོད་པ་འདི་ཧ་ལས་པའི་སྤུས་དག་པོ་དང་ཡག་པོ་ཡོད། དོན་བསྡུས་ཤིང་གཙོ་བོ་ཉམས་ལེན་རང་ལ་སྦྱར་ནས་གསུངས་པ་ལས་མཐའ་དཔྱད་པ་གཙོ་བོ་གནང་མེད།

 

༤༽ ལེགས་ལྡན་འབྱེད།

 

བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །

ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །

གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །

སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །

སློབ་དཔོན་ལེེགས་ལྡན་འབྱེད་ཀྱི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་རེད། ཇོ་བོ་རྗེས་བོད་ལ་རྟོག་གེ་འབར་བའི་བཤད་ལུང་གྲངས་མང་པོ་གནང་མྱོང་བ་རེད། ཅེས་ཡོངས་གྲགས་རེད་འདུག །མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད། དངོས་གནས་མཁས་པའི་རྣམ་དཔྱོད་ཡོད་པ་མཐའ་དཔྱད་པ་གཙོ་བོ་བྱས་ནས་གསུངས་པ་ཞིག་རེད་འདུག

 

༥༽ ཟླ་བ་གྲགས་པ།

 

རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །

མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །

ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །

རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །

དཔལ་ལྡན་ཟླ་བ་གྲགས་པས་རང་གཞུང་དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་དེའི་རང་འགྲེལ། དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་དབུ་མ་ཚིག་གསལ། གཞུང་འདི་དག་གིས་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གཞུང་དོན་གཏན་ལ་འབེབས་པའི་གཞུང་ཧ་ལས་པའི་ཡག་པོ་རེད། གཞན་ཡང་སློབ་དཔོན་འཕགས་པ་ལྷའི་གསུང་དབུ་མ་བཞི་བརྒྱ་པའི་འགྲེལ་པ་བཅས་འདི་དག་གིས་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསལ་བར་འདོམས་པའི་གཞུང་ཟླ་མེད་པ་རེད་འདུག །དེ་བཞིན།

གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས། །

ཞེས་གསུངས་པ་བཞིན་མདོ་ཕྱོགས་ནས་ཚིག་གསལ་དང་། སྔགས་ཕྱོགས་ནས་སྒྲོན་གསལ་བཅས་དེ་གཉིས་མདོ་སྔགས་ཡོངས་སུ་རྫོགས་པ་རྒྱས་པར་མཛད་པའི་ཕྱིར། ཞེས་སྨོོས་པའི་དོན་དེ་ལྟར་ཡིན། རྗེ་རིན་པོ་ཆེའི་གསང་བ་འདུས་པ་གཙོ་བོར་གྱུར་པའི་རྒྱུད་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་མཁན་གཙོ་བོ་དབུས་ཀྱི་རྒྱུད་གྲྭ་སྨད་སྟོད་གཉིས་དེ་རེད། བླ་མ་རྒྱུད་པས་ཟླ་བ་གྲགས་པའི་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ། དེ་ལ་རྗེ་རིན་པོ་ཆེས་ས་བཅད་བསྡུས་དོན་དང། མཐའ་དཔྱོད་མྱུ་གུ་ལ་སོགས་འགྲེལ་པ་བཞི་སྦྲགས་ཞེས་བགྲངས་པ་འདི་ཉིད་བླ་མ་རྒྱུད་པས་འཆད་ཉན་མི་ཐུབ་ནའང་བྱེད་དགོས་པ་དང། མི་འདོད་ནའང་ཉན་དགོས་པས་འདི་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད་འདུག

 

༦༽ ཞི་བ་ལྷ།

 

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །

རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

ཞི་བ་ལྷས་བསླབ་བཏུས་དང་སྤྱོད་འཇུག་གཉིས་མཛད་ཡོད་ཅིང་། བསླབ་བཏུས་ཀྱི་ནང་ལ་མདོའི་ཁུངས་མང་པོ་དྲངས་ནས་ཧ་ལས་པའི་གཞུང་བང་སྒྲིག་སྟངས་ཡག་པོ་ཡོད། ཡང་བསླབ་བཏུས་ཀྱི་ནང་དུ་མ་གསལ་བ་དེ་འདྲ་སྤྱོད་འཇུག་གིས་ཁ་བསྐངས་པ་ཕལ་ཆེར་ཡིན་ས་རེད། གང་ལྟར་བསླབ་སྤྱོད་གཉིས་སྦྲགས་ནས་གསུངས་པ་དེ་བཀའ་གདམས་གཞུང་པ་བ་ཚོས་བཀའ་གདམས་གཞུང་དྲུག་ཅེས་གསུང་གི་ཡོད་ལ། གསུངས་པ་ལྟར་གཏན་གཏན་རེད་འདུག །དེ་འདྲ་བའི་ལེགས་བཤད་དེའི་ཐོག་ནས་དངོས་གནས་རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་ལ་ཁ་གྲག་རྒྱུ་མེད་པ་ཞིག་རིགས་ཚུལ་བརྒྱ་ཕྲག་དུ་མའམ་རིགས་ཚུལ་རྣམ་པ་མང་པོའི་ཐོག་ནས་གསུངས་པ་དེ་ཧ་ལམ་དུས་རབས་བརྒྱད་པ་ཡས་མས་ཙམ་ནས་ཧ་ལམ་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་ཕྱིན་པ་མིན་ནམ། གང་ལྟར་ཞི་བ་ལྷས་སྤྱོད་འཇུག་མཛད་ནས་དུས་ད་ལྟ་བར་དུ་བྱང་ཆུབ་སེམས་སྦྱོང་གི་གདམས་པའི་གཞུང་འདི་ལས་ལྷག་པ་ཞིག་མེད་པ་རེད། འོན་ཀྱང་རྗེ་རིན་པོ་ཆེའི་ལམ་རིམ་ནང་གི་གོ་རིམ་དེ་དག་ངེས་དགོས་པ་དེ་གལ་ཆེན་པོ་རེད་འདུག།།མདོར་ན་སྣང་གསུམ་གྱི་སྐབས་སུ་ཚེ་འདིའི་སྣང་ཞེན་བཟློག་པ་དང། ཕྱི་མའི་སྣང་ཞེན་བཟློག་པ་ཞེས་སོགས་སྡོམ་བྱེད་སྟངས་དེ་གལ་ཆེན་པོ་རེད་འདུག །དེའི་སྡོམ་དང་གོ་རིམ་དེ་དག་བློ་ལ་ཤར་བའི་ཐོག་ནས་སྤྱོད་འཇུག་གི་གཞུང་ལ་བསམ་བློ་གཏོང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེའི་ཕྱིར།

ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ།།
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས།།

ཞེས་པའོ།།

 

༧༽ མཁན་ཞི་བ་འཚོ།

 

གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་གསལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

མཁན་ཆེན་མཆོག་གིས་དབུ་མ་རྒྱན་བརྩམས་གནང་བ་རེད། ངོས་ནས་རྙིང་མ་པ་ཚོ་ལ་རྩེད་མོ་དང་བཅས་བརྗོད་ཀྱི་ཡོད། སྔ་འགྱུར་རྙིང་མའི་ཁམས་དང་དབུས་ཕྱོགས་ཀྱི་དགོན་པ་ཆེན་པོ་དེ་ཚོས་གཞུང་ཆེན་རྣམས་གཟིགས་ཀྱི་ཡོད་ཀྱང་། ས་དགེའི་ཕྱོགས་ནང་བཞིན་རྩོད་པ་ལ་དར་སྲོལ་དེ་ཙམ་མི་འདུག །སྔ་འགྱུར་རྙིང་མའི་བླ་མ་འགས་ཐུགས་གཤིས་དེ་མོས་གུས་དང་སྒྲུབ་པ་གཙོ་བོ་གནང་ནས་གསུངས་པ་ལས་རྩོོད་པས་མཐའ་དཔྱད་པ་དེ་འདྲ་ཧ་ཅང་རང་མེད་པ་དེ་འདྲ་ཡོང་གི་ཡོད། ངོས་ནས་རྩེད་མོ་དང་བཅས་ཏེ་སྔ་འགྱུར་རྙིང་མ་མཁན་སློབ་ཆོས་གསུམ་ནས་མར་བརྒྱུད་ཡོང་བའི་བརྒྱུད་འཛིན་གཙོ་བོ་ཞིག་རེད། དེས་ན་ཆོས་རྒྱལ་ནི་སྦྱིན་བདག་རེད། སློབ་དཔོན་ཐུགས་རྗེ་ཅན་དང་མཁན་ཆེན་ཞི་བ་མཚོ་རྣམ་པ་གཉིས་ཀྱི་ཐོག་ནས་ཆོས་རྒྱུན་ཡོད་པ་དེ་མར་བརྒྱུད་ནས་ཡོང་བ་རེད། སློབ་དཔོན་རིན་པོ་ཆེས་གསང་སྔགས་ཀྱི་སྐོར་དེ་དག་ཐུགས་འགན་རྐང་བཞེས་ཀྱི་ཐོག་ནས་གསང་སྔགས་ཀྱི་བསྟན་པ་སྤེལ་བར་མཛད་པ་རེད། དབུ་མའི་ལྟ་བ་དང་འདུལ་བའི་བསྟན་པ་སྟེ། མདོར་ན་ཐེག་པ་ཐུན་མོང་བའི་ལམ་དེ་དག་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་ཞིག་ཡིན་ཕྱིར་མཁན་ཆེན་ཞི་བ་མཚོའི་དབུ་མ་རྒྱན་མཇལ་ན།

བདག་དང་གཞན་ལས་དངོས་ལས་བདག །

ཅེས་སོགས་གསུངས་ནས་ལམ་སང་རྟགས་གསལ་འགོ་ཚུགས་ནས་དབུ་མ་རྒྱན་གྱི་འགོ་ནས་མཇུག་བར་རྟགས་གསལ་དང་མ་བྲལ་བར་མཛད་ཡོད། གང་ལྟར་མཁན་ཆེན་ཞི་བ་འཚོ་རྩོད་པའི་ཁྱུ་མཆོག་རེད་འདུག །དེ་བཞིན་ཚད་མའི་གཞུང་ཚད་ཆེན་ཡང་མཛད་ཡོོད། དེ་ལྟར་མཁན་ཆེན་ཞི་བ་འཚོ་རྩོད་པའི་ཁྱུ་མཆོག་ཡིན་པ་དང་། དེའི་རྗེས་འབྲང་བ་ཚོས་མཚན་ཉིད་ངེས་པར་དུ་གཟིགས་དགོས་ཤིང་། རྟགས་གསལ་ངེེས་པར་དུ་གཏོང་དགོས་ཞེས་ངོས་ཀྱིས་རྟག་ཏུ་བརྗོད་ཀྱི་ཡོད། དེས་ན་སློབ་དཔོན་ཐུགས་རྗེ་ཅན་དང་། མཁན་ཆེན་ཞི་བ་འཚོ་རྣམ་གཉིས་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན་སྟབས།

སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང༌། །

ཁ་བའི་ལྗོངས་སུ་རྒྱལ་བསྟན་གསལ་མཛད་པ། །

ཞེས་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་གི་ནོར་བུ་དང་། དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་པའི་བླ་རྒན་དེ་འདྲ་ཞིག་བོད་ཀྱི་སྐྱེ་འགྲོའི་ཆེད་དུ་སྐུ་སྲོག་བློས་བཏང་གནང་བ་ལྟ་བུ་རེད། བོད་ནི་ས་མཐོན་པོ་དང་གནམ་གཤིས་གྲང་མོ་རེད། ད་ལྟ་ང་ཚོའི་སྟོད་འགག་དེ་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་དུས་སྐུ་བསིལ་ནས་གདིང་བ་ལྟེབ་ནས་སྐུ་སྟོད་ལ་བཞེས་ནས་བཞུགས་པ་རེད། ཅེས་གསུངས་སྲོལ་ཡོད་པ་དང་། གདིང་བ་ལྟེབ་ནས་སྐུ་སྟོད་ལ་བཞེས་དུས་གདིང་བའི་ཟུར་གཅིག་མདུན་ཟུར་ལ་ཡོང་བ་དུས་དེ་ནས་བཟུང་སྟོད་འགག་དེ་བོད་ལ་དར་བ་རེད། ཅེས་དེ་འདྲའི་གསུང་རྒྱུན་ཞིག་གོ་མྱོང་ཡང་བདེན་མིན་མི་ཤེས།

རྒྱ་གར་གྱི་དགེ་སློང་ཚོར་སྟོད་འགག་མེད་ལ། འདུལ་བའི་ནང་དུའང་སྟོད་འགག་སྐོར་མི་འདུག །རྒྱན་དྲུག་མཆོག་གཉིས་ཀྱི་དབུ་ཞྭ་དམར་པོ་དེ་ཀླུ་སྒྲུབ་ལ་གཙུག་ཏོར་ཡོད་ཕྱིར། དབུ་ཞྭ་སྒྲོན་གྱི་མེད་པ་ལས་གཞན་ཚང་མར་དབུ་ཞྭ་དམར་པོ་རེ་སྒྲོན་གྱི་འདུག །དེ་ནཱ་ལེནྡྲར་བཞུགས་སྐབས་དབུ་ཞྭ་དམར་པོ་དེ་བཞེས་ཀྱི་ཡོད་དམ། གང་འདྲ་ཡིན་ནམ། ཕྱིས་སུ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་དུས་གནམ་གཤིས་གྲང་མོ་ཡིན་ཕྱིར་དབུ་ཞྭ་དེ་འདྲ་བཞེས་པ་ཨེ་ཡིན་ནམ། དེ་ལ་བརྟེན་ནས་དུས་ཕྱིས་སུ་ནཱ་ལེནྡྲའི་མཁས་པ་ཚང་མར་དབུ་ཞྭ་དམར་པོ་རེ་སྒྲོན་པ་ཞིག་མིན་ནམ་སྙམ། གང་ལྟར་ཡང་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་ལ་སྒྲ་སྒྱུར་ལོ་པཎ་གླིང་དང།  འདུལ་བའི་བསྟན་པ་བསླབ་སྡོམ་སྩལ་ནས་གནང་ཡུལ་དེ་ལ་རྣམ་དག་ཚུལ་ཁྲིམས་གླིང། པཱ་ལིའི་སྐད་དང་ལེགས་སྦྱར་གྱི་སྐད་ཐོག་ལ་བཞུགས་པའི་ཕྱག་དཔེ་གཙོ་བོ་རྣམས་ཆ་ཚང་བོད་སྐད་ལ་ཚུར་བསྒྱུར་ནས་འདས་པའི་ལོ་སྟོང་ཕྲག་ལྷག་གི་རིང་ལ་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་དྲི་མ་མེད་པ་ཡོངས་སུ་རྫོགས་པ་དེ་སོ་སོའི་སྐད་ཀྱི་ཐོག་ནས་ཆ་ཚང་བསླབ་ཐུབ་པ་དེ་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་རེད་འདུག།

མཁན་ཆེན་ཞི་བ་འཚོས་བོད་སྐད་ནང་ལ་བསྒྱུར་དགོས་ཤིང་། ཁྱེད་རང་ཚོ་ལ་སྐད་ཡིག་ཡོད་ཀ། ཁྱེད་རང་ཚོའི་སྐད་ཡིག་དེའི་ཐོག་ནས་རང་མགོ་ཐོན་པ་བྱེད་དགོས་ཞེས་བཀའ་གནང་ཡོད་འདུག །སོག་པོའི་ཡུལ་ལ་ཆ་་བཞག་ན་སངས་རྒྱས་ཀྱི་བསྟན་པ་ཧ་ལས་པ་དར་ཁྱབ་ཕྱིན་ཡོད་པ་དང་། སོག་པོའི་མཁས་པ་ཧ་ལས་པ་དེ་འདྲ་བྱུང་ཡོད། སྐབས་རེ་ངོས་ནས་རྩེད་མོ་དང་བཅས་ཏེ་ཤོད་ཀྱི་ཡོད། སྔར་ངོས་རང་བོད་ལ་ཡོད་དུས་སོག་པོ་མང་པོ་ཡོད། འོན་ཀྱང་སོག་པོའི་རྡོབ་རྡོབ་རེད་ཟེར་བ་གཅིག་ཀྱང་མི་འདུག །བསམ་བློ་ཁང་ཚན་ནང་དུ་ཨ་མདོ་ཡོད་པས་ཨ་མདོ་མང་ཆེ་བ་རྡོབ་རྡོབ་མང་དྲགས་ཨ་མདོ་དཔེ་ཆ་བ་ཉུང་ཉུང་རེད། ངས་རྩེད་མོ་རྩེ་དང་བཅས་བརྗོད་ཀྱི་ཡོད། ངོས་རང་བསམ་བློ་ཁང་ཚན་དུ་གྲྭ་པ་གྲྭ་རྐྱང་བྱས་ནས་འཛུལ་བ་ཡིན་ན་ཕལ་ཆེར་ངོས་རང་རྡོབ་རྡོབ་བྱེད་མདོག་ཁ་པོ་རེད་ཅེས་བརྗོད་རྒྱུ་བྱུང། གང་ལྟར་སོག་པོའི་མཁས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད། དེ་དག་གིས་སོག་སྐད་མཁྱེན་གྱི་ཡོད་ལ་བོད་སྐད་ཀྱང་མཁྱེན་གྱི་ཡོད། དེ་དག་གིས་སོག་སྐད་ནང་ལ་བསྒྱུར་ན་བསྒྱུར་ཐུབ་ཚོད་ཡིན་ནའང་། སོག་སྐད་ནང་ལ་རྟགས་གསལ་གཏོང་ཐུབ་ཀྱི་ཡོད་པ་མ་རེད་ཅེས་ཟེར་གྱི་འདུག །དེ་ཁྱད་མཚར་རེད། དེང་སང་སོག་པོ་ཚོས་ཟེར་རྒྱུར་བོད་སྐད་རང་གི་ཐོག་ནས་བསླབས་པ་ཡིན་ན་དེ་ལ་བྱིན་རླབས་ཤིག་ཡོད་པ་རེད་ཅེེས་ཟེར་གྱི་འདུག །ང་ཚོ་བོད་པས་ལེགས་སྦྱར་གྱི་སྐད་རྩ་ཆེན་པོར་རྩི་བཞིན་ཡོད་ཀྱང་། མགོ་དེར་རྒྱ་གར་སྐད་དུ་ཞེས་ཚིག་སྦུད་ཙམ་ཞིག་ལས་དེ་མིན་བོད་སྐད་རང་གི་ཐོག་ནས་འགྲོ་བཞིན་ཡོད། ལེགས་སྦྱར་གྱི་སྐད་ལ་བྱིན་རླབས་འདུག་ཅེས་ལེགས་སྦྱར་གྱི་སྐད་ལ་ཨུ་ཚུགས་བྱས་ནས་འགྲོ་གི་ཡོད་པ་མ་རེད། སྒྲ་སྦྱོང་མཁན་དེ་རིགས་ཀྱིས་ལེགས་སྦྱར་གྱི་འགྲོ་སྟངས་ཏོག་ཙམ་རེ་སྦྱོང་གིི་ཡོད་པ་ལས། དེ་མིན་ང་ཚོ་བོད་སྐད་རང་གི་ཐོག་ནས་རང་དབང་གཙང་མ་ཆགས་ཡོད་པ་རེད། དེ་ནི་ཕྱོགས་གཅིག་ནས་ཆོས་རྒྱལ་ཐུགས་རྗེ་དང་བཀའ་དྲིན་ཅན་ཚོས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་པ་ལ་བརྟེན་ནས་བྱུང་བས་ཧ་ལས་པ་རེད་འདུག

དེ་དང་ཆབས་ཅིག་མཁན་ཆེན་ཞི་བ་འཚོས་ཐུགས་བསྐྱེད་སྨོན་ལམ་དང་། བོད་པ་རང་ལ་སྤོབས་པ་བསླབས་གནང་ནས་ཁྱེད་རང་ཚོ་རང་མགོ་ཐོན་པ་བྱེད་དགོས་ཞེས་གསུངས་པ་ལ་བརྟེན་ནས་སྒྲ་སྒྱུར་ལོ་པཎ་གླིང་ཞེས་པ་ཚུགས་འདུག །ཡང་བདུད་འདུལ་སྔགས་པ་གླིང་ཟེར་བ་བོད་ཀྱི་སྔགས་འཆང་དེ་དག་ལ་གཙོ་ཆེ་ཤོས་སློབ་དཔོན་རིན་པོ་ཆེས་དམིགས་བསལ་གྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ལམ་ཉམས་ལེན་བྱེད་མཁན་ཚོར་བདུད་འདུལ་སྔགས་པ་གླིང་ཞེས་པ་གཅིག་དང་། ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་རྒྱ་ནག་དང་འབྲེལ་བ་ཡོད་ཅིང་། དེ་འདྲའི་ཐོག་ནས་རྒྱ་ནག་ནང་ལ་བོད་དུ་ནང་ཆོས་མ་དར་གོང་གི་ལོ་སུམ་བརྒྱ་བཞི་བརྒྱའི་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་ཟིན་པ་དེ་འདྲའི་ཐོག་ནས་རྒྱ་ནག་གི་སྒོམ་ཆེན་པ་དེ་འདྲ་བསམ་ཡས་ལ་ཡོང་གི་ཡོད་པ་དེ་ཚོའི་ཆེད་དུ་སྒོམ་གྲྭ་བཙུགས་ནས་དེའི་མིང་ལ་མི་གཡོ་བསམ་གཏན་གླིང་ཞེས་གསུངས་འདུག །མདོར་ན་དེེ་ཚོའི་གྲས་ཏེ་དཔེ་བཀའ་དྲིན་ཆེན་པོ་རེད་འདུག

ཁ་བའི་ལྗོངས་སུ་རྒྱལ་བསྟན་གསལ་མཛད་པ། །

མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །

ཁ་སང་ཞུས་པ་ལྟར་རེད། ཕལ་ཆེར་དགུང་གྲངས་བརྒྱ་ཙམ་བཞུགས་ཡོད་ས་རེད། ངོ་ཐོག་དགུང་གྲངས་ག་ཚོད་བཞུགས་ཡོད་མེད་དེ་བསམ་ཡས་སུ་ཡོད་པའི་མཁན་ཆེན་གྱི་དབུ་ཐོད་དེར་གུས་ཞབས་ཆེན་པོའི་ཐོག་ནས་བརྟག་དཔྱད་ཅིག་ཞུས་ན་རུས་པ་དེ་ལོ་གྲངས་ག་ཚོད་ཕྱིན་ཡོད་མེད་ཤེས་ཀྱི་རེད། དགུང་གྲངས་ག་ཚོད་བཞུགས་མིན་དེ་མིའི་རུས་པའི་ཐོག་ནས་ཤེས་ཀྱི་རེད་ཅེས་ཤོད་ཀྱི་འདུག །དེའི་ཐོག་ནས་གསལ་པོ་བཤད་ཐུབ་ཀྱི་རེད། དེར་བརྟེན་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་གདུང་གི་རིང་བསྲེལ་དེ་དག་ང་རང་ཚོའི་བོད་ཀྱི་མཁས་པ་ཁ་ཤས་ཀྱིས་ལོ་སུམ་སྟོང་ལྷག་ཙམ་དང་། ཡང་ཁ་ཤས་ཀྱིས་སུམ་སྟོང་མ་ཟིན་ཙམ་ཞིག་ཕྱིན་པ་རེད། ཅེས་གསུང་གི་འདུག་ཀྱང་། ཡོངས་གྲགས་སུ་ལོ་ཉིས་སྟོང་ལྔ་བརྒྱ་ཕྱིན་པ་རེད། དེ་ཚོའི་གྲས་ཏེ་སྟོན་པ་ཐུབ་པའི་དབང་པོའི་གདུང་རུས་འཁྲུལ་མེད་ས་འོག་ནས་ཐོན་པ་དེ་ཚོའི་ཐོག་ལ་ཞིབ་འཇུག་ཅིག་བྱེད་ཐུབ་ན་ལོ་ཉིས་སྟོང་ལྔ་བརྒྱ་ཕྱིན་པ་སྦད་དེ་ཤེས་ཀྱི་རེད།

 

༨༽ ཀ་མ་ལ་ཤཱི་ལ།

 

མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང༌། །

སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །

གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །

པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །

སློབ་དཔོན་ཀ་མ་ལ་ཤཱི་ལ་ཁོང་མཁན་ཆེན་ཞི་བ་འཚོའི་དགེ་ཕྲུག་རེད། མཁན་ཆེན་ཞི་བ་འཚོས་ཞལ་གདམས་བཀའ་སློབ་གནང་ནས་མ་འོངས་པ་ན་མི་གཡོ་བསམ་གཏན་གླིང་འདིར་གསེར་ལ་སླད་འདྲེས་པ་ནང་བཞིན་ད་ལྟའི་རྒྱའི་སྒོམ་ཆེན་ཚད་ལྡན་དེ་ཚོའི་ནང་དུ་རྒྱའི་ཧྭ་ཤང་དེ་འདྲ་ཡོང་ནས་བསྟན་པ་བཤིག་མཁན་དེ་འདྲ་ཡོང་སྲིད་པ་རེད། དེ་དུས་རྒྱ་གར་ནས་ངའི་དགེ་ཕྲུག་སློབ་དཔོན་ཀ་མ་ལ་ཤཱི་ལ་སྐད་ཐོངས་ཤིག་ཅེས་གསུངས་པ་ཡིན་ས་རེད། རྗེ་རིན་པོ་ཆེས་ཀྱང་རྟག་པར་རྒྱའི་ཧྭ་ཤང་གི་ལུགས་ཧྭ་ཤང་གི་ལུགས་ཞེས་ཧ་ཅང་སྡང་པོ་གནང་སའི་ཧྭ་ཤང་དེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་བཞུགས་པའི་སྐབས་དང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ཀྱི་མི་གཡོ་བསམ་གཏན་གླིང་དུ་ཡོད་པའི་རྒྱའི་མཁན་པོ་དེ་དག་ཡིན་ས་མ་རེད། དེའི་སྐབས་ཀྱི་རྒྱའི་སྒོམ་ཆེན་ཚོ་གལ་སྲིད་ཆད་མཐར་ལྷུང་བ་ཞིག་ཡིན་ན་མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་འགོག་གི་རེད་མ་གཏོགས་མཁན་ཆེན་ཞི་བ་འཚོས་བཀག་མ་ཐུབ་པ་གཅིག་ཁོང་གི་དགེ་ཕྲུག་ཀ་མ་ལ་ཤཱི་ལ་ལ་ཁྱེད་རང་གིས་འགོག་དགོས་ཞེས་གསུངས་པ་ལ་རྒྱུ་མཚན་མི་འདུག ཕྱིས་སུ་རྒྱའི་མཁན་པོ་ཡོང་བའི་གྲས་ལ་བསམ་གཏན་པ་རྣམས་མཐར་ཐུག་གི་གོ་བ་ལེན་ཕྱོགས་ཀྱི་ཐོག་ནས་ཅི་ཡང་མེད་ཀྱི་ལྟ་བ་བཤད་མཁན་ཡོང་ནས་རྗེ་རིན་པོ་ཆེས་མཚོན་མཁས་པ་མང་པོས་དགག་པ་རྒྱག་དགོས་བྱུང་བ་རེད། པདྨའི་ངང་ཚུལ་ལམ་ཀ་མ་ལ་ཤཱི་ལས་དབུ་མའི་གཞུང་གལ་ཆེན་པོར་རྩི་བའི་དབུ་མ་སྣང་བ་དེ་རྒྱ་གར་དུ་མཛད་པ་དང། དེ་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་དེ་བོད་དུ་མཛད་པ་རེད། ཅེས་ལོ་རྒྱུས་གསུང་གི་ཡོད་ལ་དེ་ལྟར་ཡིན་ས་རེད། བོད་པ་རང་གི་ཆེད་དུ་བོད་ལ་ཕེབས་ནས་བསྟན་བཅོས་བརྩམས་པ་སྒོམ་རིམ་དེའི་ནང་དུ་སྒོམ་གྱི་སྐོར་དེ་དག་རྒྱུད་ཀྱི་ཁུངས་དྲངས་ནས་གསུང་གི་ཡོད་སྟབས། སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །ཞེས་ཡོད་པ་དེ་བསམ་བློ་གཏོང་ས་དེ་རེད། གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །ཞེས་པའོ།།

 

༩༽ འཕགས་པ་ཐོགས་མེད།

 

བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །

ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང༌། །

རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

 

ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཅེས་བསམ་བཞིན་དུ་བསྟན་པ་ལ་བྱ་བ་མཛད་མཁན་ལ་སྐུ་སྐྱེ་བཞེས་པ་དེ་འདྲ་རེད། ཐོགས་མེད་ཀྱིས་བརྩམས་པ་གཙོ་བོ་བྱམས་ཆོས་དང་འབྲེལ་བའི་གཞུང་མང་པོ་དང་། བྱང་ས་ལ་སོགས་པའི་གཞུང་མང་པོ་མཛད་ནས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་རྐང་ལྟ་བུ་འཛིན་པ་གནང་མཁན་ཞིག་ཡིན་སྟབས།

འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །

ཁོང་རང་གི་ཐུགས་བསྐྱེད་དང་སྐབས་བབ་དེ་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་རེད།

 

༡༠༽ སློབ་དཔོན་དབྱིག་གཉེན།

 

ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །

བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །

ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །

སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །

ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་མཛད་པ་དང་། འདིས་ཀྱང་མངོན་པ་མཛོད་མཛད་ནས་དེའི་ནང་ལ་རང་ལུགས་མདོ་སྡེ་པའི་ཕྱོགས་བཟུང། བྱེ་བྲག་སྨྲ་བའི་འདོད་པའང་སྐབས་རེར་ཕྱོགས་བསྡུས་ཀྱི་ཚུལ་དུ་ཕྲན་བུ་ཕྲན་བུ་ཡོད་པ་བཅས། གང་ལྟར་ཉི་ཤུ་པ་དང་སུམ་ཅུ་པའི་གཞུང་དེ་ཚོའི་ཐོག་ནས་བྱེ་མདོ་གཉིས་དང་། རྣམ་རིག་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་གསལ་བར་མཛད་ནས། མདོར་ན། བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག། །སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །ཞེས་པའོ།།

 

༡༡༽ སློབ་དཔོན་ཕྱོགས་གླང།

 

ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །

སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

ཚད་མ་ཀུན་བཏུས་དང་། ལྷག་པར་དུ་ཚད་མ་ཀུན་བཏུས་ཀྱི་ཐོག་ནས་ཐུབ་པའི་བསྟན་པ་རིགས་པའི་ལམ་ནས་ངེས་པ་སྐྱེ་ཐབས་མཛད་ནས་གང་ལྟར། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེར་གཤེགས་སྐྱོབ། ཅེས་པའི་གསུང་ཧ་ལས་དགོས་པའི་རྣམ་དཔྱོད་ཅན་གྱི་ཚིག་བསྡུད་རླབས་ཆེན་པོ་ཞིག་གསུངས་པ་དེ་འདྲ་རེད། ཁོང་གིས་གཙོ་བོར་ཚད་མའི་གཞུང་མཛད་ནས་མུ་སྟེགས་པའི་ཚད་མ་བ་ཚོས་ཀྱང་བརྩི་བཀུར་ཞུ་ཡུལ་ཞིག་ཏུ་གྱུར་ནས།

རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །ཞེས་པའོ།།

 

༡༢༽ དཔལ་ལྡན་ཆོས་གྲགས།

 

ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང༌། །

མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །

ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཚད་མ་སྡེ་བདུན་མཛད་ནས་མཁས་པའི་དབང་པོ་ཧ་ལས་པ་དེ་འདྲ་རེད། རྗེ་བདག་ཉིད་ཆེན་པོས་ཀྱང་བསྔགས་བརྗོད་ཆེན་པོ་གནང་སྟེ། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱང་ཀུན་གྱིས་དེ་ལ་རྣམ་གྲོལ་སྒྲུབ་པའི་ལམ་གལ་ཆེ་བ་གང་ཡང་ཡོད་པ་མ་རེད་ཅེས་བཤད་པའི་སྐབས་ལ་ཡང་འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ་ཁྱོད་ཀྱིས་འདི་འདྲ་རྩོམས་དང་མ་འོངས་པ་ན་མིག་ཕྱེ་བ་ནང་བཞིན་ཡོང་གི་རེད། ཅེས་གསུངས་པ་དེ་གཉིས་འགལ་འདུ་རེད་འདུག་དགོངས་ནས་རྗེ་རིན་པོ་ཆེས་ཞིབ་འཇུག་གནང་བའི་སྐབས་ལ། རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། ། ངེས་པ་གཏིང་ནས་རྙེད། ཅེས་གསུངས་ཡོད། དེས་ན། ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའོ།།

 

༡༣༽ འཕགས་པ་གྲོལ་སྡེ།

 

ཐོགས་མེད་སྐུ་མཆེད་ལས་འོང་ཤེར་ཕྱིན་དོན། །

ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །

རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །

འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །

དེ་ཕྱིར་བཤད་པ་མིན་མཐོང་ནས། །སློབ་དཔོན་དབྱིག་གཉེན་གྱིས་སེམས་ཙམ་པའི་སྐབས་སུ་དཀྲལ་བ་ལྟར། རང་གི་མོས་པ་གཙོར་བྱས་ནས། །ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་རང་གི་ཐུགས་ལ་ཐུན་མོང་གདུལ་བྱའི་སྣང་ངོར་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་གཙོ་བོ་མོས་པ་ཤུགས་ཆེན་པོ་ཡོད་སྟབས། དྲང་ངེས་ལེགས་བཤད་སྙིང་པོར་གསུངས་པ་ནང་བཞིན་བྱས་ནས་ཡུམ་དོན་དེ་ཉིད་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་གཉིས་སྟོང་གི་དེ་ཁོ་ན་ཉིད་ཚུར་བཀྲལ་ནས་གསུངས་པ་དེ་ཉིད་ཡུམ་མདོའི་དོན་མིན་པ་ཞིག་ཏུ་གཟིགས་ནས། དེ་ཕྱིར་བཤད་པ་མིན་མཐོང་ནས། །དབུ་མར་བྱས་པའི་བློས་རྣམ་ཕྱེ། །ཞེས་གསུངས་པ་དེ་དཔེ་བཀའ་དྲིན་ཆེན་པོ་རེད་འདུག དེས་ན། རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །ཞེས་སོ།།

 

༡༤༽ སློབ་དཔོན་སེངྒེ་བཟང་པོ།

 

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པ། །

སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །

སྣང་བ་རྣམ་གཉིས་ཞེས་ཕར་ཕྱིན་གྱི་སྐབས་ལ་རྒྱན་སྣང་དང་ཉི་སྣང་གཉིས་དེ་ཡོད་ན་མེད་ན་རེད། འགྲེལ་ཆུང་འགྲེལ་པ་དོན་གསལ་དེ་ཀུན་གྱི་རྒྱན་དུ་གྱུར་པ་ནི། །གསུངས་པ་བཞིན་ཡུམ་གསུམ་གའི་རྒྱན་དུ་གྱུར་པ་ཞེས་ཁྱད་ཆོས་དེ་འདྲ་གསུང་གི་ཡོད་དུས། ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །སློབ་དཔོན་སེངྒེ་བཟང་པོར་གསོལ་བ་འདེབས། །       ཞེས་སོ།།

 

༡༥༽ སློབ་དཔོན་ཡོན་ཏན་འོད།

 

འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །

ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོར་ཐར། །

མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །

ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

འདུལ་བ་མདོ་རྩ་བ་དང་། དེའི་རང་འགྲེལ་གསུངས་ནས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་ཐར་གྱི་ཚུལ་ཁྲིམས་དང་པོ་ཇི་ལྟར་བླང་བའི་ཚུལ། བར་དུ་ཇི་ལྟར་སྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་སོགས་པ་དེ་དག་ཞིབ་ཅིང་ཕྲ་བ་གསུངས་ནས་བཀའ་དྲིན་གྱིས་བསྐྱངས་པ་རེད།

 

༡༦༽ སློབ་དཔོན་ཤཱཀྱ་འོད།

 

བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང༌། །

འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །

རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །

ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །

སུམ་བརྒྱ་པ་ལྟ་བུ། ཚིགས་བཅད་ཀྱི་ཐོག་ནས་ཧ་ཅང་ཡག་པོ་ཞིག་འདུག །(བར་འདིར་གསུང་ཚིག་མི་གསལ།)

 

༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།

 

ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །

གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །

ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །

ཨ་ཏི་ཤ་ཁོང་རང་ནཱ་ལེནྡྲའི་མཁས་པའི་གྲས་ཤིག་ཡིན་པ་རེད། ཕྱིས་སུ་ཀ་མ་ལ་ཤཱི་ལར་ཕེབས། གང་ལྟར་དེ་ཡན་ཆད་ཀྱི་མཁས་པའི་དབང་པོ་དེ་དག་ཐམས་ཅད་ནཱ་ལེནྡྲའི་མཁས་པ་ཤ་སྟག་རེད། དེ་བཞིན་དུ་བོད་གངས་ཅན་གྱི་ལྗོངས་ཀྱི་བཀའ་བརྒྱུད་པ་ལ་ཆ་བཞག་ན་ནཱ་རོ་པར་ཁུངས་གཏུགས་ཡོང་གི་ཡོད་ཅིང་། ནཱ་རོ་པ་ཁོང་ཡང་ནཱ་ལེནྡྲའི་མཁས་པ་རེད། དཔལ་ས་སྐྱ་པའི་ལམ་འབྲས་ཀྱི་ཁུངས་གཏུགས་ས་བིར་ཝ་པ་རེད། ཁོང་ཡང་ནཱ་ལེནྡྲའི་མཁས་པ་རེད། སྔ་འགྱུར་རྙིང་མ་མདོ་དང་སྔགས་གཉིས་སུ་ཕྱེ་བ་ཡིན་ན། མདོ་ཕྱོགས་ནས་མཁན་ཆེན་ཞི་བ་འཚོ་རྒྱུད་ཡོང་གི་ཡོད་ལ། སྔགས་ཕྱོགས་ནས་སློབ་དཔོན་རིན་པོ་ཆེ་རྒྱུད་ཡོང་གི་ཡོད། སློབ་དཔོན་རིན་པོ་ཆེས་ནཱ་ལེནྡྲར་སློབ་གཉེར་གནང་བའི་གནས་ཚུལ་གང་ཡང་བཤད་རྒྱུ་མི་འདུག་ཀྱང་། མཁན་ཆེན་ཞིི་བ་འཚོ་ནཱ་ལེནྡྲའི་མཁས་པ་རེད། བོད་གངས་ཅན་གྱི་ལྗོངས་ཀྱི་བཀའ་གདམས་གསར་རྙིང་གཉིས་ཀ་ཇོ་བོ་རྗེར་ཁུངས་གཏུགས་ཡོང་གི་ཡོད། ཇོ་བོ་རྗེས་ཁུངས་གཏུགས་ས་དེ་གོང་གི་མཁས་པའི་དབང་པོ་དེ་དག་གི་གསུང་ལ་བརྟེན་པ་ཤ་སྟག་རེད། དེ་འདྲ་ཡིན་དུས་ཇོ་བོ་རྗེ་ནས་མར་རྒྱུད་ཡོང་བའི་ཆོས་རྒྱུད་དེ་ང་ཚོ་བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་ནཱ་ལེནྡྲ་ནས་རྒྱུད་ཡོང་བ་རེད།

དུས་ཀྱི་འཁོར་ལོར་ཆ་བཞག་ནའང་ནཱ་ལེནྡྲ་པ་ཞེས་པ་ཞིག་ཡོང་གི་ཡོད། ཕལ་ཆེར་ནཱ་ལེནྡྲ་ནས་རྒྱུད་ཡོང་བ་ཐག་ཆོད། དེ་ནས་བཟུང་སྟེ་དུས་ད་ལྟ་བར་དུ་གཞུང་ཆེན་ཞིག་བལྟ་དགོས་བྱུང་ན། བསྟན་འགྱུར་ནང་དུ་བཞུགས་པའི་གཞུང་དེ་དག་བློར་ཟིན་ནས་རྩ་བ་དེ་དག་གཞིར་བཞག་ནས་དེ་དག་གི་འགྲེལ་པ་རྣམས་ལ་བལྟ་བཞིན་ཡོད་པ་རེད། ང་ཚོའི་གྲྭ་ས་ཁག་ལ་ཆ་བཞག་ན་རྒན་སྟོང་དཔོན་རིན་པོ་ཆེ་ལྟ་བུས་འབྲས་སྤུངས་ཚོགས་ཆེན་ཐོག་ཁར་བསྟན་འགྱུར་བཞུགས་པ་དེ་གཡར་ནས་གཟིགས་གནང་གི་ཡོད། ཅེས་རྒན་ཡོངས་འཛིན་རིན་པོ་ཆེས་བཀའ་གནང་སོང། དེ་འདྲའི་དགེ་བཤེས་མཁས་པ་ཚོས་བསྟན་འགྱུར་གཟིགས་རྒྱུར་ཧ་ཅང་དམ་དོན་གནང་གི་ཡོད། ཕྱིས་སུ་དུས་ཚོད་མེད་པ་དེ་འདྲའི་དབང་གིས་དེ་ལྟར་བྱེད་མཁན་དཀོན་པོ་རེད་འདུག །ཝཱ་རཱ་ཎ་སཱིར་ཆོས་དགེར་ཕེབས་མཁན་ཁ་ཤས་ལ་གསུང་རྒྱུ་འདུག །ཝཱ་རཱ་ཎ་སཱིར་རྒྱ་གཞུང་གཙོ་བོ་བྱས་ནས་བལྟས་ནས་བསྡད་དུས་བློ་བསྐྱེད་ཆེན་པོ་ཡོང་གི་འདུག་ཅེས་བརྗོད་ཀྱི་འདུག །

གང་ལྟར་རྒྱ་དཔེ་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག །སྔོན་མ་ནས་བསམ་འཆར་ཡང་ཡང་བཤད་ཡིན། འོན་ཀྱང་ཡོང་གི་མི་འདུག །རིགས་གཅིག་རྐང་འཛིན་ཏེ། དཔེར་ན། དབུ་མ་རིགས་གཅིག་རྐང་འཛིན་དང། ཕར་ཕྱིན་རིགས་གཅིག་རྐང་འཛིན་ལྟ་བུ་དེ་འདྲ་ཞིག་ཡོང་ཐུབ་ན་དབུ་མ་རིགས་གཅིག་རྐང་འཛིན་དེས་དབུ་མ་གཙོ་བོ་བྱས་ནས་ཁྲིད། དེས་དབུ་མ་ཁྲིད་དུས་བསྟན་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་དང་། དེ་ནས་བཀའ་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་ལ་གཏུགས་ནས་བཀའ་བསྟན་བཅོས་ཚང་མ་གོང་བསྒྲིགས་ནས་སོ་སོས་ཀྱང་བསམ་བློ་བཏང། དགེ་ཕྲུག་ཚོར་དེ་ལྟར་ཁྲིད། ཡང་ཕར་ཕྱིན་རིགས་གཅིག་རྐང་འཛིན་བྱེད་མཁན་དེས་ཡུམ་རྒྱས་འབྲིང་བསྡུས་གསུམ་གཙོ་བོར་ཉི་ཁྲིར་བརྟེན་པ་དང་། སྣང་བ་རྣམ་གཉིས་ལ་སོགས་པ་དེ་དག་ལ་གོམས་འདྲིས་བྱེད་ཐུབ་པ་བྱུང་ན། རྗེ་རིན་པོ་ཆེས་གསེར་ཕྲེང་ནང་ལ་རྒྱ་འགྲེལ་ཉེར་གཅིག་ཅེས་གསུང་ཡོང་གི་འདུག །རྗེ་རིན་པོ་ཆེ་ཁོང་རང་གིས་གཟིགས་སྟངས་དེ་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ཡང་ཡང་གཟིགས་ནས་སྡོམ་བརྒྱབ་ནས་གསུང་ཡོང་གི་འདུག །ཕར་ཕྱིན་གཟིགས་དུས་ལྡེ་མིག་ལྟ་བུ་དེ་ལེགས་བཤད་གསེར་ཕྲེང་རེད། ལེགས་བཤད་གསེར་ཕྲེང་གིས་རྒྱ་འགྲེལ་ཉེར་གཅིག་ནང་གི་གཙོ་ཆེ་བ་དེ་དག་དང་། ཐུན་མོང་མ་ཡིན་པ་དེ་ཚོའི་གྲས་ནས་ཚུར་རྡོག་སྒྲུག་བརྒྱབ་ནས་གསུང་ཡོང་དེ་ལྡེ་མིག་ལྟ་བུ་བྱས་ནས་བསྟན་འགྱུར་ནང་དུ་བཞུགས་པ་དེ་དག་ལྟ་ཐུབ་པ་བྱས་ན་ཧ་ཅང་ཡག་པོ་ཡོང་ས་རེད། པཎ་གྲུབ་དེ་དག་ལ་སེམས་ཐག་ཀྱང་ཉེ་པོ་ཆགས་ས་རེད། དེ་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་ལ་ཡང་སེམས་ཐག་ཉེ་པོ་ཡོང་གི་ཡོད། དེ་མིན་བཀའ་འགྱུར་ཟེར་དུས་ཧ་ཅང་ཐག་རིང་པོ་ཆགས་པ་དང་། བསྟན་འགྱུར་ཟེར་དུས་དེ་ལས་ཏོག་ཙམ་ཐག་ཉེ། འོན་ཀྱང་དེ་དག་ཀྱང་ཐག་རིང་པོར་གནས་པ་དང་། ང་རང་ཚོ་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་། དེའི་ནང་ནས་རྗེ་རིན་པོ་ཆེས་གསུང་འབུམ་ནང་དུ་གྲོང་ཆོག་རྒྱུག་བྱེད་ཧ་ལམ་མེད། སྟོབས་པོ་ཆེའི་ཆར་འབེབས་ལྟ་བུ་ཞིག་ཡོད། དེ་ནི་འདོན་མཁན་ཞིག་ཅང་ཨེ་ཡོད་སྙམ། དེ་མིན་གྲོང་ཆོག་རྒྱུག་མཁན་ཞིག་ལ་རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ཀྱི་ཐོག་ནས་བྱ་བ་བྱེད་ཡོང་རྒྱུ་གང་ཡང་མེད།

སྙན་བརྒྱུད་སྙན་བརྒྱུད་ཟེར་བ་དེ་ཚོའི་གྲས་ཏེ་སྙན་བརྒྱུད་ཚད་ལྡན་ཟེར་བ་དེ་འདྲ་ལོས་ཡོད་དེ་བསྙན་རྒྱུད་ཡོད་ས་དེ་འདྲ་སུ་ཡིན་མིན་མི་ཤེས། རྗེ་རིན་པོ་ཆེས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་ནང་དུ་སྙན་བརྒྱུད་ཅེས་པ་ཡི་གེ་བྲི་བར་ཕངས་ཏེ་རྣ་ཁུང་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་མི་ཟེར་ཞེས་བཀའ་གནང་འདུག །རྗེ་རིན་པོ་ཆེ་ཁོང་རང་གི་གསུང་པོད་བཅོ་བརྒྱད་ཀྱི་ནང་ལ་ཡོད་པའི་མདོའི་སྐོོར་ཡིན་ནའང་རེད། སྔགས་ཀྱི་སྐོར་ཡིན་ནའང་རེད་པོ་ཏི་བཅོ་བརྒྱད་ནང་ཡོད་པ་རྣམས་སྙན་བརྒྱུད་དེ་རེད། རྫོགས་རིམ་རིམ་ལྔ་གསལ་སྒྲོན་དེ་སྙན་བརྒྱུད་མིན་ན་གང་ཡིན། དེ་མིན་རིམ་ལྔ་གདན་རྫོགས་དང་། ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཅས་དེ་དག་སྙན་བརྒྱུད་ངོ་མ་དེ་རེད་འདུག  །ང་རང་ཚོ་བོད་རང་གི་རང་བྱུང་གི་མི་བླ་མ་ཚོའི་གཞུང་གཙོ་ཆེེ་བ་དེ་དག་ཕར་ཐག་རིང་དུ་ཕྱིན། ལམ་རིམ་ཆེན་མོའི་ནང་དུ་ལུང་དྲངས་པའི་བཀའ་གདམས་གོང་མའི་གསུང་སྒྲོས་ཡོད་པ་ལྟར་བེའུ་བུམ་ལག་མཐིལ་ཙམ་ཞིག་གཏན་པར་བཙུག །སྦེད་པར་བཙུག་བྱས་ནས་བསྡད་ན་ཕ་ཤུལ་བུས་ཟིན་པ་ཁག་པོ་རེད་འདུག །དེ་འདྲ་ཡིན་དུས་གཞུང་འདི་དག་བལྟ་དགོས་པ་དཔེ་གལ་ཆེན་པོ་རེད་འདུག

དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །

ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །

མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །

བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརློབས། །

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །

བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས། །

ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །

ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །

འདི་ངོས་ནས་ནམ་རྒྱུན་ཞུ་བཞིན་པ་དེ་རེད། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཟེར་བ་འདིར་བསམ་བློ་གཏོང་གི་ཡོད། འདིས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག།།ཁྱེད་རང་ཚོ་བགྲེས་པ་ཁ་ཤས་ཀྱིས་གོ་མྱོང་ཡོད། སྔོན་མ་ཡོངས་འཛིན་རིན་པོ་ཆེ་བཞུགས་དུས་ངོས་ནས་འདིའི་འགྲེལ་བཤད་ཁོང་ལ་འདི་ལྟར་ཞུས་པར་ཨོ་དེ་ཧ་ཅང་ཡག་པོ་རེད་ཅེས་བཀའ་གནང་བྱུང། ངོས་རང་ཡོངས་འཛིན་རིན་པོ་ཆེའི་དགེ་ཕྲུག་རེད། དགེ་ཕྲུག་འཚུབ་ཐེར་བ་ཞིག་ལ་སྤོབས་པ་བསླབ་གནང་ནས་གཞུང་ཆེན་མོ་ལ་བདག་པོ་རྒྱག་སྟངས་ཧ་ཅང་ཡག་པོ་རེད་ཅེས་བཀའ་གནང་བྱུང་བས་དེ་དུས་ངོས་རང་སྐྱིད་པོ་བྱུང།

སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །

ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །

ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །

ཕྱོགས་མཐའི་གཏུགས་པའི་ཞེས་པ་དེ་རིན་ཆེན་ཕྲེང་བའི་ཚིག་རེད། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང། །ཕྱོགས་མཐའི་གཏུགས་པའི་སྙིང་རྗེ་དང་། །ཞེས་པའི་ཚིག་ཁ་ཐུག་བཤུས་པ་ཡིན། ཕྱོགས་མཐའི་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཞེས་སོ།།

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་འདི་དག་གི་མདོ་ཕྱོགས་ཀྱི་གཞུང་རྣམས་ཀྱིས་སེམས་ཀྱི་འགྲོ་སྟངས་དང་། སེམས་ལ་བཟོ་བཅོས་རྒྱག་སྟངས་ཀྱི་གནད་འགག་དེ་ཚོ་ཤེས་ཡོང་དུས། དངོས་གནས་སྔགས་ཀྱི་རྒྱུད་སྡེ་འོག་མ་རྣམས་ལ་རྒྱུ་མཚན་དམིགས་བསལ་དགོས་ཀྱི་ཨེ་ཡོད། གཙོ་བོ་སྔགས་བླ་མེད་རེད་འདུག །སྔགས་བླ་མེད་ཀྱི་གཞུང་ནས་གསུངས་པའི་ལམ་གྱི་འགྲོ་སྟངས་དེ་དག་ལ་བསམ་བློ་བཏང། དཔྱད་ནས་དེ་ལ་དད་པ་ཞིག་སྐྱེས་པ་ཡིན་ན། རྒྱུད་སྡེ་འོག་མ་དེ་དག་ལ་དད་པ་རང་ཤུགས་སུ་སྐྱེ་ངེས་ཡིན། རྒྱུད་སྡེ་འོག་མ་དེ་དག་སྔགས་བླ་མེད་ཀྱི་ལམ་ཉམས་སུ་ལེན་པར་སྔོན་འགྲོ་སྦྱང་རྒྱུ་ཞིག་ཡིན་པ་ལས། གཙོ་བོ་ལུས་ལྷ་སྐུར་བསྐྱེད་ནས་ཕན་ཐོགས་ཡོད་པའི་སྒྲུབ་བྱེད་མཐར་ཐུག་དེ་སྔགས་བླ་མེད་ཀྱི་སྐབས་ནས་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་ནས། མདོར་ན། གཟུགས་སྐུ་འགྲུབ་བྱེད་ཀྱི་ཉེར་ལེན་གྱི་རྒྱུ་ཐུན་མོང་མ་ཡིན་པ་ཞིག་སྔགས་བླ་མེད་ཀྱི་ལུགས་ལ་གསུངས་པ་ཐབས་ཤེས་དབྱེར་མི་ཕྱེད་པ་ངོ་མ་ཞིག་དང་། མོས་ངོ་ཙམ་དང་བློ་ཡིས་བཅོས་པ་ཙམ་མ་ཡིན་པར། དངོས་གནས་ཐབས་ཤེས་དབྱེར་མི་ཕྱེད་པ་དེ་འདྲའི་ལུས་གཅིག་འགྲུབ་རྒྱུ་ཡོད་པ་ཡིན་དུས། ལུས་ལྷ་སྐུར་བསྐྱེད་པར་དགོས་པ་རྒྱུ་མཚན་ཡོད་པ་རེད། གསང་བ་འདུས་པ་གཞིར་བཞག་བྱས་ན་ཕུང་པོ་རྙིང་པ་ལས་ལོགས་སུ་ཕྱེ་བའི་དེ་འདྲའི་ལུས་རྟེན་ཞིག་འགྲུབ་རྒྱུ་ཞིག་མེད་ན་ད་ལྟ་ལྷ་སྐུ་སྒོམ་པ་ལ་དགོས་པ་གང་ཡང་མེད། སྟོང་སྦྱང་བྱས་ནས་ལྷ་སྐུ་སྒོམ་པ་ལ་དམིགས་བསལ་དགོས་པ་ཧ་ཅང་ཁག་པོ་རེད། མ་གཞི་ཡོངས་གྲགས་ལྟར་དུ་བརྗོད་རྒྱུ་ཡོད་ཀྱང་། ངོས་ནས་ཞུ་དགོས་པ་དེ་མདོ་སྔགས་ཀྱི་གཞུང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་གིས་མཛད་པའི་གཞུང་ལ་གོ་བ་ཏོག་ཙམ་སླེབས་ན་གཞི་ནས་རྡོ་རྗེ་ཐེག་པའི་ལམ་དེ་ལ་ཡང་དངོས་གནས་གནད་འགག་ཅིག་ཡོད་ས་རེད་སྙམ་པ་ཡོང་གི་རེད། དེ་མིན་ཁག་པོ་རེད། དད་པ་བྱེད་པ་གཅིག་པུ་ཡིན་ན་སྐྱབས་སུ་མཆིའོ། །ཡིན་པ་རེད་སྙམ་པ་བྱུང་ན་འགྲིག་གི་རེད། དེ་འདྲ་ཡིན་དགོས་པ་དེ་གང་ཡིན་ཟེར་ན། བསམ་བློ་ཏོག་ཙམ་བཏང་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་མདོ་ཕྱོགས་ཀྱི་གཞུང་དེ་དག་སྔགས་ཀྱི་གཞུང་ལུགས་ལ་མོས་པ་བསྐྱེད་པར་སྒྲུབ་བྱེད་མཐར་གཏུགས་ཡོང་དུས་མདོ་ཕྱོགས་ཀྱི་གཞུང་དེ་དག་རེད་འདུག །ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག

ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །

ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང༌། །

རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །

ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །

སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །

ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །

འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང༌། །

མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །

འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །

བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །

དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །

འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །

དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །

དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །

གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །

ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །

ཡིག་ཆུང་འདིར་ངོས་ནས་ཁུངས་ཤིག་དང་རྒྱུ་མཚན་ཞིག་བཀོོད་ཡོད། ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟའི་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང༌། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང༌། དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་རྣམ་པར་ཐར་པ་ལ་བསླབ་པར་སྨོན་པ་བསྐྱེད་མོས་པ་བསྐྱེད་ནས་ད་ལྟ་ལ་འབྲེལ་བ་གང་ཡོད་དམ་སྙམ་ན། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང༌། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང༌། ཐེ་ཚོམ་དགོས་པ་རེད། ཐེ་ཚོམ་དེ་ཧ་ཅང་གལ་ཆེན་པོ་རེད། ཐེ་ཚོམ་ཉོན་མོངས་ཅན་ཞེས་དབྱེ་བ་ཕྱེ་དགོས་པ་ལས་ཐེ་ཚོམ་དགོས་པ་རེད། ཐེ་ཚོམ་ཡོད་ན་རྟོག་དཔྱོད་སླེབས་ཡོང་གི་རེད། རྟོག་དཔྱོད་སླེབས་ནས་དྲི་བ་སླེབས་ཡོང་གི་ཡོད། རྒྱུ་མཚན་འཚོལ་བའི་འདོད་པ་སླེབས་ཡོང་གི་ཡོད། ཐེ་ཚོམ་མེད་ན་དེ་དག་ཡོང་གི་མ་རེད། ཡོང་གི་རེད་ཅེས་ལབ་ནས་བཀའ་གནང་རང་ཞེས་ཁྲིད་བཞག་ན། ཅི་མཛད་ལེགས་པར་མཐོང་པའི་མོས་གུས་ཟེར་བ་ལྟར་འགྲིག་པ་རེད། དེ་ལྟར་འགྲིགས་ན་རྒྱན་དྲུག་མཆོག་གཉིས་ཀྱིས་གཞུང་བརྩམས་དགོས་པ་གང་ཡོད་དམ། བཅོམ་ལྡན་འདས་ཀྱིས་གཅིག་གསུངས། ལམ་སང་དེ་རང་རེད་ཅེས་ལབ་བཞག་ན་འགྲིག་པ་རེད། ཆོས་པ་གཞན་དག་ནང་བཞིན་བྱས་ནས། ང་ཚོ་དེ་འདྲ་མིན་པ་ཞིག །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཞག་རྩི་དེ་བརྟག་དཔྱད་བྱས་ནས་ར་འཕྲོད་ཀྱི་འདུག་ན་ཁས་བླངས། ར་འཕྲོད་ཀྱི་མི་འདུག་ན་གཡུག་ཞོག །དེ་བཅོམ་ལྡན་འདས་ལ་མ་གུས་པའི་སྐད་ཆ་མ་རེད། དགོས་པ་དགག་བྱ་དངོས་ལ་གནོད་བྱེད་གསུམ་གྱི་ཐོག་ནས་སྒྲ་ཇི་བཞིན་མ་རེད་ཟེར་ནས་བཤད་ཆོག་གི་རེད། དེ་རླབས་ཆེན་རེད། དེས་ན་ཐེ་ཚོམ་དགོས་པ་གལ་ཆེན་པོ་རེད། བླ་མས་གསུངས་པ་ཡིན་ནའང་གསུང་ཚད་ལ་ཆ་མ་བཞག་པར་བསམ་བློ་བཏང་དེ་མ་གུས་པའི་སྐད་ཆ་མ་རེད། བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཤེས་ནས་དད་པ་ཐོབ་པ་ནི་དགོས་གལ་ཤིན་ཏུ་ཆེ་ཞེས་པ་ལྟར་ཤེས་ནས་དད་པ་ཐོབ་པ་ཞིག་འོོང་བ་ལ་རྩད་གཅོད་བྱེད་དགོས། བརྩད་གཅོད་འོང་བ་ལ་ཐེ་ཚོམ་དགོས་པ་རེད། བརྩད་གཅོད་མ་བྱས་པར་ལམ་སང་ཡིན་པར་ཐག་བཅད་ན་ཡོང་ཐབས་མེད། ཡིན་ནའང་ཐེ་ཚོམ་དེ་ཉིད་བློ་ཕྱོགས་སུ་ལྷུང་ན་མི་འགྲིག །གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང༌། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང༌། སངས་རྒྱས་བསྐྱངས་དང༌། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་འདི་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདུན་བྱུང་བ་དང༌། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང༌། གང་ཡང་ཤེས་ཀྱི་མེད་ཀྱང་། ཏོག་ཙམ་དེ་འདྲ་ཞིག་ལོས་ཡིན་སྙམ་པའི་སྒོ་ནས་སེམས་ལ་བསྒུལ་བསྐྱོད་ཐེབ་པ་ཞིག་ཡོང་གི་འདུག །

མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ངས་གོང་དུ་བཤད་པའི་གཞུང་དེ་དག་ཡོངས་རྫོགས་ངོས་ནས་མཐོང་མེད། ཁ་ཤས་མཐོང་ཡོད་པ་རེད། ཡང་ཁ་ཤས་ནི་གོ་བ་ལས་མཐོང་ཡོད་པ་མ་རེད། དུས་ཚོད་བྱུང་ན་བསྟན་འགྱུར་ཚར་བཅུ་དྲུག་ཀློག་མཁན་གྱི་ངོ་ཤེས་པ་ཞིག་ཡོད། ཨ་ལག་བཀྲ་ཤིས་ཟེར། བཀྲ་ཤིིས་ལྷུན་པོའི་དགེ་འདུན་པ་རེད། སྐྱེས་ས་དེ་གར་ཞྭའི་གཡས་གཡོན་ཞིག་ནས་རེད། ཁོང་རང་གིས་དེང་སང་བཀའ་འགྱུར་ཚར་བཅོ་བརྒྱད་པ་ཀློག་བཞིན་པ་བཅས་ཧ་ལས་པ་རེད། དེ་ལྟ་བུའི་ཚར་མང་པོ་ཀློག་འདུག །ད་དུང་མིག་ཡག་པོ་འདུག །གོ་བ་དེ་ཚོ་གང་འདྲ་ཡིན་མིན་མི་ཤེས་མ་གཏོགས་གཞན་ཧ་ལས་པ་རེད། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་། ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།།  །།

ཁྱེད་རང་ཚོ་ཁ་ཤས་ཀྱིས་བློར་བཟུང་ནས་འདོན་གྱི་འདུག་པས་རྗེས་སུ་ཡི་རང་ཡོད། སྨོན་ལམ་བཏོན་པ་ནང་བཞིན་སྐུ་ཐང་གསར་བཞེངས་ཀྱང་གནང་འདུག །དེ་ལས་འདི་དག་གི་གཞུང་ལ་སྦྱང་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་དག་གི་དགེ་ཕྲུག་རྣལ་མ་ཞིག་བྱེད་ཐུབ་ན་ཡག་པོ་ཡོད་པ་རེད། དཔེ་ཆ་བ་ཚོས་དེ་ཤེས་ཀྱི་ཡོད་པ་རེད། ལེགས་བཤད་སྙིང་པོ་ནི་མཁས་པ་འདི་དག་གི་མཇུག་ལ་མཐུད་བཞག་པ་ཞིག་རེད་འདུག །རྒྱ་ཆེ་བའི་ལམ་གྱི་རིམ་པ་མ་ཡིན་ནའང་། ཟབ་མོའི་ལམ་གྱི་རིམ་པ་དེ་མཁས་པ་འདི་དག་ལ་ཁུངས་གཏུགས་ནས་གསུངས་པ་ཞིག་ཡིན་པ་དེ་ལེགས་བཤད་སྙིང་པོའི་ནང་དུ་གསལ་ཐག་ཆོད་རེད་འདུག །དེ་ལྟར་གནང་རོགས།།  །།

Leave a Reply

Your email address will not be published. Required fields are marked *