ཅ༽ དམ་པ་རྒྱ་གར་དང་ཀ་མ་ལ་ཤཱི་ལ་གཅིག་མིན།
དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་དུ་སེངྒེ་རྣམ་པར་རྩེ་བ་ལས[1]།
བསྟན་པ་འདི་ལ་སྟོན་པར་མཚུངས་ལགས་པས། །མགོན་པོ་གཉིས་པ་མ་བཙལ་ཁྱོད་གཅིག་པུ། །
ཐུགས་རྗེས་གཟུང་ཞིག་ཀ་མ་ལ་ཤཱི་ལ། །བྱིན་གྱིས་རློབས་དང་དམ་པ་རྒྱ་གར་བ། །
ཞེས་གསུངས་པ་ལྟར་བདག་ཉིད་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་གྱི་སྐོར་ལ་དཔྱད་གཞི་ཆེ་བའི་བཤད་ཚུལ་མི་མཐུན་པ་ཇི་སྙེད་ཅིག་སྣང་སྟེ། དེ་ཡང་མཁས་པ་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། དམ་པ་རྒྱ་གར་གཉིས་གཅིག་དང་ཐ་དད་གང་ཡིན་ཐད་བཞེད་ལུགས་སྣ་ཚོགས་ཤིག་བྱུང་བ་འདི་ལྟར། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ལས[2]། རྩོད་པ་ཐམས་ཅད་དང་བྲལ་བའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་མཚན་ཉི་ཟླ་ལྟར་གྲགས་པ་དེ། ལྷ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཡུལ་དུ་སྤྱན་དྲངས། ལྟ་བ་ངན་པ་སུན་ཕྱུང་། དབུ་མའི་བསྟན་བཅོས་མང་དུ་མཛད། ཕྱིས་འཕགས་ཡུལ་དུ་གཤེགས་པའི་ལམ་ཁར་གྲུབ་ཆེན་དམ་པ་རྒྱ་གར་དང་མཇལ། དུས་དེར་སྲིན་པོའི་རོ་ཆེན་པོ་ཞིག་གིས་ལམ་པོ་ཆེ་བཅད་ནས། རོ་དེ་ལ་རེས་འགའ་འབྱུང་པོ་དག་ཞུགས་ཏེ། ཕྱོགས་ཀྱི་མགྲོན་པོ་རྣམས་ལ་ཉེ་བར་འཚེ་བར་གཟིགས་ནས། སློབ་དཔོན་དེས་རོ་དེ་ལ་གྲོང་འཇུག་མཛད་ནས་ཐག་རིང་པོར་སྐྱེལ་བ་ལ་གཤེགས་སོ།།
དེའི་ཤུལ་དུ་སློབ་དཔོན་དེའི་སྐུ་ལུས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བར་གཟིགས་ཏེ། སྐུ་ལུས་དེ་ལ་དམ་པ་རྒྱ་གར་གྱིས་ཞུགས་ནས་རང་གི་ལུས་མི་མཛེས་པ་དེ་ཤུལ་དུ་བཞག་གོ །སློབ་དཔོན་ཕྱིར་འཁོར་བ་ན། རང་གི་སྐུ་ལུས་གཞན་གྱིས་འཁྱེར་བར་གཟིགས་ནས། རྗེ་བཙུན་དམ་པ་རྒྱ་གར་གྱི་སྐུ་ལུས་དེ་ཉིད་ལ་ཞུགས་སོ། །དེའི་ཕྱིར་བོད་ཡུལ་དུ་བྱོན་པའི་རྗེ་བཙུན་དམ་པ་རྒྱ་གར་ཞེས་མཚན་ཉི་མ་ལྟར་གྲགས་པ་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནི། མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལ་ཡིན་ནོ། །ཞེས་གསུངས་ལ། རོང་སྟོན་ཤཱཀྱའི་རྒྱལ་མཚན་མཆོག་ཉིད་རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་སྤྲུལ་ཡིན་པ་དང་། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་སེངྒེ་བཟང་པོ། གྲུབ་དབང་དམ་པ་སངས་རྒྱས། པཎ་ཆེན་ཀ་མ་ལ་ཤཱི་ལ། བོད་གངས་ཅན་གྱི་ལྗོངས་སུ་ལོ་ཙཱ་བ་ཆེན་པོ་རྨ་རིན་ཆེན་མཆོག་དང་། བཅོམ་ལྡན་རིག་པའི་རལ་གྲི། ཀརྨ་དུས་གསུམ་མཁྱེན་པ་སོགས་མཁས་གྲུབ་སྐྱེས་ཆེན་དམ་པ་དུ་མའི་ཚུལ་བཟུང་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པར་གསུངས་སོ།།
དེ་བཞིན་གྲོང་འཇུག་མཛད་ཡུལ་ཡང་། ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་ (1825-1901) དཔལ་བཟང་པོས་མཛད་པའི་༸རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་གི་རྣམ་ཐར་ལས་[3]ཀྱང་། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ་དེ་ཉིད་འཕན་ཡུལ་དུ་སྲིན་མོ་གདུག་པ་ཅན་གྱི་རོ་གཞན་གྱིས་འདོན་པར་མ་ནུས་པར་བསྒྲལ་ཕྱིར་གྲོང་འཇུག་མཛད་དེ་སླར་ཨ་ཙརྱ་རྒན་པོའི་ལུས་སུ་འཇུག་པར་མཛད་པ་ལ་དམ་པ་སངས་རྒྱས་སུ་མཚན་གསོལ་བའི་ཟུང་འཇུག་གྲུབ་པའི་རྣལ་འབྱོར་ཆེན་པོ་ཕ་དམ་པ། ཞེས་གསུངས་པ་ལྟར་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། ཡོངས་འཛིན་ཕུར་ལྕོག་རྣམ་གཉིས་བཞེད་ལུགས་མཐུན་པ་ལྟ་བུར་གསུངས་སོ།།
དེ་ལྟར་ན་བུ་སྟོན་ཆོས་འབྱུང་དང་། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱལ་རབས་སྦ་བཞེད། པད་དཀར་ཆོས་འབྱུང་། ངོར་ཆོས་འབྱུང་། སུམ་པ་ཆོས་འབྱུང་། བདུད་འཇོམས་རིན་པོ་ཆེའི་རྒྱལ་རབ་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། ཉང་ཆོས་འབྱུང་[4]སོགས་རྒྱལ་རབས་ཆོས་འབྱུང་ཕལ་མོ་ཆེའི་ནང་སློབ་དཔོན་ཀ་མ་ལ་ཤཱི་ལས་རྒྱ་ནག་ཧྭ་ཤང་ཚར་བཅད་རྗེས་སུ་མི་རིང་བ་ཞིག་ན་ཧྭ་ཤང་གིས་བཏང་བའི་རྒྱའི་བཤན་པ་མི་བཞིས་སློབ་དཔོན་ནུབ་མོ་སྒྲ་སྒྱུར་ཁང་དུ་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་པར་གསུངས་པ་དང་འགལ་བར་འགྱུར་ལ། གཞན་ཡང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) རང་ཉིད་ཀྱི་གསུང་རོང་སྟོན་གྱི་གསང་བའི་རྣམ་ཐར་ལས[5]། གཉིས་པ་ལ། མཁས་པའི་གོ་འཕང་བརྙེས་པའི་ཚུལ་དང༌། གྲུབ་པའི་ས་བརྙེས་པའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་དམ་པ་རྒྱ་གར་གྱི་འཛམ་བུའི་གླིང་འདིར་མིའི་སྐྱེ་བ་བདུན་བར་མ་ཆད་པར་བཞེས་པའི་ཐ་མ་ལ། བྲམ་ཟེའི་རིགས་ཤིག་ཏུ་འཁྲུངས་ཏེ། དེའི་མིང་ལ་སྨྲ་བའི་སེང་གེ་དང༌། མི་ཕམ་མགོན་པོ་[6]དང་། ལས་ཀྱི་རྡོ་རྗེ་[7]ཞེས་བྱ་བ་གསུམ་བཏགས་སོ།།
དེ་དུས་རེ་ཞིག་གི་ཚེ་ཤྲཱི་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་ཝི་[8]ཀྲ་མ་ཤཱི་ལ་ཞེས་ཡོངས་སུ་གྲགས་པ་དེར་དྷརྨ་ཤཱི་ལ་དང་། སློབ་དཔོན་ཀ་མ་ལ་རཀྵ་ཏ་ཞེས་བྱ་བ་གཉིས་ཀྱི་དྲུང་དུ་རབ་ཏུ་བྱུང་བར་མཛད་པའི་མཚན་ནི། ཀ་མ་ལ་ཤཱི་ལ་ཞེས་བཏགས་སོ། །དེ་ནས་རིམ་གྱིས་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ཏེ་འཕགས་ཡུལ་དུ་བསྟན་པ་ལ་བྱ་བ་མང་དུ་མཛད། བསམ་ཡས་ཀྱི་རྒྱལ་པོའི་དུས་སུ་བོད་དུ་བྱོན། རྒྱ་ནག་མཁན་པོའི་ཆོས་ལུགས་སུན་ཕྱུང་། ཕར་ཕྱིན་ཐེག་པའི་བསྟན་བཅོས་མང་དུ་བརྩམས། དུས་དེར་སློབ་དཔོན་དེས་གསང་སྔགས་ཀྱི་ཆོས་མ་བསྟན། ཞེས་སོགས་གསུངས་པ་དང་། ཡང་ཀུན་མཁྱེན་པད་དཀར་ (1527-1592) གྱིས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་[9]དུ། དམ་པ་སངས་རྒྱས་ནི། སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་སྐུ་གཤེགས་ནས། སྐྱེ་བ་རྒྱ་གར་ལྷོ་ཕྱོགས་ཀྱི་བྱེ་བྲག་ཙ་ར་སིང་ང་ཞེས་བྱ་བར་ཚོང་དཔོན་གྱི་རིགས་སུ་འཁྲུངས། བི་ཀྲ་མ་ཤཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། ཞེས་དང་། ཡང་དེ་ཉིད་ལས། འདི་ལ་གཞན་གྱིས་དགུང་ལོ་མང་པོ་བར་བྱས་པ་དང་། ཀ་མ་ལ་ཤཱི་ལས་གྲོང་འཇུག་བྱས་པར་བཤད་པ་རྣམས་ལ། གཏམ་ཚད་མ་གནོད་བྱེད་དུ་སྣང་ངོ་། །ཞེས་གསུངས་པས། སྔ་མ་ལྟར་ན། རྗེ་བཙུན་དམ་པ་རྒྱ་གར་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཐ་དད་དུ་མེད་པར་སློབ་དཔོན་གཅིག་ཉིད་རྒྱ་གར་འཕགས་ཡུལ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དྲངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་བྱོན་ནས་རྒྱ་ནག་མཁན་པོའི་ཆོས་ལུགས་སུན་ཕྱུང་བར་གསལ་ཞིང་། ཕྱི་མ་པད་དཀར་ཆོས་འབྱུང་དུ། སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་གངས་ཅན་གྱི་ཞིང་དུ་སྐུ་གཤེགས་ཏེ་སྐྱེ་བ་རྒྱ་གར་འཕགས་ཡུལ་དུ་བཞེས་པ་དེ་དམ་པ་རྒྱ་གར་རམ་ཕ་དམ་པ་སངས་རྒྱས་ཡིན་པར་གསུངས་པས་ཁྱད་པར་ཤིན་ཏུ་ཆེའོ།།
གཞན་ཡང་ཞི་བྱེད་གཅོད་ཀྱི་སྲོལ་གཏོད་པ་པོ་ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར་ནི། གཡས་རུ་སྟག་ཚང་རྫོང་པ་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[10]། ཞི་བྱེད་བརྒྱུད་པའི་སྤྱི་མེས། ཕ་དམ་པ་རིན་པོ་ཆེའི་འཁྲུངས་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་བྷང་གའི་གླིང༌། གྲོང་ཁྱེར་རྩ་ར་སིང་ཧར། ཡབ་དེད་དཔོན་བརྩོན་འགྲུས་གོ་ཆ་དང༌། ཡུམ་བྲམ་ཟེ་མོ་གཙང་སྒྲ་ལྡན་པ་ཧངས་ནི་བྱ་བའི་སྲས་སུ་འཁྲུངས་ཏེ། དགུང་ལོ་བཅུ་ན་རབ་ཏུ་བྱུང༌། མདོ་སྔགས་ཀུན་ལ་མཁས་པར་སྦྱངས། བོད་དུ་ཐེངས་གསུམ་བྱོན་པའི་དང་པོ་རབ་བྱུང་གི་ཆ་བྱད་ནས་མོན་མཐའ་ཁོབ་ནས་ཚུར་བྱས། ཁ་རག་སྙིང་ཁུང་བར་བྱོན། རྒྱ་གར་ལ་ཕྱིར་ལོག །བར་པ་སྤྱོད་པའི་ཆ་ལུགས་མཛད་ནས། ཡར་ལུངས་ཕུ་ལ་བྱོན། དེ་ནས་བལ་ཡུལ་ལ་བྱོན། དེ་རྟིང་བོད་དུ་ཕེབས། ལ་སྟོད་དིང་རི་གླང་སྐོར་དུ་བཞུགས། འགྲོ་བ་མང་པོ་སྨིན་གྲོལ་ལ་བཀོལ་ནས། ས་ཕོ་བྱི་བའི་ལོ་དགུན་ཟླ་འབྲིང་པོའི་ཚེས་བཞི་ལ། མཁའ་སྤྱོད་དུ་གཤེགས་སོ། །སློབ་མའི་ནང་ནས་ཐུགས་ཀྱི་སྲས་བཞི་ནི། བླ་མ་དྷརྨ་ཙཀྲ་དང༌། བླ་མ་གྷུ་ན་ཤྲཱི། དམ་པ་ཆར་ཆུད་པ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགའ་རྣམས། དམ་པ་རིན་པོ་ཆེ་སྙུང་བའི་ཚུལ་བསྟན་པའི་དུས་སུ་བླ་མ་དྷརྨ་ཙཀྲ་དང༌། དམ་པ་ཀུན་དགའ་དང༌། བླ་མ་གྷུ་ན་ཤྲཱི་རྣམས་ཀྱིས་གསོལ་བ་བཏབ་པའི་ཚེ། དམ་པའི་ཞལ་ནས། ངས་མི་ཡུལ་དུ་ལོ་ལྔ་བརྒྱ་དང་བཅུ་བདུན་བསྡད་འདུག །ད་མཁའ་སྤྱོད་དུ་འགྲོ་གསུངས་ནས། ས་མོ་ལུག་གི་ལོ་དགུན་ཟླ་འབྲིང་པོའི་ཚེས་བཅུ་གཅིག་གི་ཉི་མ་དགོང་ཁའི་དུས་ཞི་བར་གཤེགས་སོ། །ཞེས་དགུང་ལོ་ ༥༡༧ བཞུགས་པར་གསུངས།

དེ་བཞིན་གཡུ་དྲུང་བོན་གྱི་མཁས་པ་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[11]། ཕ་དམ་པ་སངས་རྒྱས་ནི། རྒྱ་གར་ལྷོ་ཕྱོགས་ཙ་ར་སིང་གའི་བྱེ་བྲག་ཁྲོན་པའི་གླིང་དུ་ཡབ་བརྩོན་འགྲུས་གོ་ཆ་དང་། ཡུམ་བ་ར་ས་ཏ་ཞེས་པའི་སྲས་སུ་འཁྲུངས། བྲམ་ཟེས་བརྟགས་པས་འདིས་པཎྜི་ཏ་དང་རྣལ་འབྱོར་པ་གང་བྱས་ཀྱང་ཕུལ་བྱུང་གི་ཡོན་ཏན་ལྡན་པར་འགྱུར་རོ་ཞེས་ལུང་བསྟན། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲི་མ་མེད། ཆུང་ངུ་ནས་སྒྲ་རིག་སོགས་རིག་གནས་མཐའ་དག་ལ་སྦྱངས་པས་མཁས་པར་གྱུར། དེ་ནས་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་ནས་ཆོས་འདུལ་བ་ལ་མཁས་པར་མཛད། བླ་མ་གསེར་གླིང་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སྤྱོད་པ་རླབས་པོ་ཆེ་ལ་གནས། བླ་མ་མང་པོ་ལས་དཀྱིལ་འཁོར་དུ་དབང་བསྐུར་མནོས་ཏེ་རིག་པ་འཛིན་པའི་དམ་ཚིག་སྡོམ་པ་ལ་བཞུགས། དེ་ལྟར་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལ་གདམས་ཟབ་མཐའ་དག་མནོས། དངོས་དང་དག་སྣང་སྒོར་ཀླུ་ཐོགས་དང་ཨཱརྱ་དེ་ཝ་སོགས་མཚན་ཉིད་སྒྲ་རིག་གི་བླ་མ་བཅུ་གཅིག །བྷུ་དྷ་གུཔྟ་དང་ཡེ་ཤེས་ཞབས་སོགས་ཕ་རྒྱུད་བླ་མ་བཅུ་གཅིག །ལཱུ་ཧི་པ་དང་ཌོམྦྷི་པ་སོགས་མ་རྒྱུད་ཀྱི་བླ་མ་བཅུ་གཉིས། ས་ར་ཧ་དང་ཙཱརྱ་པ་སོགས་ཕྱག་རྒྱ་ཆེན་པོ་བརྡ་ཡི་བླ་མ་བཅུ་གཉིས། རི་ཁྲོད་མ་སུ་ཁ་སིདྡྷི་སོགས་རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་གཉིས། དེ་རྣམས་ལས་ཕྱི་མཚན་ཉིད། ནང་གསང་སྔགས་ཀྱི་གདམས་པ་མཐའ་ཡས་བླངས་ནས་སྒྲུབ་པ་མཛད་དེ། ཤར་སེངྒེ་རྫོང་དུ་ལོ་དྲུག །རྡོ་རྗེ་གདན་དུ་ལོ་བཅོ་ལྔ། རང་བྱུང་མཆོད་རྟེན་དུ་ལོ་བཞི། རི་ཀུ་རུ་ཀུ་ལླེར་ལོ་ལྔ། གངྒཱའི་འགྲམ་དུ་ལོ་ལྔ། ཤར་ཕྱོགས་ནགས་སུ་ལོ་ལྔ། ལྷོ་ཕྱོགས་ཀྱི་དུར་ཁྲོད་དུ་ལོ་ལྔ། བསིལ་ཚལ་དུ་ལོ་བདུན། ཡང་རྡོར་གདན་དུ་ལོ་གསུམ། མངོན་དགའི་ཡུལ་དུ་ལོ་བཅུ་སྟེ་ལོ་དྲུག་ཅུ་རེ་ལྔ་ལ་སྒྲུབ་པ་མཛད་པས། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་ལྷ་ཚོགས་གྲངས་མེད་ཀྱི་ཞལ་གཟིགས། མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་རིག་པ་འཛིན་པ་དཔག་ཏུ་མེད་པ་ཞལ་མཇལ། དངོས་གྲུབ་ཀྱང་མིག་སྨན། རྐང་མགྱོགས། རིལ་བུ། ས་འོག །གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་གྲུབ་ཅིང་། མཆོག་གི་དངོས་གྲུབ་ནི་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས་སོ། །གཞན་དོན་ནི་ཡུལ་བཅུ་གཉིས་ལ་སོགས་པའི་གནས་ཀུན་ཏུ་སྤྱོད་པ་མཛད་པས་གྲུབ་ཐོབ་ཀྱི་སྙན་པས་མཚན་ཡང་སྣ་ཚོགས་སྒྲ་སྒྲོགས་སོ། །ཞེས་ཀྱང་བྱུང་ངོ་།།
གཞན་ཡང་སྔར་དྲངས་པའི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་ཀུན་མཁྱེན་རོང་སྟོན་གྱི་རྣམ་ཐར་སྤྱི་བྱིངས་ནས་བཤད་པ་དང་། གསང་བའི་རྣམ་ཐར་དུ་བཤད་པ་གཉིས་ཀྱང་མི་མཐུན་ཏེ། གསང་བའི་རྣམ་ཐར་དུ་རྗེ་བཙུན་དམ་པ་རྒྱ་གར་འཛམ་གླིང་འདིར་མིའི་སྐྱེ་བ་བདུན་བར་མ་ཆད་པར་བཞེས་པའི་ཐ་མ་དེ་རབ་ཏུ་བྱུང་བའི་མཚན་ལ་ཀ་མ་ལ་ཤཱི་ལ་ཞེས་བཏགས་པ་དེ་ཉིད་བསམ་ཡས་རྒྱལ་པོའི་དུས་སུ་བོད་ལ་བྱོན་ནས་རྒྱ་ནག་ཧྭ་ཤང་ཚར་བཅད་པར་གསུངས་པས། སློབ་དཔོན་གྱི་མཚན་ལ་དམ་པ་རྒྱ་གར་རམ་ཀ་མ་ལ་ཤཱི་ལ་གང་ཞིག་བརྗོད་ཀྱང་གང་ཟག་རྒྱུད་གཅིག་ཡིན་པ་ལས་རྒྱུད་ཐ་དད་པའི་བཤད་ཚུལ་མེད། འོན་ཀྱང་རྣམ་ཐར་སྤྱི་བྱིངས་བཤད་པའི་སྐབས། ཆོས་འབྱུང་རྣམ་ཐར་གཞན་དང་མི་མཐུན་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་རྒྱ་ནག་མཁན་པོའི་ལྟ་བ་སུན་ཕྱུང་ནས་འཕགས་ཡུལ་དུ་ཕྱིར་ཕེབས་མཛད་སྐབས་ལམ་ཁར་ཕ་དམ་པ་སངས་རྒྱས་སམ་དམ་པ་རྒྱ་གར་མཇལ་བ་དང་། གཅིག་གི་སྐུ་ལུས་ལ་གཅིག་གྲོང་འཇུག་མཛད་པར་བཤད་པས། དུས་གཅིག་ཏུ་ཡོད་པའི་གང་ཟག་རྒྱུད་ཐ་དད་པ་གཉིས་ཡོད་པ་གསལ་བར་གསུངས་པའི་ཕྱིར་རོ།།
སྤྱིར་རྣམ་ཐར་ཐུན་མོང་བ་དང་། གསང་བའི་རྣམ་ཐར་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་རྩོད་མེད་ཡོངས་གྲགས་ཡིན་ཡང་། འདིར་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསང་རྣམ་བཤད་པའི་སྐབས་ཡིན་པ་ལས། དམ་པ་རྒྱ་གར་དང་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསང་རྣམ་བཤད་པའི་སྐབས་ཀྱང་མིན་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་གང་དུ་ཡང་དམ་པ་རྒྱ་གར་དང་། ཀ་མ་ལ་ཤཱི་ལ་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་གྱི་གནད་ལ་མི་མཐུན་པ་ཡོང་བའི་གནས་མི་སྣང་ཞིང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་རོང་སྟོན་གྱི་རྣམ་ཐར་ལས[12]། བདག་ཉིད་ཆེན་པོ་ (རོང་སྟོན་) འདིའི་སྔོན་གྱི་ལོ་རྒྱུས་མི་འདྲ་བ་གསུམ་བྱུང་ཡང་འགལ་བ་མ་ཡིན་ཏེ། ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་དམ་པ་རྒྱ་གར་ཐུགས་རྒྱུད་གཅིག་པའི་ཚུལ་ནི་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་ལས་བྱུང་ལ། ལོ་ཙཱ་བ་རིན་ཆེན་མཆོག་དང་། ཀ་མ་ལ་ཤཱི་ལ་དུས་མཉམ་དུ་བྱོན་ཀྱང་སྤྲུལ་པས་འགྲོ་དོན་སོ་སོར་མཛད་པ་ལ་འགལ་བ་མེད་དོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ།
མཁས་པའི་དབང་པོ་པདྨའི་ངང་ཚུལ་དང་། །གྲུབ་པའི་དབང་ཕྱུག་རྗེ་བཙུན་རྒྱ་གར་ཞབས། །
སྤྲུལ་པའི་ལོ་ཙཱ་རིན་ཆེན་མཆོག་གསུམ་པོ། །བདག་ཉིད་ཆེན་པོའི་སྔོན་གྱི་ལོ་རྒྱུས་ཡིན། །
ཞེས་སྦྱར་བ་ཡིན་ནོ། །ཞེས་གསུངས་སོ།།
ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) མཆོག་གིས་མཛད་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་གི་མཇུག་མཐར། རྗེ་བཙུན་དམ་པ་རྒྱ་གར་ལ་བསྟོད་པ་བྱིན་རླབས་ཀྱི་ཆར་འབེབས་[13]ཞེས་བྱ་བ། རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་བསྡུས་ཤིང་། །གྲུབ་པའི་རིག་འཛིན་ཀུན་གྱི་གཙོར་གྱུར་པ། །རྫུ་འཕྲུལ་སྟོབས་ཀྱིས་འགྲོ་བ་དཔག་མེད་རྣམས། །ཞི་ལམ་འགོད་པའི་ཚད་མེད་ཐུགས་རྗེ་ཅན། །རྒྱ་གར་གནས་སུ་དམ་ཆོས་ཉི་མ་ཡིས། །རྟོགས་པའི་འདབ་བརྒྱ་རབ་ཏུ་རྒྱས་མཛད་དེ། །གྲུབ་ཐོབ་ཀུན་གྱི་མན་ངག་ཐུགས་ལ་རྫོགས། །བདེ་གཤེགས་རྒྱ་མཚོའི་ཞལ་ཡང་མངོན་སུམ་མཐོང་། །འཕགས་པའི་བདེན་མཐོང་གཟིགས་པ་མངོན་ཤེས་ཅན། །ཡང་ཡང་གངས་རིའི་ཁྲོད་འདིར་དམ་ཆོས་ཀྱིས། །མ་རིག་མུན་པ་སེལ་བའི་འཕྲིན་ལས་ཅན། །དཔག་མེད་གདུལ་བྱ་ཐར་པའི་ལམ་ལ་བཀོད། །ཡང་དག་ལྟ་བའི་རྟོགས་པ་བསྐྱེད་མཛད་ཅིང་། །གང་གི་གསུང་ངག་ཆ་ཤས་ཐོས་པས་ཀྱང་། །རྨད་བྱུང་ཡོན་ཏན་དཔག་མེད་ཐོབ་མཛད་པའི། །དམ་པ་རྒྱ་གར་ཞབས་ལ་ཕྱག་འཚལ་ལོ། །ཞེས་སློབ་དཔོན་པདྨའི་ངང་ཚུལ་ཞབས་དང་། དམ་པ་རྒྱ་གར་གཉིས་ལ་བསྟོད་པ་སོ་སོར་མཛད་པར་གཞིགས་ན་པདྨའི་ངང་ཚུལ་དང་། དམ་པ་རྒྱ་གར་རྣམ་གཉིས་སློབ་དཔོན་ཐ་དད་ཡིན་པ་རོང་སྟོན་རང་ཉིད་ཀྱིས་ཞལ་གྱིས་བཞེས་པ་རྟོགས་ཐུབ་པ་ཞིག་གོ།
དེ་ལྟར་ན་གོང་གི་གསང་རྣམ་དུ་དམ་པ་རྒྱ་གར་མིའི་སྐྱེ་བ་བདུན་བར་མ་ཆད་དུ་བཞེས་པའི་ཐ་མ་ཀ་མ་ལ་ཤཱི་ལ་ཞུ་བ་བོད་དུ་བསམ་ཡས་རྒྱལ་པོའི་དྲུང་དུ་བྱོན་པར་གསུངས་པ་དེ། ཞི་བྱེད་ཀྱི་ཆོས་འབྱུང་ཁུངས་མ་རྣམས་སུ་དམ་པ་རྒྱ་གར་བོད་ལ་ལན་ལྔ་བྱོན་པར་བཤད་པའི་བྱོན་ཐེངས་གང་ཡང་མིན་པར་མ་ཟད། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་བཏུས་སུ[14]། རབ་བྱུང་དང་པོའི་ཤིང་རྟ། ཕྱི་ལོ་ ༡༠༥༤ ལོར་མཉམ་མེད་ཇོ་བོ་རྗེ་མྱ་ངན་ལས་འདས་པའི་ལོ་དེར། ཕ་དམ་པ་བོད་དུ་བྱོན། ཞེས་གསུངས་པས་དུས་མི་འགྲིག་ཅིང་། ལྷག་པར་དུ་བསམ་ཡས་རྒྱལ་པོའི་དུས་སུ་བོད་ལ་བྱོན་ནས་རྒྱ་ནག་ཧྭ་ཤང་གི་ལྟ་བ་སུན་ཕྱུངས་ཤིང་། ཕར་ཕྱིན་ཐེག་པའི་བསྟན་བཅོས་མང་དུ་མཛད། ཅེས་གསུང་ཚུལ་འདིའི་ཤུགས་ཀྱིས་མཁན་ཆེན་ཞི་འཚོའི་སློབ་མ་ཀ་མ་ལ་ཤཱི་ལ་ལས་མ་འདས་པར་ཆེས་གསལ་ལོ།།
གཞན་ཡང་མཁན་ཆེན་ཞི་བ་འཚོའི་དངོས་སློབ་མཁས་མཆོག་ཀ་མ་ལ་ཤཱི་ལ་དང་། ཕ་དམ་པའི་མཚན་གྱི་རྣམ་གྲངས་ལ་ཀ་མ་ལ་ཤཱི་ལ་ཞེས་ཞུ་བ་ལྟར་མཚན་འདྲ་བ་ཙམ་མིན་པར་བོད་དུ་བྱོན་པའི་དུས་དང་། ཧྭ་ཤང་ལུང་རིགས་ཀྱིས་ཚར་བཅད་པ་སོགས་རྣམ་ཐར་དངོས་ལའང་མཉམ་བསྲེས་འཁྲུལ་གཞི་བྱུང་བ་འདུག་པ་ནི། སྐྱབས་རྗེ་རྫ་རོང་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེས་ (1924-2011) མཛད་པའི་བོད་ཡུལ་ལ་སྟོད་དིང་རི་གླང་སྐོར་གྱི་ནང་རྟེན་བྱིན་ཅན་ཁག་གི་ལོ་རྒྱུས་དད་པའི་ས་བོན་ལས[15]། ནང་རྟེན་གཉིས་པ་དིང་རྡོ་སྨུག་པོ་ཞེས་པ་འདི་ནི། ཕ་དམ་པ་སངས་རྒྱས་སྐྱེ་བ་དཔག་མེད་ཀྱི་སྔོན་རོལ་ཏུ་སངས་རྒྱས་རབ་སྦྱངས་རྒྱལ་པོ་ཞེས་པ་ལ་དད་པ་ཐོབ་པས། སངས་རྒྱས་དེས་ཀྱང་མ་འོངས་པར་སངས་རྒྱས་ཤཱཀྱ་ཐུབ་པའི་འཁོར་དུ་ལུང་བསྟན་ཏེ་སྐྱེ་བ་བཞེས་པའི་དུས་དེར། སངས་རྒྱས་ཤཱཀྱ་ཐུབ་པའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་མི་ཕམ་མགོན་པོ་ཞེས་བྱ་བར་གསོལ་ཏེ། བོད་མཐའ་འཁོབ་ཀྱི་སེམས་ཅན་འདུལ་བར་ལུང་བསྟན་པ་ལ། རྡོ་མཐིང་རིལ་ནག་པོའམ། དིང་རྡོ་སྨུག་པོར་གྲགས་པ་འདི་བྱ་རྒོད་ཕུང་པོའི་རི་ནས་སངས་རྒྱས་ཀྱིས་བོད་མཐའ་འཁོབ་གདུལ་བྱའི་གནས་དེར་བབས་པར་འགྱུར་རོ། །ཞེས་འཕང་བར་མཛད་པས་དེ་མ་ཐག་ཏུ་དིང་ཞེས་སྒྲ་གྲགས་སྐད་ཀྱིས་སངས་རྒྱས་ཀྱིས་ཀྱང་ཁྱོད་ཀྱིས་འགྲོ་དོན་སྐྱོང་བའི་གནས་དེར་དིང་རི་བྱའོ་གསུངས་པར་གྲགས་པའི་རྒྱུ་མཚན་གྱིས་ཡུལ་གྱི་མིང་ལ་དིང་རི་ཞེས་ཐོགས་པ་དང་། རྡོ་ལའང་དིང་རྡོ་སྨུག་པོ་ཞེས་གསོལ་བར་མཛད། འདི་ནི་ཕ་དམ་པ་སངས་རྒྱས་ཀྱི་ཐུགས་དམ་གྱི་རྟེན། མ་མཁའ་འགྲོ་རྒྱ་མཚོས་བྱིན་གྱིས་བརླབས་པའི་རྡོ་འདི་རྒྱ་གར་གྱི་ཡུལ་དུ་དམ་པ་སངས་རྒྱས་ཀྱིས་པཎྜི་ཏའི་སྐྱེ་བ་ལན་བདུན་བཞེས་ཏེ། དེ་དག་སོ་སོས་བོད་ཀྱི་ཡུལ་དུ་ལན་རེ་བྱོན་པ་ལས། དང་པོའི་སྐབས་སུ་བོད་རྩི་ཤིང་ནགས་ཚལ་གྱིས་གཏམས། གཉིས་པར་[16]ཤ་རྐྱང་སྤྲ་སྤྲེལ་སོགས་རི་དྭགས་ཀྱིས་གང་། གསུམ་པ་མི་མིན་འདྲེ་མིན་མ་སངས་ཀྱིས་དབང་། བཞི་པར་མི་གྲོང་ཅ་ལེ་བ་རྗེ་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་བྱོན། ལྔ་པར་ཇོ་ཤཱཀ་རྣམ་གཉིས་བྱོན། དྲུག་པར་དཔལ་གྱི་བསམ་ཡས་བཞེངས། བདུན་པར་སྟོན་རྩེན་རྣམས་གྲུབ་མཐའ་ལ་རྩོད་པའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རྩ་ར་སིང་ངའི་གླིང་དུ་པཎྜི་ཏ་ཀ་མ་ལ་ཤཱི་ལའི་སྐུའི་སྐྱེ་བ་བཞེས་ཏེ། སྔོན་སངས་རྒྱས་ཀྱིས་ལུང་བསྟན་པའི་རྡོ་འདི་འཚོལ་དུ་འཛམ་གླིང་གསུམ་གཉིས་ཞབས་ཀྱིས་བཅགས་ཏེ་ཕེབས་ཀྱང་མ་རྙེད།

(ལ་སྟོད་རྒྱལ་གྱི་ཤྲཱིའམ་རྩིབས་རིའི་ངོས་ཀྱི་ཐུབ་དབང་གི་ཞལ་དཀྱིལ་དང་བཅས་པའི་སྐུ་པར།)
མཐར་ལ་སྟོད་རྒྱལ་གྱི་ཤྲིའམ། རྩིབས་རི་ཞེས་པའི་གནས་རིར་ཞབས་སྐོར་ལན་བདུན་མཛད་དེ། རྩིབས་རི་མཐོ་བ་རྣམ་གསུམ་ཞེས་པའི་གནས་སུ་བཞུགས་དུས་མཁའ་འགྲོ་ཉི་ཟླའི་གཤོག་པ་ཅན་གྱིས་བུ་ཁྱོད་ལ་སངས་རྒྱས་ཀྱིས་གནང་བའི་རྡོ་བྱིན་རླབས་ཅན་དེ།
གཡས་རི་དར་དཀར་བརྐྱངས་པ་འདྲ། །གཡོན་རི་དར་སྨུག་འཁྱིལ་བ་འདྲ། །
རྒྱབ་རི་སེང་ཆེན་འགྱིངས་པ་འདྲ། །མདུན་རི་མཎྜལ་ཕུལ་བ་འདྲ། །
གཙང་ཆབ་སྔོན་མོ་ཡོན་ཆབ་ཕུལ་འདྲའི་གནས་ཀྱི་མདུན་ན་འདུག་ཅེས་ལུང་བསྟན་པ་དང་། དམ་པའི་གཟིགས་སྣང་ལ་གླང་སྐོར་གྱི་རི་དེ་ཡིན་པར་དགོངས་ནས་གླང་སྐོར་དུ་ཕེབས། ཞེས་སོགས་གསལ་བ་ལྟར་ན་ཕ་དམ་པ་སངས་རྒྱས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གང་ཟག་གཅིག་ཡིན་པར་བཞེད་ཀྱང་། ཕ་དམ་པ་སངས་རྒྱས་པཎྜི་ཏའི་སྐྱེ་བ་ལན་བདུན་བཞེས་ཤིང་། སྐྱེ་བ་རེ་རེས་བོད་དུ་ཐེངས་རེ་བྱོན་པ་དང་། པཎྜི་ཏའི་སྐྱེ་བ་བདུན་པ་དེ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་པར་གསུངས་པས། ཕ་དམ་པ་སངས་རྒྱས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་སྐུ་སྐྱེ་སྔ་ཕྱི་ཡིན་པར་གསུངས་པས། དུས་མཉམ་མ་ཡིན་པར་གྲུབ་པས་གཞན་དང་གསུང་སྲོལ་ཐུན་མོང་མ་ཡིན་པ་ཞིག་གོ།
དེ་ཡང་ཁམས་སྨྱོན་དྷརྨ་སེངྒེས་ (དུས་རབས་19པ།) མཛད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དངོས་གྲུབ་འོད་སྟོང་འབར་བའི་ཉི་མ་ལས[17]། དེ་ཡང་ཁྱད་པར་དུ་པཎྜི་ཏ་ཆེན་པོ་བདུན་དུ་རིམ་བཞིན་སྐྱེ་བ་བཞེས་པའི་ཚུལ་ནི། དང་པོ་ཡུལ་བྷེ་ཏ་ཞེས་པའི་གྲོང་ཁྱེར་དུ་འཁྲུངས་ཤིང་མཚན་པཎྜི་ཏ་ནམ་མཁའ་བཟང་པོ་ཞེས་གྲགས། གཉིས་པ་ནི་ཡུལ་ཟངས་གླིང་དུ་སྐུ་འཁྲུངས། མཚན་སའི་སྙིང་པོར་གྲགས། གསུམ་པ་ནི་ཡུལ་ཨུ་རྒྱན་བྷེ་ཏ། མཚན་འོད་ཀྱི་སྙིང་པོ། བཞི་པ་ནི་ཡུལ་ཁ་ཆེ། མཚན་ཨཱརྱ་རྫུ་འཕྲུལ་ཅན། ལྔ་པ་ནི་ལྷོ་བསིལ་བའི་ཚལ་དང་ཉེ་བའི་གྲོང་ཁྱེར། མཚན་འགྲོ་བ་འཛིན་པ། དྲུག་པ་ནི་ཡུལ་གྲོང་ཁྱེར་བབ་ཏི་ལ། མཚན་ནོར་བུ་བཟང་པོ། བདུན་པ་ནི་རྗེ་བཙུན་དམ་པ་རིན་པོ་ཆེ་རྣམ་པར་རྒྱས་པ་འོག་ཏུ་འཆད་དོ། །ཞེས་སྐྱེ་བ་བདུན་པ་དེ་ཉིད་དམ་པ་རྒྱ་གར་བ་ཡིན་པར་གསུངས་ལ། ཡང་དེ་ཉིད་ལས[18]། འཇམ་པའི་དབྱངས་ཀྱིས་ཀྱང་། རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ། གྲུབ་པ་རྣམས་ཀྱི་རྗེས་སུ་ཞུགས་ཤིག །ཁྱོད་ཀྱི་མིང་ཡང་ཀ་མ་ལ་ཤཱི་ལ་བྱ་བ་ཡིན་ནོ་ཞེས་ལུང་བསྟན་པ་བཞིན། བྷྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་དགེ་འདུན་ཕལ་ཆེན་སྡེ་པའི་མཁན་པོ་དགེ་བའི་ལྷའམ། དྷརྨཱ་ཤཱི་ལ་དང་སློབ་དཔོན་པཎྜི་ཏ་ཀ་མ་ལ་རཀྵི་ཏ་གཉིས་ལས་རབ་ཏུ་བྱུང་སྟེ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་འཇམ་པའི་དབྱངས་ཀྱིས་གནང་བ་ལྟར་ཀ་མ་ལ་ཤཱི་ལ་གསོལ་ལོ། །ཞེས་ཕ་དམ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཀ་མ་ལ་ཤཱི་ལ་ཞེས་ཕ་དམ་པ་ལུང་བསྟན་པ་ལྟར་རབ་བྱུང་གི་མཚན་ལ་དེ་ཉིད་སོར་བཞག་མཛད་ཅིང་། སློབ་དཔོན་གྱི་མཚན་གྱི་ཆ་ཤས་སློབ་མར་གནང་སྲོལ་ཡོད་པའི་ཁྱད་ཆོས་ཀྱང་ལྡན་པ་བཅས་ཀ་མ་ལ་ཤཱི་ལ་ཞེས་པ་ཕ་དམ་པའི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་བ་ལས། དེ་ཉིད་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་ནང་ཚན་སློབ་དཔོན་པདྨའི་ངང་ཚུལ་ཏེ། ཞི་འཚོའོ་དངོས་སློབ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་པ་དང་། སྐྱེ་བ་སྔ་ཕྱིའི་འབྲེལ་བ་ཡོད་པ་མི་གསལ། རབ་ཏུ་བྱུང་གི་མཁན་སློབ་ཀྱི་མཚན་གཅིག་མཚུངས་གསལ་བས་འཁྲུལ་གཞི་ཆེའོ།།
འོན་ཀྱང་ཁམས་སྨྱོན་དྷརྨ་སེངྒེས་ (དུས་རབས་19པ།) མཛད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་དམ་པ་སངས་རྒྱས་ཀྱི་རྣམ་པར་ཐར་པ་དངོས་གྲུབ་འོད་སྟོང་འབར་བའི་ཉི་མ་ལས[19]། དམ་པ་ཐོག་མར་བོད་དུ་བྱོན་ཚུལ་འདི་ལ་རྣམ་ཐར་ཁ་ཅིག་ན་སློབ་དཔོན་པདྨ་དང་བསྡོངས་ནས་བྱོན་ཏེ་བསམ་ཡས་སུ་སློབ་དཔོན་གྱིས་བོད་ཀྱི་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་ལས་ཀྱི་རྡོ་རྗེ་ཡང་མཛད་ཅེས་བྱུང་། རྣམ་ཐར་ལ་ལར་མཁན་པོ་བོ་དྷི་ས་ཏྭ་སྐུ་འདའ་ཁར་བོད་འདིར་ཕྱིས་སུ་གྲུབ་མཐའ་ངན་པ་དར་བའི་དུས་ཤིག་འབྱུང་བ་དེའི་ཚེ་ངའི་སློབ་མ་པཎྜི་ཏ་ཀ་མ་ལ་ཤཱི་ལ་གདན་དྲོངས་ཞེས་ལུང་བསྟན་པ་བཞིན་རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་ནས་ལུས་ངག་གི་ཆོས་སྤྱོད་སོགས་འདུས་བྱས་ཀྱི་དགེ་བ་འགོག་པའི་གྲུབ་མཐའ་ངན་པ་དར་ཚེ། དེའི་གཉེན་པོར་རྒྱ་གར་ནས་ཀ་མ་ལ་ཤཱི་ལ་སྤྱན་དྲངས་པས་སྒོམ་རིམ་གསུམ་སོགས་མཛད་ནས་རྩོད་པའི་སྒོ་ནས་གྲུབ་མཐའ་ངན་པའི་རྒོལ་བ་ཚར་བཅད་དེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་ནས་གདུལ་བྱ་འགའ་ཞིག་གི་མོས་ངོར་མྱ་ངན་ལས་འདས་པའི་ཚུལ་ཡང་བསྟན་ཞིང་། དོན་ངེས་པར་སླར་རྒྱ་གར་དུ་བྱོན་པ་ལས་ཕྱིས་བོད་དུ་བྱེད་ཚེ་དམ་པ་རྒྱ་གར་དུ་མཚན་འགྱུར་བ་ཡིན་ཞེས་བཤད་པའང་སྣང་ལ། འདི་ནི་དམ་པའི་གསུང་སྒྲོས་ཀྱི་དབང་གང་ལས་མཐོང་ཐོས་མེད་མོད། སྤྱིར་དམ་པ་རིན་པོ་ཆེའི་མཚན་ལ་ཀ་མ་ལ་ཤྲཱི་དང་ཀ་མ་ལ་ཤཱི་ལ་ཞེས་པ་གཉིས་ཀ་རྒྱ་གར་ན་ཡང་ཟེར་བ་ཞི་བྱེད་ཀྱི་ཡིག་རྙིང་དག་ལས་མཐོང་ལ། བླ་མ་རྡོ་རྗེ་གདན་པའི་ཚོགས་འཁོར་སྐབས་གྲུབ་ཆེན་བརྒྱད་ཅུའི་ཞལ་གཟིགས་པར་བསྟོད་པ་ཤོ་ལོ་ཀ་རེ་རེ་མཛད་པའི་ནང་ན།
སྒྲ་ཚད་ལུང་རིགས་མན་ངག་མཁས། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །
ཀ་མ་ལཱ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པའི་ཚིག་གི་སྒྲ་ལས་དཔག་ན་མངོན་གསལ་ཆེ་བར་འདུག་ལ། ཀརྨ་པའི་གསུང་ལས་ཀྱང་དམ་པའི་མཚན་ལ་རྒྱ་གར་ན་ཀ་མ་ལ་ཤཱི་ལ་ཟེར་ཞེས་པ་ཡང་སྣང་ངོ༌། །ཞེས་གསལ་བ་ལྟར། བོད་དུ་བྱོན་པའི་དུས་དང་། རྩོད་པའི་མཛད་པ། ལེགས་ཤད་ཀྱི་གསུང་རྩོམ་གང་ལ་གཞིགས་ཀྱང་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་པ་ཤིན་ཏུ་གསལ་བར་བྱུང་།
དེ་ལྟར་ཆོས་འབྱུང་དང་རྣམ་ཐར་ཕལ་མོ་ཆེའི་ནང་ཕ་དམ་པ་སངས་རྒྱས་ནི། རྒྱ་གར་ལྷོ་ཕྱོགས་ཙ་ར་སིང་ང་ཞེས་བྱ་བར་སྐུ་འཁྲུངས། ཝི་ཀྲ་མ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་པ་ལས་སེམས་བསྐྱེད། མཁན་པོ་དགེ་བའི་ལྷ་དང་། ཀ་མ་ལ་རཀྵི་ཏ། བྲམ་ཟེ་ཨཱརྱ་དེ་བ་སོགས་ལ་བརྟེན་ནས་རིག་པའི་གནས་ལྔ་ལ་མཁས་པར་སྦྱངས། ནཱ་རོ་དང་མཻ་ཏྲི་ལ་སོགས་པའི་བླ་མ་ལྔ་བཅུ་རྩ་བཞི་བསྟེན་པ་སོགས་གསུང་ཚུལ་མཐུན་པར་སྣང་ཡང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རོང་སྟོན་རྣམ་ཐར་དུ། རྗེ་བཙུན་དམ་པ་རྒྱ་གར་གྱིས་འཛམ་བུའི་གླིང་འདིར་མིའི་སྐྱེ་བ་བདུན་བར་མ་ཆད་པར་བཞེས་པའི་ཐ་མ་བྲམ་ཟེའི་རིགས་ཤིག་ཏུ་འཁྲུངས་ཏེ། དེའི་མིང་ལ་སྨྲ་བའི་སེང་གེ་དང་། མི་ཕམ་མགོན་པོ་དང་། ལས་ཀྱི་རྡོ་རྗེ་ཞེས་བྱ་བ་གསུམ་བཏགས་པ་སོགས་དང་། ཡང་ཕ་དམ་པས་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྐུ་ལུས་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བར་གྲོང་འཇུག་མཛད་པ་སོགས་གསུང་ཚུལ་གཞན་དང་མི་མཐུན་པ་འདི་དག་ལ་ངེས་པ་ཐོབ་དཀའ་བར་མ་ཟད། དོན་འདི་ལ། ཀུན་མཁྱེན་པད་དཀར་གྱིས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[20]། འདི་ལ་གཞན་གྱིས་དགུང་ལོ་མང་པོ་བར་བྱས་པ་དང་། ཀ་མ་ལ་ཤཱི་ལས་གྲོང་འཇུག་བྱས་པར་བཤད་པ་རྣམས་ལ་གཏམ་ཚད་མ་གནོད་བྱེད་དུ་སྣང་ངོ་། །ཞེས་གསུངས་སོ།།
ཡང་ཀ་མ་ལ་ཤཱི་ལ་རྒྱ་ནག་ནས་ཡིན་པར་གསལ་བ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[21]། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ཁ་ཆེའི་སློབ་དཔོན་བཱི་མ་ལ་མི་ཏྲ་དང་། ཟ་ཧོར་གྱི་མཁན་པོ་བོདྷི་སཏྭ་དང་། རྒྱ་ནག་གི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། སིངྒ་ལའི་སློབ་དཔོན་དྷ་ན་ཤཱི་ལ་ལ་སོགས་ཏེ། མཁས་པའི་སློབ་དཔོན་ཆེན་པོ་རྣམ་པ་ལྔ། ཞེས་སོགས་དང་། ཡང་དེ་ཉིད་ལས[22]། རྒྱའི་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྨ་རིན་ཆེན་མཆོག་གིས་སྤང་ཀོང་ཕྱག་སྟོང་པ་ལ་སོགས་པ་མདོ་སྡེ་རྒྱ་ནག་ལུགས་མང་པོ་བསྒྱུར་རོ། །ཞེས་གསལ་བས་རྒྱ་ནག་གི་སློབ་དཔོན་ཀ་མ་ལ་ཤཱི་ལ་ཞེས་པ་དེ་དང་ཡོངས་གྲགས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་གང་ཟག་རྒྱུད་གཅིག་པར་བཞེད་མིན་གྱི་དཔྱད་གཞི་ཆེན་པོ་ཞིག་དང་། མདོ་སྡེ་སྤང་ཀོང་ཕྱག་སྟོང་པ་ཞེས་པ་དེ་ད་ལྟ་མཐོང་ཆོས་སུ་ཡོད་པའི་བཀའ་བསྟན་ནང་མི་སྣང་བས་དཔྱད་པའི་གཞི་ཁོ་ནའོ།།
དེ་བཞིན་མངའ་བདག་ཉང་རལ་པ་ཅན་ (1124-1192) གྱིས་གཏེར་ནས་གདན་དྲངས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས[23]། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ སིངྒ་ལའི་ཡུལ་ནས་སློབ་དཔོན་དཱ་ན་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ རྒྱ་ནག་གི་ཡུལ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་བྱ་བ་མཁས་པ་ཆེན་པོ་བཞུགས་པ་ཡང་སྤྱན་དྲངས༔ ཟ་ཧོར་གྱི་སློབ་དཔོན་བོདྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་ལ་མི་ཏྲ་དངཿ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་ཏེ་མཁས་གྲུབ་ཆེན་པོ་ལྔ༔ ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་ནག་གི་མཁས་པ་ཡིན་པ་དང་། རྒྱ་ནག་ནས་གདན་དྲངས་པ་ལྟ་བུར་གསུངས་ལ། ཡང་བཀའ་ཐང་ཟངས་གླིང་མ་ལས[24]། ཨེ་མ་ཧོ༔ ཨུ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང༔ ཟ་ཧོར་སློབ་དཔོན་བོ་དྷི་སཏྭ་དང༔ ཁ་ཆེའི་སློབ་དཔོན་བི་མ་མི་ཏྲ་དང༔ སིངྒའི་སློབ་དཔོན་དཱ་ན་ཤཱི་ལ་དང༔ རྒྱ་ནག་སློབ་དཔོན་ཀ་མ་ཤཱི་ལ་དང༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་སོགས༔ དབུ་ཡི་མཆོད་གནས་མཁས་གྲུབ་ལོ་པཎ་རྣམས༔ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བས༔ རྒྱ་གར་ཨུ་རྒྱན་ཡུལ་གྱི་དམ་པའི་ཆོས༔ བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས༔ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་བར་ཞུ༔ དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ དམ་པའི་ཆོས་ཀྱི་སྒྲོན་མེ་སྤར་དུ་གསོལ༔ དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ༔ དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ༔ དམ་པའི་ཆོས་ཀྱི་གཎྜི་བརྡུང་དུ་གསོལ༔ ཞེས་ཞུས་སོ༔
དེ་ནས་ལོ་པཎ་རྣམས་ཨཱརྱ་པ་ལོའི་གླིང་དུ་སྤྱན་དྲངས་ནས༔ བྱང་ཆུབ་གླིང་དུ་སེམས་བསྐྱེད༔ ཁྲུས་ཁང་གླིང་དུ་ཁྲུས་བྱས༔ བྱམས་པ་གླིང་དུ་ལུང་བསྟན༔ བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས༔ སྒྲ་སྒྱུར་གླིང་དུ་སྒྲ་བསྒྱུར༔ སྣ་ཚོགས་གླིང་དུ་ཐེག་པ་བཤད་དེ༔ དགུང་ལོ་བཅུ་གསུམ་བར་དུ་ཆོས་གྲྭ་བཙུགས༔ རྒྱ་གར་སྐད་དང༔ ཟ་ཧོར་སྐད་དང༔ ཁ་ཆེའི་སྐད་དང༔ སིངྒ་ལའི་སྐད་དང༔ རྒྱ་ནག་གི་སྐད་རྣམས་ལས་བོད་སྐད་དུ་བསྒྱུར་ནས་བཤད་དོ༔ དེ་ཡང་སློབ་དཔོན་ཛྙཱ་ན་མི་ཏྲ་དང༔ དཱ་ན་ཤཱི་ལ་དང༔ ཀ་མ་ལ་ཤཱི་ལ་དང༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ སྣ་ནམ་ཡེ་ཤེས་སྡེ་དང་གསུམ་གྱིས་ལོ་ཙཱ་བྱས་ནས་མདོ་སྡེ་རྣམས་བསྒྱུར་ཏེ༔ དཀོན་མཆོག་བརྩེགས་པ༔ སངས་རྒྱས་ཕལ་པོ་ཆེ༔ བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་རྣམ་གསུམ་བསྒྱུར་རོ༔ བོ་དྷི་སཏྭ་དང༔ ལོ་ཙཱ་བ་མཆན་བུ་རྣམས་དང༔ ལྡན་མ་རྩེ་མང་རྣམས་ཀྱིས༔ འདུལ་བ་མདོ་སྡེ་མངོན་པ་གསུམ་གྱི་གཞུང་རྣམས་ཐམས་ཅད་བསྒྱུར་རོ༔ སློབ་དཔོན་ཀ་མ་ལ་ཤཱི་ལ་དང་རྨ་རིན་ཆེན་མཆོག་གཉིས་ཀྱིས་སྤང་སྐོང་ཕྱག་བརྒྱ་པ་ལ་སོགས་ཏེ༔ མདོ་སྡེ་རྒྱ་ནག་གི་འགྱུར་མང་པོ་བསྒྱུར་རོ༔ ཞེས་ཀ་མ་ལ་ཤཱི་ལ་རྒྱ་ནག་ནས་གདན་དྲངས་པར་གསུངས་པས་དཔྱད་དགོས་པར་སྣང་ལ། དུང་དཀར་རིན་པོ་ཆེས་དོགས་སློང་མཛད་པ་ཡང་འདི་ལ་དགོངས་པ་འདྲ་ཞིང་། ཀ་མ་ལ་ཤཱི་ལ་རྒྱ་ནག་ཏུ་བྱོན་པའམ་རྒྱ་ནག་ནས་གདན་དྲངས་པ་དང་། ཕ་དམ་པ་སངས་རྒྱས་རྒྱ་ནག་ནས་བོད་དུ་བྱོན་པ། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པའི་རྣམ་ཐར་བར་འཁྲུལ་གཞི་ཆེན་པོ་ཞིག་བྱུང་བའི་སྐོར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་སྐབས་བཀོད་པ་ལ་གཟིགས་པར་འཚལ་ལོ།།
ཡང་ཕ་དམ་པ་རྒྱ་གར་བ་བོད་དུ་བྱོན་པའི་སྐོར་གྱི་ཐོག་མའི་ལོ་ཚིགས་ལ་དཔྱད་པ་གསལ་བར་བྱུང་ན། ཕ་དམ་པ་དུས་རབས་གང་གི་ནང་དུ་བོད་དུ་ཕེབས་པའི་ངེས་པ་འདྲེན་ནུས་ལ། གྲོང་འཇུག་མཛད་པའི་སྐོར་འདི་ནི་གནས་སྐབས་གང་གི་ཆ་ནས་ཀྱང་མི་རན་པ་ཞིག་ཏུ་སྣང་། དེར་མ་ཟད་རྒྱལ་རབས་ཆོས་འབྱུང་ཀུན་ལ་སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་དུ་ཕེབས་པའི་ལོ་རྒྱུས་གང་ནས་ཀྱང་མ་གསུངས་ལ། དེ་ལས་ལྡོག་སྟེ་སློབ་དཔོན་གྱིས་རྒྱའི་ཧྭ་ཤང་ཕམ་པར་མཛད་པའི་སྡང་ཟུག་གིས་རྒྱའི་བཤན་པ་མི་བཞིས་སྒྲ་སྒྱུར་གླིང་དུ་དགོང་མོ་གཟིམས་མལ་དུ་བཀྲོངས་པར་གསུངས་སོ།།[25]
ཕ་དམ་པ་སངས་རྒྱས་བོད་དུ་ཐེངས་ལྔ་ཕེབས་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[26]། དམ་པ་སངས་རྒྱས་བོད་དུ་ལན་ལྔ་བྱོན་པའི་ལན་ལྔ་པ་དིང་རིར་གདན་ཕབ་ནས་འགྲོ་དོན་མཛད་ཅེས་པའི་དུས་སྐབས་ཀྱང་། ག་ཡ་བོད་དུ་བྱོན་པའི་སྐབས་འདི་ཙམ་ཡིན་པར་མངོན། ཞེས་དང་། དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[27]། དེ་ལ་བོད་དུ་གཞན་དོན་ཇི་ལྟར་མཛད་པ་ནི། སྤྱིར་བོད་དུ་ལན་ལྔར་བྱོན་པ་ལ། དང་པོ་ནི། འབྲིན་ཐང་ལས་སྒོ་ནས་ཙཱ་རིར་བྱོན་ནས་རེ་མ་ཏི་ལ་རྐང་མགྱོགས་ཀྱི་དངོས་གྲུབ་ཞུས་ཏེ། སྐོང་ཡུལ་དང་སུམ་ཡུལ་གྱི་བར་བཅད་དེ་སྨད་ཁམས་གསུམ་ཞབས་ཀྱིས་ཐེར་མེད་དུ་བཅགས། དེ་དུས་ཉིད་ན་ཆོས་སྦྱིན་པའི་སྣོད་མེད་ཀྱང་ཕྱིས་དེ་རྣམས་སུ་བསྟན་པ་དར་བར་འགྱུར་བར་ལུང་བསྟན། གཉིས་པ་ནི། ཁ་ཆེ་ནས་འཐོན་ཏེ་མངའ་རིས་སུ་བྱོན་ནས་ཞང་ཞུང་གླིང་ཁ་བ་དང་བོན་པོ་ཁྲ་ཚང་འབྲུག་བླ་ལ་གདམས་པ་འགའ་རེ་གནང་། གསུམ་པ་ནི། བལ་པོ་ནས་ཚོང་པ་དང་འགྲོགས་ཏེ་བྱོན་པ་ན་ཡར་ཀླུངས་ཀྱི་རྨང་ར་སེར་པོ་དང་མཇལ་ཏེ་དེ་དང་འགྲོགས་ནས་གཙང་དུ་སྐྱོ་བསོད་ནམས་བླ་མ་དང་། རྨང་ར་སེར་པོ་ལ་གཅོད་ཀྱི་གདམས་ངག་མང་དུ་གནང་ངོ་། །བཞི་པ་ནི། ཤ་འུག་སྟག་སྒོ་ལ་བྱོན་ཏེ་གཉའ་དུ་བཞུགས་ཏེ། ཡུམ་གྱི་སྒྲིབ་པ་སྦྱངས་ནས་ཕྱིས་དབུས་ཀྱི་ཕྱོགས་སུ་ཕེབས་ནས་རྨ་སོ་ལ་སོགས་པའི་དོན་མཛད་པའོ། །ལྔ་པ་ནི། དེ་ནས་རྒྱ་ནག་ཏུ་བྱོན་ནས་དེར་ལོ་བཅུ་གཉིས་བཞུགས་ནས་སླད་ཀྱིས་དིང་རིར་ཕེབས་པའོ། །ཞེས་གསུངས་སོ།།
དམ་པ་རྒྱ་གར་བ་ཐོག་མར་བོད་དུ་བྱོན་ཚུལ་འདི་ལ་རྣམ་ཐར་ཁ་ཅིག་ན་སློབ་དཔོན་པདྨ་དང་ལྷན་དུ་བྱོན་ཏེ་བསམ་ཡས་སུ་སློབ་དཔོན་གྱིས་བོད་ཀྱི་རྗེ་འབངས་རྣམས་ལ་དབང་བསྐུར་བའི་ཚེ་ལས་ཀྱི་རྡོ་རྗེ་ཡང་མཛད་ཅེས་བྱུང་། སྦ་བཞེད་ལ་སོགས་པའི་ལོ་རྒྱུས་ཕལ་ཆེ་བས་མཁན་པོ་བོ་དྷི་སཏྭ་སྐུ་འདའ་ཁར་བོད་འདིར་ཕྱིས་ནང་པ་ནང་ཕན་ཚུན་མི་མཐུན་པར་རྩོད་པའི་དུས་ཤིག་འབྱུང་བ་དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་གདན་དྲོངས་ཤིག་ཅེས་ཞལ་ཆེམས་གནང་བ་བཞིན་རྒྱ་གར་ནས་ཀ་མ་ལ་ཤཱི་ལ་སྤྱན་དྲངས། ཧྭ་ཤང་དང་བརྩད་པའི་རྗེས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་དེ་ཕྱིས་བོད་དུ་མྱ་ངན་ལས་འདས་པར་བཞེད། འོན་ཀྱང་དབའ་བཞེད་ནང་འདིའི་སྐོར་གསལ་ཁ་གང་ཡང་མི་སྣང་། འོན་ཀྱང་ཀརྨ་པས་དམ་པའི་མཚན་ལ་རྒྱ་གར་ན་ཀ་མ་ལ་ཤཱི་ཟེར་ཞེས་པ་ཡང་སྣང་ངོ་ཞེས་གསུངས།[28]
གལ་ཏེ་ཕ་དམ་པ་སངས་རྒྱས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་ཐུགས་རྒྱུད་ཐ་དད་ཡིན་པའི་དབང་དུ་བྱས་ནས་ཞི་བྱེད་སྒྲོལ་མ་དགུ་སྐོར་མཛད་པ་པོ་དང་། བོད་དུ་ལན་ལྔ་བྱོན་པ་པོ་དེ་ཕ་དམ་པའི་སྐུ་ལུས་ལ་གྲོང་འཇུག་མཛད་པའི་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་པར་འདོད་ན། ཕ་དམ་པ་སངས་རྒྱས་ཀྱིས་ཞི་བྱེད་སྒྲོལ་མ་སྐོར་དགུ་མ་མཛད་པ་དང་། བོད་ལ་ལན་ལྔ་མ་བྱོན་པར་འགྱུར་ལ། དེ་ལྟར་ན། ཆོས་འབྱུང་རྣམ་ཐར་ཕལ་ཆེ་བའི་གསུང་ཚུལ་དང་ཡང་འགལ་བར་འགྱུར་ལ། གལ་ཏེ་གྲོང་འཇུག་གང་དུ་མཛད་སའི་སྐུ་ལུས་དེ་ཕ་དམ་པ་སངས་རྒྱས་ཀྱི་ཡིན་པས་སྐུ་ལུས་ཙམ་གྱིས་ཕ་དམ་པ་སངས་རྒྱས་གྱི་གོ་ཆོད་དོ་སྙམ་ན་ནི་ཧ་ཅང་ཐལ་བར་འགྱུར་བས་དཔྱད་དགོས་པར་སྣང་ངོ་།།
དེ་ལྟར་ཕ་དམ་པ་སངས་རྒྱས་ཀྱི་འཁྲུངས་འདས་དང་། མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་ནས་ཐུགས་རྒྱུད་ལ་ཉམས་རྟོགས་འཁྲུངས་ཚུལ། འཕགས་བོད་ཀྱི་ཡུལ་དུ་འགྲོ་དོན་མཛད་ཚུལ། ཕ་དམ་པ་སངས་རྒྱས་ཀྱིས་རྒྱ་ནག་ཏུ་ཧྭ་ཤང་མཧཱ་ཡ་ན་རྩོད་པས་ཚར་བཅད་ཅིང་། རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཚུལ། སློབ་དཔོན་པདྨ་འབྱུང་གནས་དང་བསྡོངས་ནས་བསམ་ཡས་དགོན་པ་བཞེངས་པ་དང་། རྗེ་བཙུན་མི་ལ་རས་པ་མཇལ་ནས་ཞལ་ཏ་གནང་བ། སློབ་མ་གྲགས་ཅན་མང་པོ་བསྐྱངས་ཚུལ། བོད་དུ་བསྟན་པ་སྤེལ་ཕྱིར་ལན་དུ་མར་ཕེབས་ནས་དཔོན་སློབ་རྣམ་གཉིས་ནས་འགྲོ་དོན་མང་དུ་མཛད་ཚུལ་སོགས་ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར་ལ་གཞིགས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྣམ་ཐར་དང་འབྲེལ་བ་མང་དུ་ཡོད་པ་གསལ་བར་རྟོགས་ཐུབ།
མདོར་ན། ཕ་དམ་པ་སངས་རྒྱས་ཀྱི་མཚན་ལ་ཀ་མ་ལ་ཤཱི་ལ་དང་། ཀ་མ་ལ་ཤཱི་ཞེས་བྱུང་བ་དང་། དེ་བཞིན་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཞིང་ལ་གཤེགས་ནས་སྐྱེ་བ་རྒྱ་གར་དུ་བཞེས་པ་ཕ་དམ་པ་སངས་རྒྱས་ཡིན་པར་གསུངས་པ་དང་། ཡང་འདི་[29]རྒྱ་གར་དུ་པཎྜི་ཏ་ཀ་མ་ལ་ཤཱི་ལ་རུ་གྲགས། བོད་དུ་དམ་པ་རྒྱ་གར་ཟེར། ཞེས་སོགས་དང་། ཡང་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་ནས་རྒྱ་གར་ལ་ཕྱིར་ཕེབས་མཛད་སྐབས་ཕ་དམ་པ་སངས་རྒྱས་ཀྱི་སྐུ་ལུས་ལ་གྲོང་འཇུག་མཛད་དགོས་བྱུང་བ་སོགས་གསུང་ཚུལ་འདྲ་མིན་སྣ་ཚོགས་པ་འདི་དག་ལ་གཞིགས་ན། གཞི་རྩ་ཅན་གྱི་འབྲེལ་བ་ཞིག་ཡོད་པ་གདོན་མི་ཟ་བ་ཡིན་མོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་མཐའ་གཅིག་ཏུ་འདི་འཐད་དང་འདི་མི་འཐད་ཅེས་བརྗོད་དཀའ་བས། ཁ་ཚོན་གཅོད་མ་སྔ་བར་དཔྱད་གཞིར་བཀོད་པ་འདི་དག་ལ་རྣམ་དཔྱོད་ཀྱི་རྩལ་གཞན་ལས་ཁྱད་ཞུགས་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] ཀུན་མཁྱེན་བཀའ་བུམ། ༼ཙཝ༽ ཤིང་པར་དཔེ་གཟུགས། ཤོག་གྲངས་ ༣ན༣
[2] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༧༨
[3] ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢
[4] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༤༠༩
[5] རོང་སྟོན་གྱི་གསང་རྣམ། ལྡི་ལི། དེབ་གཟུགས། བོད་མ། ཤོག་གྲངས་ ༣༥༥
[6] བསྟན་འགྱུར་ཁྲོད་དུ་བཞུགས་པའི་སློབ་དཔོན་མི་ཕམ་མགོན་པོའི་གསུང་། ཀ༽ བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ཀྱི་སྐོར་ལ། ༼༥༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ། སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་རང་འགྱུར་དང་། ཁ༽ རྒྱུད་མུ་པ་ལ། ༼༧༽ དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས། སློབ་དཔོན་ནཻ་རི་ཏི་པས་མཛད་པ། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར་གཉིས་བཞུགས་སོ།།
[7] བསྟན་འགྱུར་ཁྲོད་དུ་བཞུགས་པའི་རྒྱུད་ཛི་པ་ལ། ཀ༽ ༼༢༠༽ གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང༌། བྱ་ཁྱུང་གི་སྒྲུབ་ཐབས་ནང་སྒྲུབ་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཕྱག་ན་རྡོ་རྗེ་མངོན་སུམ་དུ་ཞལ་གཟིགས་པ་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ། རྒྱ་གར་མཁན་པོ་ཝ་ལ་ཙནྡྲ་དང༌། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར་དང་། ཁ༽ རྒྱུད་ཛི་པ་ལ། ཁ༽ ༼༢༡༽ དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ་གསང་བ་ཐུགས་ཀྱི་ཕུར་གཅིག་མ། པཎྜི་ཏ་ལས་ཀྱི་རྡོ་རྗེས་མཛད་པ། པཎྜི་ཏ་ཝ་ལ་ཙནྡྲ་དང༌། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱི་འགྱུར་བཅས་ལྔ་བཞུགས་པ་རྣམས་གྲུབ་ཆེན་དམ་པ་རྒྱ་གར་གྱི་གསུང་ཡིན་མིན་ཡང་དཔྱད་དགོས་པར་སྣང་ངོ་།།
[8] ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ་གཉིས་ཡོངས་གྲགས་སུ་གཙུག་ལག་ཁང་མི་འདྲ་བ་གཉིས་ཡིན་ཅིང་། ས་གནས་དང་དུས་ཀྱི་འགྱངས་བར་ཆེན་པོ་ཡོད་པ་དངོས་མཐོང་ཡང་། འདིར་གཅིག་ཏུ་མཛད་འདུག་པ་མཁས་པ་ཐུགས་མ་གཏད་པའི་གསུང་ཡིན་སྲིད། གཞན་དུ་ན་དཔྱད་བཟོད་དཀའོ༎
[9] ཀུན་མཁྱེན་ཆོས་འབྱུང་། ཕ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༢༢༩
[10] རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༥༣༤
[11] ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦༢
[12] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༠
[13] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༡
[14] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༩
[15] སྤོ་རོང་གི་བྱུང་བ་བརྗོད་པ་དྭངས་གསལ་མེ་ལོང་། སྤོ་རོང་ཟླ་བ་དར་རྒྱས། ༼༡༽ ཨ་མྱེས་རྨ་ཆེན། ༢༠༠༩ ལོ། ཤོག་ ༤༡
[16] དམ་པ་རང་ཉིད་ལན་བདུན་བྱོན་པའི་དང་པོ་དང་གཉིས་པ་ཞེས་སྦྱར་བ་ནི་དུས་དང་བསྟུན་ན་ཤིན་ཏུ་མི་འགྲིགས་པས་དེ་ནི་བཅོས་མ་མཁན་ཞིག་གིས་རང་བཟོར་ཤེས་སོ། །ཞེས་ཕ་དམ་པའི་རྣམ་ཐར། ཤོག་ ༨ ཐོག་གསལ་ལོ།།
[17] ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༦
[18] ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༡༩
[19] ཕ་དམ་པ་སངས་རྒྱས་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༥
[20] འབྲུག་པའི་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༢༧
[21] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༠༣
[22] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༠༦
[23] གཏེར་མཛོད་རྣམ་ཐར་ཟངས་གླིང་མ། ༼༡༽ ཉང་གི་བཀའ་ཐང་། དཔེ་གཟུགས། ཤོག་གྲངས་ ༥༢བ༡
[24] གཏེར་མཛོད་རྣམ་ཐར་ཟངས་གླིང་མ། ༼༡༽ ཉང་གི་བཀའ་ཐང་། དཔེ་གཟུགས། ཤོག་གྲངས་ ༥༣བ༥
[25] སྦ་བཞེད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་ ༧༧ དབའ་བཞེད་ནང་འདིའི་སྐོར་མི་གསལ་ལོ།།
[26] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༩༤
[27] དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༤ ལོ། ཤོག་གྲངས་ ༡༠༡༩
[28] ཕ་དམ་པ་སངས་རྒྱས་དང་མ་ཅིག་ལམ་སྒྲོན་གྱི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༣༥
[29] གཅོད་ཡུལ་ཉོན་མོངས་ཞི་བྱེད་ཀྱི་བཀའ་གཏེར་བླ་མ་རྒྱུད་པའི་རྣམ་ཐར། ༡༩ ལྡི་ལི། དེབ་གཟུགས།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༣ ནས་ ༣༨༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།