ན༽ ཤཱཀྱ་འོད་ཀྱིས་བསྒྱུར་ཞུས་གཏན་འབེབས་མཛད་པ།
དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]།
མང་ཐོས་ཚུལ་ལྡན་རྒྱ་མཚོར་གནས་བཅས་ཤིང་། །
བག་ཡོད་བསླབ་གསུམ་གདེངས་ཀ་རབ་ཏུ་བརྗིད། །
རྣམ་གྲོལ་ནོར་བུའི་ཏོག་གིས་མངོན་མཛེས་པ། །
ཀླུ་དབང་ཤཱཀྱ་འོད་ལ་གསོལ་བ་འདེབས། །
ཞེས་བསྟོད་ཕྱག་མཛད་ཡུལ་འདུལ་འཛིན་སློབ་དཔོན་ཤཱཀྱ་འོད་ཀྱིས་བསྒྱུར་ཞུས་གཏན་འབེབས་མཛད་པའི་བཀའ་འགྱུར་ཏེ། སྡེ་དགེ་བཀའ་འགྱུར་དཀར་ཆག་ལྟར་ན། ༡༽ མདོ་སྡེ། ༼ཟ༽ འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་དང་གཅིག །༢༽ མདོ་སྡེ། ༼ཟ༽ འཕགས་པ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། བན་དེ་རཏྣ་རཀྵི་ཏས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ་དང་གཉིས། ༣༽ རྒྱུད་འབུམ། ༼ཕ༽ འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ། རྒྱ་གར་གྱི་མཁན་པོ་ཤྲཱི་ལེནྡྲ་བོ་དྷི་དང་། ཛྙཱ་ན་སིདྡྷི་དང་། ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ་དང་གསུམ། ༤༽ མདོ་སྡེ། ༼ད༽ འཕགས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རཏྣ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ལེགས་པ་བཅས་རྒྱལ་བའི་བཀའ་འགྱུར་གྱི་ཆོས་ཚན་བཞི་པོ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་མཛད་པ་པོའི་ཁོངས་སུ་རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་སྟེ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་བོད་སྐད་དུ་སློབ་དཔོན་ཤཱཀྱ་འོད་དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་། བནྡེ་རཏྣ་རཀྵི་ཏ་གཉིས་དང་ལྷན་དུ་བསྒྱུར་ཞུས་གཏན་འབེབས་མཛད་པར་གསལ་ལོ།།
སྒོ་མེ་ཚེ་དབང་རྣམ་རྒྱལ་དང་སངས་རྒྱས་རྒྱ་མཚོས་བརྩམས་པའི་དུས་རབས་རིམ་བྱོན་གྱི་ལོ་པཎ་དང་། འགྱུར་བྱང་ཞིབ་འཇུག་ལས[2]། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་འདི་ཉིད་ཀྱི་འགྱུར་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་རཏྣ་རཀྵི་ཏ་སོགས་ཀྱི་འགྱུར་ལ། བཀའ་འགྱུར་ལས། མདོ་སྡེ་རུ་ཆོས་ཚན་ ༡༡ ལྷག་དང་། འདུལ་བ་རུ་ཆོས་ཚན་ ༡ བཅས་བཞུགས་ཡོད། ཞེས་བྱུང་ངོ་།།
དེ་ཡང་བནྡེ་ཡེ་ཤེས་སྡེའམ་ཞང་སྣ་ནམ་ཡེ་ཤེས་སྡེ་ནི། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བྱོན་ཞིང་། རྟེན་རབ་བྱུང་ཡིན་པས་བནྡེ་ཞེས་སུ་གྲགས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་གྲུབ་པ་ཐོབ་སྟེ། གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ཡ་གྱལ་ཞིག་ཀྱང་ཡིན། ལོ་ཙཱ་མཁས་པར་མཁྱེན་པས་བཀའ་བསྟན་བོད་ཡིག་ཏུ་བསྒྱུར་བས་རྔོག་ལོས་བསྔགས་བརྗོད་མང་དུ་མཛད་ཅིང་། བཀའ་བསྟན་གཉིས་ཀར་བསྒྱུར་རྩོམ་མང་དུ་བཞུགས་པ་བཅས་དུས་རབས་བརྒྱད་པར་བྱོན་པ་དང་གཅིག
དེ་བཞིན་བནྡེ་རཏྣ་རཀྵི་ཏ་ནི། མཚན་གཞན་རིན་ཆེན་འཚོ་ཞེས་ཞུ་ལ། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྨད་ཙམ་དུ་སྐུ་འཁྲུངས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ཀྱི་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་སྟེ། རྟེན་རབ་བྱུང་ཡིན་པས་བནྡེ་ཞེས་དང་། བསྒྱུར་རྩོམ་ནི་བཀའ་འགྱུར་དུ་ཆོས་ཚན་བཞི་ཙམ་བཞུགས་ཤིང་། ལོ་ཙཱ་བ་འདི་ཉིད་ཀྱང་དུས་རབས་བརྒྱད་པར་བྱོན་པ་ཞིག་ཡིན། མཁན་སློབ་ཆོས་གསུམ་ཡང་དུས་རབས་བརྒྱད་པའི་ནང་བྱོན་པར་མ་ཟད། སློབ་དཔོན་ཤཱཀྱ་འོད་ཀྱི་སྔགས་ཀྱི་མཚན་ལ་པྲ་བྷ་ཧ་ཏི་ཞེས་སུ་གྲགས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སློབ་དཔོན་ཤཱཀྱ་འོད་བླ་མར་བསྟེན་པ་བཅས་ལས་ཀྱང་སློབ་དཔོན་ཤཱཀྱ་འོད་དུས་རབས་བརྒྱད་པའི་ནང་བྱོན་པ་ཇེ་གསལ་དུ་གྱུར་པའོ།།
དེ་ལྟར་སློབ་དཔོན་ཤཱཀྱ་འོད་དང་ལྷན་དུ་བཀའ་འགྱུར་གྱི་ཆོས་ཚན་བཞི་ལྷན་དུ་བོད་བསྒྱུར་གནང་མཁན་གྱི་བནྡེ་རཀྵི་ཏ་དང་། བནྡེ་ཡེ་ཤེས་སྡེ་གཉིས་བཅས་དུས་རབས་བརྒྱད་པར་དུས་མཚུངས་སུ་བྱོན་པས། བཀའ་འགྱུར་བསྒྱུར་ཞུས་གཏན་འབེབས་མཛད་མཁན་གྱི་པཎྜི་ཏ་ཤཱཀྱ་འོད་ནི། མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཡིན་པར་གྲུབ་ལ། དེ་མིན་བཀའ་བསྟན་གྱི་བསྒྱུར་གཞུང་མང་དུ་བཞུགས་པའི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད་དམ། དགེ་སློང་ལོ་ཙཱ་བ་ཤཱཀྱ་འོད་དང་། ལོ་ཙཱ་བ་རྨ་ཤཱཀྱ་འོད་རྣམས་གཅིག་མིན་ཏེ། འདིར་རྒྱ་གར་གྱི་མཁན་པོ་ཞེས་འགྱུར་བྱང་དུ་གསལ་བར་སྣང་བའི་ཕྱིར། དེས་ན་རྒྱ་གར་གྱི་སློབ་དཔོན་ཤཱཀྱ་འོད་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱ་འོད་གཉིས་ནི་ཐ་དད་པས་འཁྲུལ་བར་མི་བྱའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡
[2] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་། འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༢༧༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༡ ནས་ ༣༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།