༢༽ སློབ་དཔོན་ཉི་མ་སྦས་པའི་རྣམ་ཐར།

༢༽ སློབ་དཔོན་ཉི་མ་སྦས་པ།

 

སྤྱིར་སྨན་གཞུང་མཛད་པ་པོའི་སློབ་དཔོན་ཉི་མ་སྦས་པ་དང་། ལེགས་བཤད་མཛད་པ་པོའི་སློབ་དཔོན་ཉི་མ་སྦས་པ། སྒྲོལ་མའི་རྗེས་འཇུག་སློབ་དཔོན་ཉི་མ་སྦས་པ། ཚད་མ་འགྲེལ་མཛད་སློབ་དཔོན་ཉི་མ་སྦས་པ་བཅས་ཉི་སྦས་ཅན་གྱི་སློབ་དཔོན་བཞི་ཙམ་བྱུང་ཡང་ཉི་སྦས་དང་པོ་གསུམ་ནི་ཕྱི་ལོའི་དུས་རབས་བདུན་པའི་ནང་བྱོན་པ་དང་། བཞི་པ་ཕྱི་ལོའི་དུས་རབས་དགུ་པར་བྱོན་པ་མིན་ནམ་སྙམ་ལ།

སྐབས་འདིའི་སློབ་དཔོན་ཉི་སྦས་དེ་དག་བཞི་ལས་གང་ཡིན་དང་དུས་ནམ་ཞིག་བྱོན་མིན་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

དེ་ཡང་སློབ་དཔོན་ཉི་མ་སྦས་པ་དུས་ནམ་ཞིག་བྱོན་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། མཁས་པ་སྒོ་དྲུག་འདི་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་སྐྱོང་བའི་སྟོད་ཀྱི་དུས་ནའང་ཡོད་དོ། །རྒྱལ་པོ་ཙ་ན་ཀ་ཡིས་བསྟན་པ་ལ་བྱ་བ་ཆེར་བྱས་ཀྱང་པཱ་ལའི་རིགས་མ་ཡིན་པས། བདུན་ལ་ནི་མི་བགྲང་ངོ༌། །འདི་དུས་ནས་བཟུང་ཁ་ཆེར་ཚད་མ་ཤིན་ཏུ་དར། རྟོག་གེ་བ་ཉི་མ་སྦས་པ་ཡང་བྱུང་ངོ༌། །ཞེས་དང་། ཡང་དེ་ཉིད་ལས[2]། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། ཞེས་གསལ་བ་ལྟར་རོ།།

སློབ་དཔོན་ཉི་མ་སྦས་པ་ཡུལ་གང་དུ་འཁྲུངས་པ་ནི། ཁ་ཆེའི་ཡུལ་དུ་འཁྲུངས་ཤིང་པཎྜི་ཏར་གྱུར་པར་བཞེད་ཚུལ་གཅིག་དང་། གཞན་ཡང་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[3]། ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ལ་ལྷ་གཅིག་མཛད་དེ་སྐུ་ཚེ་གང་པོར་བྱ་བ་ཕྲན་ཚེགས་ཚུན་ཆད་ཞུ་ས་གནང་། སློབ་དཔོན་ཉི་མ་སྦས་པ་ནི་བལ་ཡུལ་དུ་འཁྲུངས། ན་ལེནྡྲར་མཛེ་བྱུང་བས་ཡུལ་ནས་ལྷ་འདི་བསྒྲུབས་ཏེ་ནད་ལས་གྲོལ་ཅིང་། སྐུ་དངོས་སུ་བསྟན་ནས་འདིའི་ཆོས་སྐོར་དར་ཞིང་སྤེལ་བའི་གསུང་བྱོན། བོད་དུའང་ས་སྐྱ་དཀར་པོ་རྣམ་གསུམ་གྱི་དུས་ཤིན་ཏུ་དར། མཚན་བསྟོད་ཉེར་གཅིག་གི་སྒོ་ནས་སྒྲུབ་ཐབས་རབ་ཏུ་མང་ཞིང་ཐུན་མོང་དུ་ལས་མྱུར་དུ་འགྲུབ་པའི་ལྷ་ལ་འདི་ལས་ལྷག་པ་མེད། ཅེས་བྱུང་བ་ལྟར་འཁྲུངས་ཡུལ་ཁ་ཆེ་དང་བལ་ཡུལ་གཉིས་བྱུང་ངོ་།།

སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་མཚོན་ན། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས་ལེའུ་གསུམ་པའི་བཤད་པ་སོགས་མཛད་ལ། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་མའི་ལས་ཚོགས་དང་ས་བཅད་རྣམས་ཀྱི་བརྒྱུད་པའང་བཞུགས་ལ། སློབ་དཔོན་ཉི་མ་སྦས་པ་ཡང་ནཱ་ལེནྡྲའི་མཁན་པོ་ཡིན་འདུག་ཀྱང་། སློབ་དཔོན་འདིའི་རྣམ་ཐར་གྱི་དཔྱད་གཞི་མ་རྙེད་པས་འདི་ཙམ་ལས་འགོད་ཐབས་བྲལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༩༠

[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༨༡

[3] ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༥༧༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༩ ནས་ ༣༦༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *