ཆ༽ སློབ་དཔོན་ལེགས་ལྡན་འབྱེད་དུས་ནམ་བྱོན་མིན། ༡༽ རྒྱ་གཞུང་ཁག་ཏུ་ཇི་ལྟར་གསལ་བ།

ཆ༽ སློབ་དཔོན་ལེགས་ལྡན་འབྱེད་དུས་ནམ་བྱོན་མིན།

༡༽ རྒྱ་གཞུང་ཁག་ཏུ་ཇི་ལྟར་གསལ་བ།

 

དེ་ཡང་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་དག་གིས་མཛད་པའི་རྒྱ་གཞུང་ཁག་ལ་གཞིགས་ན་སློབ་དཔོན་ལེགས་ལྡན་འབྱེད་ནི། འཕགས་པ་ཐོགས་མེད་སྐུ་མཆེད་རྣམ་གཉིས་ཀྱི་མཇུག་ཏུ་བྱོན་པ་ཤིན་ཏུ་གསལ་ཏེ། ལེགས་ལྡན་འབྱེད་ (c.500-570)  རང་ཉིད་ཀྱིས་མཛད་པར་གྲགས་པའི་རྟོག་གེ་འབར་བ་ལས[1]། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་།

ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་། མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །ཞེས་གསུངས་ལ། དེ་བཞིན་སློབ་དཔོན་ལེགས་ལྡན་གྱིས་མཛད་པར་གྲགས་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[2]། (འདི་ལེགས་ལྡན་གྱི་མཛད་མིན་དཔྱད་པ་ཟུར་དུ་བྱས་ཡོད།) སློབ་དཔོན་ཨཱརྱ་དེ་བས་ (C. 150-250) ཀྱང་།

ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ག་མིན་པ་མ་ཡིན་ཏེ། །

མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །

ཅེས་གསུངས་པའི་རིགས་པ་དང་། ཞེས་གསུངས་པ་ལྟར་ཀླུ་སྒྲུབ་ཡབ་སྲས་གཉིས་དང་། ཐོགས་མེད་སྐུ་མཆེད་གཉིས་བཅས་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་སྔོན་དུ་བྱོན་ཟིན་པར་གསུངས་པས། དེ་དག་གི་རྗེས་སུ་བྱོན་པ་གསལ་བར་རྟོགས་ཐུབ་ལ། ཡང་དེ་ཉིད་ལས[3]། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་།

འདི་ན་མྱ་ངན་འདས་ལམ་གྲོང་ཁྱེར་དུ། །དེ་བཞིན་གཤེགས་པའི་གསུང་གི་ཉི་མའི་འོད་ཅན་གྱིས། །

བདག་མེད་ཤེས་པའི་འཕགས་པའི་སྟོང་ཕྲག་འཇུག །བློ་གྲོས་རྩིང་བ་དག་གི་ཡུལ་མ་ཡིན། །

ཞེས་གསུངས་སོ། །ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལུང་ཡང་དྲངས་ཤིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་མི་འདྲ་བར་སློབ་དཔོན་ཕྱོགས་གླང་གིས་སྲོལ་བཟང་ཕྱེ་བའི་ནང་པའི་གཏན་ཚིགས་རིག་པའི་རིགས་པའི་འགྲོས་མང་པོ་ཞིག་གསལ་བར་བརྟེན། ཕྱོགས་གླང་ལེགས་ལྡན་འབྱེད་ཀྱི་གོང་རོལ་ཙམ་དང་། དེའི་གོང་རོལ་ཏུ་སངས་རྒྱས་བསྐྱངས་བྱོན་པར་དོགས་པ་མེད་ཚུལ་གསུང་མཁན་ཡང་ཡོད། དེ་ཡང་ལེགས་ལྡན་འབྱེད་ཕྱོགས་གླང་གི་རྗེས་སུ་བྱུང་བར་འདོད་པ་དང་། སངས་རྒྱས་བསྐྱངས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་སྔོན་དུ་བྱོན་པ་དོན་ལ་གནས་པར་གསུངས་པས། བྱོན་པའི་དུས་ལ་བཞེད་ལུགས་མི་འདྲ་བ་བྱུང་ཞིང་། དེ་ལ་བརྟེན་ནས་སློབ་དཔོན་ལེགས་ལྡན་འབྱེད་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པར་བཞེད་མཁན་གྱི་རིགས་གཅིག་ཀྱང་སྣང་ངོ་། །དེ་བཞིན་དུ་དེ་ཉིད་ལས[4]།

དེ་ཉིད་དོན་ནི་ཚོལ་འདོད་པས། །རྗེས་དཔག་གཏན་ཚིགས་བསྟེན་མི་བྱ། །

ལེགས་པར་བསྒོམས་པས་མྱོང་འགྱུར་གྱི། །དེ་ཡིས་རང་རིག་རྟོགས་པ་མིན། །

ཞེས་དཔལ་ལྡན་ཆོས་གྲགས་ཀྱིས་ལུང་དྲངས་པས་རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ཀྱང་ལེགས་ལྡན་འབྱེད་ཀྱི་སྔོན་དུ་བྱོན་ཟིན་པ་ནི་སློབ་དཔོན་དེ་དག་གི་གཞུང་ནས་ལུང་འདྲེན་མཛད་པས་སོ།།

ཡང་དེ་ཉིད་ལས[5]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས།

ཐོག་མཐའ་མེད་པའི་སྲིད་པ་རུ། །མ་རིག་གཉིད་ཀྱིས་ལོག་པ་ཡི། །

འགྲོ་ལ་གང་གང་སྣང་དེ་ཉིད། །བརྫུན་དེ་རྨི་ལམ་ལྟ་བུར་འདོད། །

ཅེས་དང་། ཡང་དེ་ཉིད་ལས[6]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས།

ཟད་དང་ཆགས་བྲལ་མྱ་ངན་འདས། །འགོག་དང་སྟོང་པ་ཞི་བ་ཉིད། །

དེ་བཞིན་ཉིད་ཀྱང་ཆོས་རྣམས་ཀྱི། །རང་གི་ངོ་བོ་ཡིན་ཞེས་བཤད། །

ཅེས་གསུངས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་ཡང་ལེགས་ལྡན་རང་ཉིད་ཀྱི་སྔོན་དུ་བྱོན་ཟིན་པར་གསལ་བ་འདི་ལྟར་ལ་བརྟེན་ནས་རྟོག་གེ་འབར་བ་དང་། རིན་ཆེན་སྒྲོན་མ་གཉིས་ལེགས་ལྡན་འབྱེད་ཀྱི་གསུང་མིན་པར་གསུངས་པའི་རྒྱུ་མཚན་གཅིག་འདི་ལ་ཐུག་འདུག་སྙམ། འོན་ཀྱང་དཔལ་ལྡན་ཟླ་བ་གྲགས་པས་ (C.6000-650) མཛད་པའི་རྩོད་མེད་ཀྱི་གཞུང་དབུ་མ་ཚིག་གསལ་ལས[7]། སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱངས། སློབ་དཔོན་ལེགས་ལྡན་འབྱེད་བཅས་དཔལ་ལྡན་ཟླ་བ་གྲགས་པའི་སྔོན་དུ་བྱོན་ཟིན་ཚུལ་གསལ་ནའང་། ལེགས་ལྡན་གྱི་གཞུང་དུ་ཟླ་གྲགས་ཀྱི་ལུང་དྲངས་པ་དང་། ཟླ་གྲགས་ཀྱི་གཞུང་དུ་ལེགས་ལྡན་བྱོན་ཟིན་པར་གསལ་བས། སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་གཉིས་དུས་མཉམ་དུ་བྱོན་པ་ཞིག་གམ། ཡང་ན་གཞུང་དེ་གཉིས་ལས་གང་རུང་ཞིག་སློབ་དཔོན་དེ་དག་གིས་མཛད་པ་ཞིག་མིན་པར་ཁ་གཡར་གྱི་རིགས་གང་ཡིན་བརྟག་པར་བྱ་བའི་[8]གནས་སོ།།

དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་དུས་ནམ་ཞིག་ལ་བྱོན་མིན་ནི། དབུ་མ་རིན་པོ་ཆེའི་སྒྲོན་མར་གསལ་བ་ལྟར་ན། སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་སྔོན་དུ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་། ཐོགས་མེད་སྐུ་མཆེད་གཉིས། ཕྱོགས་གླང་ཆོས་གྲགས་གཉིས། དཔལ་ལྡན་ཟླ་གྲགས་བཅས་ཀྱི་ལུང་འདྲེན་མཛད་ཡོད་པས་སློབ་དཔོན་དེ་དག་དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོའི་སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱི་སྔོན་དུ་བྱོན་དགོས་པས། དེ་ལྟར་སློབ་དཔོན་རྣམས་བྱོན་སྔ་ཕྱིའི་ཆ་ནས་ཡོངས་གྲགས་ཀྱི་བཞེད་ཚུལ་དང་གཏན་ནས་མི་མཐུན་པ་ཞིག་ཡིན་པས། དབུ་མ་རིན་ཆེན་སྒྲོན་མ་པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་མིན་ལ་བསམ་དགོས་པ་ཞིག་ཡིན།

དེ་ཡང་རྩ་ཤེར་གྱི་འགྲེལ་པ་དབུ་མ་ཤེས་རབ་སྒྲོན་མ་མཛད་པ་པོ་དཔལ་ལྡན་ཟླ་བའི་གོང་དུ་བྱོན་པ་དང་། རྟོག་གེ་འབར་བ་དང་། དབུ་མ་རིན་ཆེན་སྒྲོན་མ་མཛད་པ་པོ་ཟླ་གྲགས་ཀྱི་རྗེས་སུ་བྱོན་པར་ཆ་འཛིན་བྱས་ན་ལུང་རིགས་ཀྱི་གནོད་བྱེད་ཅུང་ཟད་ཉུང་ནའང་། ཡོངས་གྲགས་མཁས་མཆོག་ལེགས་ལྡན་འབྱེད་ཀྱི་རྣམ་ཐར་རྣམས་ནི་དབུ་མ་ཤེས་རབ་སྒྲོན་མ་མཛད་པ་པོའི་ལེགས་ལྡན་གྱི་རྣམ་ཐར་ཡིན་ལ། རྟོག་གེ་འབར་བ་དང་། དབུ་མ་རིན་ཆེན་སྒྲོན་མ་གཉིས་ལེགས་ལྡན་ཆུང་བས་མཛད་པར་ཆ་འཛིན་ཞུས་ན། ལེགས་ལྡན་ཆུང་བ་ཡུལ་གང་དུ་འཁྲུངས་པ་དང་། དུས་ནམ་འཁྲུངས་པ། སློབ་དཔོན་གང་དག་བསྟེན་པ་སོགས་ཀྱི་རྣམ་ཐར་རྙེད་དུ་མེད་པས། དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་ཆུང་བས་མཛད་པར་འདོད་ན། རྟོག་གེ་འབར་བ་ཡང་ལེགས་ལྡན་ཆུང་བས་མཛད་པའི་སྒྲུབ་བྱེད་གང་དག་ཡོད་མེད་ལ་ད་དུང་དཔྱད་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༤༨༥

[2]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༢༥

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༢༠

[4]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༢༠

[5]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༤༨༩

[6]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༥༢༧

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡

[8]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  རྟོག་གེ་འབར་བ་དང་། དབུ་མ་རིན་ཆེན་སྒྲོན་མ་ལེགས་ལྡན་གྱིས་མཛད་མིན་འོག་ཏུ་འཆད་དོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༧ ནས་ ༣༠༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *