༣༦༽ དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ།
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བརྒྱུད་པའི་གསོལ་འདེབས་ལས[1]།
རྒྱལ་སྲས་ནཱ་ལེནྟྲ་པ་ལ་གསོལ་བ་འདེབས། །
ཞེས་གསོལ་བ་འདེབས་ཡུལ་དུས་ཞབས་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པ་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཡ་གྱལ་ཞིག་སྟེ། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[2]།
དཀའ་ཐུབ་མཛད་ཅིང་དངོས་གྲུབ་བརྙེས། །རལ་གྲི་ཁྱེར་ནས་མཁའ་ལ་གཤེགས། །
ན་ལེནྡྲ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་ཡུལ་རྒྱལ་སྲས་ནཱ་ལེནྡྲ་པ་ནི། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-) གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས[3]། དེ་འདྲའི་དུས་ཞབས་པ་ཆེན་པོ་དེ་ལ་སློབ་མ་མང་དུ་བྱུང་ཡང༌། ཕལ་ཆེར་རྣལ་འབྱོར་པར་གྱུར་པས་བཤད་སྲོལ་འཛིན་པ་ནི་དུས་ཞབས་པ་ཆུང་བའམ། ནཱ་ལེནྡྲ་པར་གྲགས་པ་སློབ་དཔོན་དང་ཡོན་ཏན་མཉམ་པར་བྱེད་པ་དེ་ཡིན་ལ། ལོ་རྒྱུས་ཁ་ཅིག་ལས་དུས་ཞབས་པ་ཆུང་བ་དང་ནཱ་ལེནྡྲ་པ་ཡབ་སྲས་སུ་བྱེད་ཟེར་རོ། །ཞེས་གསལ་བ་ལྟར། དུས་ཞབས་པ་ཆེ་བའི་སློབ་མ་ཡིན་པར་གསུངས་ལ། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་ལས[4]། མཉྫུ་ཧ་སྟེ། ཤར་ཕྱོགས་སུ་སྐུ་འཁྲུངས། མཚན་བྷོ་དྷི་བྷ་དྲ་ཞེས་ཀྱང་ཟེར། ནཱ་ལེནྡྲ་པ་ཞེས་ཀྱང་ཟེར་རོ། །ཁ་ཅིག །དྷརྨ་ཀ་ར་དང་གཅིག་ཏུ་འདོད་པ་ནི་མི་འཐད་དེ། དེ་ནི་སཱ་དྷུ་པུ་ཏྲའི་སློབ་མ་ཡིན་པས་ན་ཕྱིས་པས་སོ། །དཱ་པ་ན་རེ། དུས་ཞབས་པ་ཆུང་བས་རཏྣ་ཨཱ་ཀ་ར་ལ་གསུངས། དེས་ནཱ་ལེནྡྲར་དར་བར་བྱས་ཞེས་གསུངས་པ་ལ་བླ་མ་གོང་མའི་ཞལ་ནས་དེ་གཉིས་གྲོགས་མཆེད་ཡིན་ཅིང༌། དུས་ཞབས་པ་ཆུང་བ་ནཱ་ལེནྡྲར་བྱོན། དུས་འཁོར་གྱི་ལྷ་ཚོགས་བཞེངས། པཎྜི་ཏ་མང་པོ་སློབ་མར་བཅུག་པ་ཡིན་པའི་ཕྱིར་དང༌། བརྒྱུད་པ་གཞན་དང༌གུང་ཡང་འགྲིགས་པས་རཏྣ་ཨཱ་ཀ་ར་མི་དགོས་གསུངས།
དུས་ཞབས་པ་ཆུང་བ་དེས། མ་ག་དྷར་རཏྣ་ཐམས་ཅད་དར་བར་འགྱུར་སྙམ་དུ་དགོངས་ནས། མ་ག་དྷའི་རྒྱལ་པོ་ཤིང་བསྟན་ཅན་གྱིས་བྱེད་ཅིང༌། སེནྡྷ་པས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ནཱ་ལེནྡྲར་བྱོན་ནས། གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་སྔགས་བྲིས། དེའི་འོག་ཏུ། གང་ཞིག་དང་པོའི་སངས་རྒྱས་མི་ཤེས་པ་དེ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་ནས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བ་སྟེ་འཁོར་བའོ། །ཞེས་པའི་བར་བྲིས་པས། པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་རྣམས་མ་རངས་པར་བརྩད་པས། ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་བཏུལ་ནས་སློབ་མར་གྱུར་ཏོ།།
ཁྱད་པར་དུ་མཉྫུ་ཀཱིརྟི་དང༌། ཨ་བྷི་ཡུག་ཏ་དང༌། པཎྜི་ཏ་རི་བོ་པ་དང༌། དཱ་བྱང་ཆུབ་སེམས་དཔའ་དང༌། ཨ་བྷྱ་དང༌། པཱུ་ནྱ་ཆེན་པོ་དང༌། ཁ་ཆེ་གམྦྷི། ཤནྟ་གུཔྟ་དང༌། གུ་ཎ་རཀྵི་ཏ་དང༌། ཟླ་མགོན་དང་རྩ་མི་ལ་སོགས་པའི་མཁས་པ་མང་དུ་བྱུང་ཞིང༌། རྒྱལ་རིགས། རྗེ་རིགས། ཚོང་པ་ལ་སོགས་པ་རྣམས་ཀྱང་དད་པས་དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ། ཤིན་ཏུ་དར་བར་གྱུར་ཏོ། །དེ་ནས་བལ་པོ་ཡེ་རང་དུ་སྐུ་འཁྲུངས་པའི་པཎྜི་ཏ་ས་མནྟ་ཤྲཱི་བྷ་དྲས་མཁས་པ་ལྔ་ལ་གསན་ཅིང༌། ཁྱད་པར་མཉྫུ་ཀཱིརྟི་རྗེས་འབྲངས་སོ།།
ཡང་དེ་ལས། རིགས་ལྡན་དཔལ་སྐྱོང༌། སེང་གེ །རྣམ་རོལ་རིགས་ལྡན་གཅིག་ཏུ་མཛད་པ་ནི་མི་འཐད་དེ། དཔལ་སྐྱོང་དང་སེང་གེ་དང་རྣམ་རོལ་རྣམས་རྒྱ་དཔེ་ལས་རྣམ་དབྱེ་ཐ་དད་དུ་གསུངས་པའི་ཕྱིར་ཐ་དད་དུ་འཐད་དོ། །དེས་ན་རྒྱལ་པོ་དཔལ་སྐྱོང་ཆོས་འཆད་པའི་དུས་སུ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཡབ་ཡུམ་གཉིས་ཀྱིས་གཤིན་རྗེ་གཤེད་ཀྱི་རྒྱུད་ནས་འབྱུང་བ་བཞིན་དུ། རིགས་ཀྱི་སྲས་བསྐྲུན་པའི་ཆོ་ག་བྱས་པས་ཁྱེའུ་གཅིག་འཁྲུངས་ཏེ། ཆེར་སྐྱེས་པ་ན་ལྷོ་ཕྱོགས་ན་བྱང་ཆུབ་སེམས་དཔའ་དངོས་སུ་ཆོས་སྟོན་པར་ཡོད་པར་གྲགས་པས་ཉན་དུ་བྱོན་པ་ལ། ཁྱེའུའི་ལྷག་པའི་བསམ་པ་རྣམ་པར་དག་པ་དང༌། ཆོས་ལ་འདུན་པ་དང༌། ཤམྦྷ་ལར་འོངས་ན་ཚེའི་བར་ཆད་དུ་འགྲོ་བར་མཁྱེན་ནས། དཔལ་སྐྱོང་བྱོན་ཏེ་དེར་ཁྱེད་ཀྱིས་འགྲོ་བར་མི་ནུས། ཆུ་མེད་པའི་མྱ་ངམ་ཐང་ལ་ཟླ་བ་བཞི་འགྲོ་དགོས་པས་སྲོག་གི་བར་ཆད་དུ་འགྲོ། ང་ཡིས་འོང་བ་ལ་བཤད་གསུངས་ནས་ཟླ་བ་བཞི་གསུངས། བུམ་པ་གང་བྱོའི་ཚུལ་དུ་མཁྱེན། ནང་བྱང་ཆུབ་སེམས་དཔའི་སྐོར་གསུམ་ལ་སོགས་པ་རྒྱུད་སྡེ་མང་པོ་ཐུགས་ལ་བཟུང་ནས་བྱོན་པས། འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་གྲགས་ཤིང༌། དེའི་མཚན་ཡང་དུས་འཁོར་ཞབས་ཟེར་རོ།།
དེའི་དུས་ན་རྒྱ་གར་ན་དགེ་སློང་བློ་ཤིན་ཏུ་རྟུལ་བ་ཞིག་གིས་བསྟན་པའི་རྨི་ལམ་ལ་བརྟེན་ནས། བྱི་རུ་ལ་ལྷ་མོ་ཀུ་རུ་ཀུལླེའི་སྐུ་བྱས་ཏེ་བུད་མེད་ཀྱི་རོའི་ཁར་བཅུག་ནས་རྒྱབ་ཏུ་སྐྱིལ་ཀྲུང་བཅས་ཏེ་ཞག་བདུན་བསྒྲུབས་པས། ཁ་གྱེན་དུ་བལྟས་ཏེ་ཅི་འདོད་ཟེར་བ་ལ། མཐོང་ཚད་ཟིན་པར་འདོད་བྱས་ཀྱང་འོང་བ་ཡིན་པ་ལ་བློ་རྟུལ་བས་ཞུམ་པས་བྲིས་ཚད་ཟིན་པར་འདོད་བྱས་པས། དེ་ལྟར་བྱུང་བས་པཎྜི་ཏ་ངག་གི་དབང་ཕྱུག་གྲགས་པ་ཞེས་བྱ་བ་ཁ་སརྤ་ཎིའི་གཙུག་ལག་ཁང་དུ་བྱུང༌། དེས་སློབ་དཔོན་དུས་འཁོར་ཞབས་ལ་རྒྱུད་དུ་ཤེས་དྲིས། སློབ་དཔོན་གྱིས་ལན་གསུངས་པས། རྒྱུད་ཀྱི་མཚན་ཙམ་ཡང་འཛིན་པར་མ་ནུས་སྐད། དེ་ལ་སློབ་མ་མང་པོ་བྱུང་བ་ལས། ཕལ་ཆེར་རྣལ་འབྱོར་པར་གྱུར་ནས་བཤད་པའི་སྲོལ་འཛིན་པ། སྲས་ནཱ་ལེནྡྲ་པ་དུས་འཁོར་ཞབས་ཆུང་བར་གྲགས། སྔ་མ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་སྐད། དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་ནང་ངོ༌། །ཞེས་གསལ་ལོ།།
རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་ལས[5]།
འཇིག་རྟེན་མགོན་པོས་རྗེས་བཟུང་དུས་ཞབས་པ། །
དེ་ཡི་ཞབས་བརྟེན་དུས་ཞབས་གཉིས་པ་དང༌། །
རྒྱལ་སྲས་ཆེན་པོ་ནཱ་ལེནྡྲ་པ་ལ། །
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །
ཞེས་གསུངས་པ་ལྟར། དུས་ཞབས་པ་ཆེ་བའི་སློབ་མ་དུས་ཞབས་པ་ཆུང་བ། རྒྱལ་སྲས་ནཱ་ལེནྡྲ་པ་གཉིས་ཐ་དད་ཡིན་པར་གསུངས་ཀྱང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-) གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་སྤྱི་དོན་གྱི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ལེགས་བཤད་བསྟན་པའི་རྒྱ་མཚོ་ལས[6]། ཙི་ལུ་པ་ཨཱ་ཙརྱ་ཤར་ཕྱོགས་སུ་གཤེགས་སོ། །པཎྜི་པས་ནཱ་ལེནྡཱར་འཁྲུངས་པའི་དུས་ཞབས་ཆེན་པོ་ལ་གནང༌། དེས་ཀྱང་རྫོགས་པར་ཐུགས་སུ་ཆུད་དེ་ཉམས་སུ་བཞེས་སོ། །ཡང་ན་དུས་ཞབས་པ་ཆེན་པོ་དེས་སྒྲོལ་མ་གྲུབ་ནས་ཤམྦྷ་ལར་བྱོན་ཏེ། མ་ལ་ཡར་སྤྱན་རས་གཟིགས་ཀྱིས་དབང་རྒྱུད་འགྲེལ་མཐའ་དག་གནང་ནས། དཔེ་ཐམས་ཅད་ཀྱང་གནང་སྟེ་རྒྱ་གར་དུ་བྱོན། ཤར་ཕྱོགས་མེ་ཏོག་ཁྱིམ་ཞེས་བྱ་བར་བཞུགས་པས་སློབ་མའི་མཆོག་བཞི་བྱུང་བ་ནི། དུས་ཞབས་ཆུང་བའམ། བོ་དྷི་པའམ། ནཱ་ལེནྡཱ་པ་ཞེས་ཀྱང་གྲགས་པ་དང༌། འདུལ་བ་འབྱུང་གནས་སྦས་པ། སེངྒེ་རྒྱལ་མཚན། མཐའ་ཡས་རྣམས་སོ།།
ཁ་ཅིག་དུས་ཞབས་པ་ཆུང་བ་དང་དྷརྨ་ཀ་ར་གཅིག་ཏུ་བྱེད་པ་མི་འཐད་དེ། ས་དྷུ་པུ་ཏྲའི་སློབ་མ་ཡིན་པས་སོ། །དུས་ཞབས་པ་ཆུང་བས་རཏྣ་ཀ་ར་ལ་བཤད། དེས་ནཱ་ལེནྡྲར་དར་བར་བྱས་པའམ། ཡང་ན་དུས་ཞབས་པ་ཆུང་བ་ཉིད་ཀྱིས། ནཱ་ལེནྡྲར་དར་ནས་ཐམས་ཅད་དུ་དར་བར་འགྱུར་རོ་སྙམ་དུ་དགོངས་ནས། རྒྱལ་པོ་ཤིང་སྟན་ཅན་གྱིས་མ་ག་དྷའི་རྒྱལ་པོ་བྱེད་ཅིང༌། སེནྡྷ་པས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ནཱ་ལེནྡྲར་བྱོན་ཏེ། སྒོ་གོང་ལ་རྣམ་བཅུ་དབང་ལྡན་དང༌། གང་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པར་མི་ཤེས་སོགས་བྲིས་པས། པཎྜི་ཏ་ལྔ་བརྒྱ་ཙམ་མ་རངས་ནས་བརྩད་པས་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བས་ཐམས་ཅད་བཏུལ་ནས་སློབ་མར་གྱུར།
དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། སྤྱིར་མདོ་སྔགས་གཉིས་ཀའི་འབྱུང་ཁུངས་སམ་སློབ་གཉེར་གྱི་བསྟི་གནས་ཤིག་ཡིན་ཅིང་། ལྷག་པར་དཔལ་དུས་ཀྱི་འཁོར་ལོ་ཡང་གཙུག་ལག་ཁང་འདི་ཉིད་དུ་དར་རྒྱས་དང་། ཐུགས་དམ་ཉམས་བཞེས། གསན་བསམ་སློབ་གཉེར་བཅས་ལ་གཙིགས་འཛིན་གནང་ཡོད་འདུག་པ་ནི། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་རྩིས་ཀྱི་དཀར་ཆག་ལས[7]། འབྲོ་ལུགས་པ་ནི། ཤམྦྷ་ལའི་ལམ་དུ་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་བ་དེ་ཉིད་ལ་རྒྱ་གར་དུ་དུས་ཞབས་པ་ཆེན་པོ་ཞེས་ཡོངས་སུ་གྲགས་ཏེ། སྐལ་ལྡན་གྱི་བུ་སློབ་རྒྱ་མཚོ་ལྟ་བུ་ལས་བཤད་པའི་སྲོལ་འཛིན་གཙོ་བོ་རྒྱལ་སྲས་ནཱ་ལེནྡྲ་པ་ནི་དུས་འཁོར་ཞབས་གཉིས་པར་བཞེད་དོ། །དུས་ཞབས་པ་དེ་ཉིད་རྒྱ་གར་དབུས་ཀྱི་མཁས་པ་དང་གྲུབ་པ་ཟད་མི་ཤེས་པའི་བསྟི་གནས་ཆེན་པོ་དཔལ་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་དུ་བྱོན་ནས་སྒོ་གོང་དུ་རྣམ་བཅུ་དབང་ལྡན་དང་། གཤམ་དུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །ཞེས་གསུངས་སོ།།
དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་དད་པའི་ཤིང་རྟ་ལས[8]། ན་ལནྡ་པ་ནི་ (དུས་རབས་11པ།) དགེ་བསྙེན་བོ་དྷིའི་སྲས་སྐྱེས་སྟོབས་ཀྱི་མཁྱེན་རབ་ཅན་དེ་ཡིན་ཏེ། མཚན་བོ་དྷི་བྷ་དྲར་བཏགས། པཎྜི་ཏ་ཆེན་པོ་ཟླ་མེད་པར་གྱུར་ནས་མ་ག་དྷར་དུས་འཁོར་ཞབས་ཆེན་པོ་ལ་དུས་འཁོར་གསན་པའི་ཡོན་དུ་གསེར་གྱི་མཎྜལ་དགོས་པར་དགོངས་ནས། བོད་ན་གསེར་ས་ལས་བརྐོས་པས་འོང་བ་ཡིན་ཟེར་བས་ཚོལ་བའི་ཕྱིར་བོད་དུ་བྱོན། མང་ཡུལ་སྐྱིད་གྲོང་དུ་ཕེབས་པ་དང་བཟོ་སྡེ་པ་གཅིག་གིས་ཡོན་བདག་བྱས་པས་གསེར་སྲང་གང་རྙེད། དེ་ནས་དིང་རིར་བྱོན་པའི་ལམ་དུ་པཎྜི་ཏ་བོང་བུ་ལ་ཞོན་པ་གཅིག་དང་འཕྲད་པ་ལ་འདི་ལྟར་བྱེད་པ་ཅི་ཡིན་དྲིས་པས། བོད་ལོངས་སྤྱོད་དབུལ་བས་འདི་ལྟར་གྱུར་པ་ཡིན་ཟེར་བས་ཐུགས་སྐྱོ་སྟེ། རྒྱ་གར་དུ་ལོག་ནས་དུས་འཁོར་ཞབས་ཆེན་པོ་ལ་གསེར་དེ་ཕུལ་བས་ཤིན་ཏུ་མཉེས། ནཱ་རོ་པ་དང་ལྷན་ཅིག་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་གསན། བསྒོམས་པས་སྐད་ཅིག་ལ་རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན་ལུས་ཀྱི་དཀྱིལ་འཁོར་ཐམས་ཅད་བདེ་བས་གང་། དངོས་གྲུབ་གནས་དེ་ཉིད་དུ་བརྙེས་སོ། །ཡབ་དང་ཡབ་ཀྱི་མཆེད་མོ་ཨ་ཝ་དྷུ་ཏི་པ་ལའང་གསན། དེ་ལྟ་བུའི་ཡབ་སྲས་གཉིས་ལ་བཞེད་པ་མི་མཐུན་པའང་ཡོད་པར་གྲགས་ལ། དུས་ཀྱི་འཁོར་ལོ་མ་ག་དྷར་དར་ན་ཕྱོགས་ཀུན་ཏུ་དར་བར་འགྱུར་སྙམ་དུ་དགོངས་ཏེ། མ་ག་དྷའི་རྒྱལ་པོ་ཤིང་བསྟན་ཅན་ར་མ་པཱ་ལས་བྱེད་ཅིང་། སནྡྷེ་པས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་འཛིན་པའི་དུས་སུ་ཤྲཱི་ན་ལེནྟྲར་བྱོན་ནས། གཙུག་ལག་ཁང་གི་སྒོ་གོང་དུ་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བྲིས། དེའི་གཤམ་དུ། གང་གིས་མཆོག་གི་དང་པོའི་སངས་རྒྱས་མི་ཤེས་པ་དེས་དུས་ཀྱི་འཁོར་ལོ་མི་ཤེས་སོ། །གང་གིས་དུས་ཀྱི་འཁོར་ལོ་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་ཐམས་ཅད་ནི་འཁོར་བ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། །དེ་ལྟ་བས་ན་མཆོག་གི་དང་པོའི་སངས་རྒྱས་ནི་བླ་མ་དམ་པ་རྣམས་ཀྱིས་བསྟེན་པར་བྱ་ཞིང་། ཐར་པ་དོན་དུ་གཉེར་བའི་སློབ་མ་དམ་པ་རྣམས་ཀྱིས་མཉན་པར་བྱའོ། །[9]ཞེས་བྲིས་པས། པཎྜི་ཏ་ལྔ་བརྒྱ་ཙམ་བཞུགས་པ་མ་རངས་པར་བརྩད་པ་ན་ཆོས་ཀྱི་རང་བཞིན་ཟབ་ཅིང་རྒྱ་ཆེ་བ་དག་གིས་ཐམས་ཅད་བཏུལ་བས། དེ་རྣམས་རང་རང་གི་ཁྲི་བོར་ནས་ཞབས་ལ་བཏུད་དེ་སློབ་མར་གྱུར་ཏོ།།
དེ་རྣམས་ཀྱི་ནང་ནས་གྲགས་པ་ནི་ཨ་བྷ་ཡ་ཀ་ར་གུཔྟ་དང་། ཙ་མི་པཎྜི་ཏ་དང་། ཨ་བྷི་ཡུཀྟ་དང་། མཉྫུ་ཀིརྟི་དང་། ཁ་ཆེ་ཟླ་བ་མགོན་པོ་དང་། པཎྜི་ཏ་རི་བོ་པ་དང་། ཨ་ཙ་ལ་གརྦྷ་དང་། དཱ་ན་ཤྲཱི་དང་། པུ་ཎྱ་ཆེན་པོ་དང་། ཁ་ཆེ་གམྦྷི་ར་དང་། ཤཱནྟ་གུཔྟ་དང་། གུ་ཎ་རཀྵི་ཏ་ལ་སོགས་པ་མཁས་པ་མང་དུ་བྱུང་ཞིང་། རྒྱལ་རིགས་དང་རྗེ་རིགས་དང་། ཚོང་པ་ལ་སོགས་པ་རྣམས་ཀྱང་དད་ནས་དཔེ་འབྲི་ཞིང་བག་ཆགས་འཇོག་པ་མང་དུ་བྱུང་སྟེ་ཤིན་ཏུ་དར་བར་གྱུར་ཏོ། །ན་ལནྟྲར་བཞུགས་པས་ཇོ་བོ་ན་ལནྟྲ་པར་གྲགས་ཤིང་། དེར་དུས་འཁོར་གྱི་ལྷ་ཁང་ཡང་བཞེངས། དུས་འཁོར་ཞབས་ཆེན་པོ་དང་ཡོན་ཏན་མཉམ་ཞིང་། རྒྱ་གར་ཤར་ནུབ་ཀུན་ཏུ་དུས་འཁོར་ཞབས་ཆུང་བ་ཞེས་སྙན་པར་གྲགས་སོ། །ཞེས་གསུངས་པ་ལྟར་རྣམ་བཅུ་དབང་ལྡན་དང་ཚིགས་སུ་བཅད་པ་རྣམས་ནི་དཔལ་ནཱ་ལེནྡྲའི་སྒོ་བྱང་ལྟ་བུ་ཡིན་འདུག་པ་དང་། ལྷག་པར་དཔལ་ནཱ་ལེནྡྲར་རྒྱལ་སྲས་ནཱ་ལེནྡྲ་པས་དུས་འཁོར་གྱི་ལྷ་ཁང་ཡང་བཞེངས་ཤིང་། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཐོག་མཁས་གྲུབ་ལོ་པཎ་མང་དུ་བྱོན་པའོ།།
དེ་བཞིན་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[10]། མུ་སྟེགས་ཀྱི་སྟོན་པ་མང་པོ་ཚར་བཅད་པས་མཚན་འཇིགས་མེད་གྲགས་པ་ཞེས་གླེང་། ནཱ་ལེནྡྲའི་མཁན་པོ་མཛད་ནས་བསྟན་པ་བསྐྱངས་པས་རྒྱལ་སྲས་ནཱ་ལེནྡྲ་པར་གྲགས། ཞེས་གསལ་ལ། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་གྲུབ་མང་པོའི་རྣམ་པར་ཐར་པ་ངོ་མཚར་པདྨོའི་འཛུམ་ཞལ་གསར་དུ་བཞད་པ་ལས[11]། དེ་དུས་ནཱ་ལེནྡྲའི་ནུབ་སྒོ་བ་རཏྣ་ཨ་ཀ་ར་ཤནྟི་གྲོངས་ནས་དེའི་ཚབ་ལ་ནཱ་ལེནྡྲ་པས་དབང་བསྐུར་བའི་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁན་པོར་འོས་པ་མ་རྙེད་ནས། ནཱ་ལེནྡྲ་པ་རྣམས་གྲོས་བྱས་ནས་དཔལ་ནཱ་ལེནྡྲའི་མཁན་པོར་དབང་བསྐུར། དེ་ནས་རྒྱལ་པོའི་ཁྲི་དབུས་སུ་བྱས། ནང་པ་སངས་རྒྱས་པའི་ཁྲི་གཡས་སུ་བྱས། ཕྱི་པ་མུ་སྟེགས་པའི་ཁྲི་གཡོན་དུ་བྱས་ནས་ཕྱི་ནང་གི་བསྟན་པ་རྒྱན་ལ་བཙུགས་ཏེ་བརྩད་ནས་མུ་སྟེགས་པ་ཚར་བཅད་པས། དགེ་སློང་འཇིགས་མེད་གྲགས་པ་ཞེས་གསོལ། ཞེས་ཀྱང་བྱུང་ངོ་།།
ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་ཏཻ་ལོ་པ་དང་ནཱ་རོ་པའི་རྣམ་ཐར་ལས[12]། དེ་ནས་ཁ་ཆེའི་ཡུལ་གྱི་གཙུག་རྒ་བའི་ཚལ་དུ་མཁན་པོ་སངས་རྒྱས་སྐྱབས་དང༌། སློབ་དཔོན་ཡེ་ཤེས་འོད་གཉིས་ལ་དགེ་ཚུལ་གྱི་སྡོམ་པ་བླངས་ནས། མིང་ཡང་སངས་རྒྱས་ཡེ་ཤེས་བྱ་བར་བཏགས་སོ། །དེས་དགེ་ཚུལ་ཡང་སངས་རྒྱས་ཀྱི་བསྟན་པ་མ་རྫོགས་པ་ཡིན་པས། རྒྱ་གར་གྱི་དབུས་ཀྱི་གཙུག་ལག་ཁང་སུ་ལ་ཁ་དྲ་ཞེས་བྱ་བ་དེར། སློབ་དཔོན་ཆོས་ཀྱི་ཡེ་ཤེས་དང༌། མཁན་པོ་ཆོས་ཀྱི་བླ་མ་དང༌། སློབ་དཔོན་ཆོས་ཀྱི་རྒྱལ་མཚན་གསུམ་ལ་དགེ་སློང་གི་བསླབ་པ་མནོས་ཏེ། དགེ་སློང་ཆོས་ཀྱི་རྒྱལ་མཚན་དུ་གྲགས་སོ། །དེར་མཁན་སློབ་དེ་རྣམས་ལ་ཡང༌། ཐོས་བསམ་མཐར་ཕྱིན་པ་མཛད་དེ། སྡེ་སྣོད་འཛིན་པ་ཆེན་པོར་གྱུར་ནས་འབྲི་ཀ་མ་ལ་ཤཱི་ལར་ཚོགས་པ་ཡང་བསྡུས་ནས། བཤད་པ་ཡང་མཛད་དེ་གནས་བརྟན་བསྟན་པ་འཛིན་པ་ཞེས་བྱ་བར་གྲགས་སོ། །དེ་ནས་ན་ལེན་ཏྲའི་ནུབ་སྒོའི་མཁན་པོ་ཨ་བ་དྷུ་ཏི་བ་ཞེས་བྱ་བ་གྲོངས་པའི་ཚབ་མར་སྤྱན་དྲངས་ནས། མཁན་པོར་དབང་བསྐུར་བའི་པཎྜི་ཏ་ཆེན་པོར་གྱུར་ནས། ཕྱི་ནང་གཉིས་ཀྱི་རྩོད་པ་བྱས་པས་ལན་གསུམ་རྒྱལ་ཏེ།
ཐ་སྙད་དོན་ཚོལ་ལྕགས་ཀྱུ་ཡིས། །རྒོལ་ངན་མཆིལ་པ་གཟན་ལ་དྲངས། །
རིག་པ་སྒྲ་ཚད་རལ་གྲི་ཡིས། །རྒོལ་ངན་སྡོང་པོ་རྩད་ནས་བཅད། །
ལུང་ནི་རིགས་པའི་སྒྲོན་མེ་ཡིས། །རྒོལ་ངན་མ་རིག་མུན་པ་བསལ། །
སྡོམ་གསུམ་འཕགས་པའི་ནོར་ཚོགས་ཀྱིས། །མ་དག་འཆལ་པའི་དྲི་མ་བཀྲུ། །
མ་དག་རྐྱེན་གྱི་འཁྲུལ་འཁོར་གྱིས། །སྒྱུ་མའི་ལོག་འཚོ་གྲོང་ཁྱེར་བཅོམས། །
རྒྱལ་པོ་པཎ་ཆེན་སྤྱན་སྔ་རུ། །ན་ལེན་ཏྲ་ནས་བདར་བདར་ནས། །
མུ་སྟེགས་ལྗོན་ཤིང་རྩ་ནས་བྲེག །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །
ཞེས་གསུངས་པས། དེར་ན་ལེན་ཏྲ་པ་རྣམས་ཀྱིས། དཔལ་ལྡན་འཇིགས་མེད་གྲགས་པར་མཚན་བཏགས་སོ། །དེ་ནས་མཁན་པོའི་བྱ་བ་ཆོས་འཆད་པ། བསླབ་པ་འབོགས་པ་དང༌། རབ་གནས་བྱེད་པ་དང༌། སེམས་བསྐྱེད་བྱེད་པ་དང༌། དབང་བསྐུར་བྱིན་རླབས་མཛད་པའི་ཚེ། སྔ་དྲོ་ལྟ་རྟོག་མང་བ་མཛད། ནུབ་མོ་ཆོས་མང་པོ་ཞལ་ཐོན་མཛད། བར་བར་དུ་བསྐྱེད་རྫོགས་བསྒོམ། ཞེས་སོགས་ཞིབ་ཏུ་གསལ་ཞིང་། ཡིག་ཆ་ལ་ལར་ནཱ་ལེནྡྲའི་ནུབ་སྒོ་བ་རཏྣ་ཨ་ཀ་ར་ཤནྟི་གྲོངས་ནས་དེའི་ཚབ་ལ་ནཱ་ལེནྡྲ་པས་དབང་བསྐུར་བར་གསལ་ལ། འདིར་ཨ་ཝ་དྷཱུ་ཏི་པ་འདས་པའི་ཚབ་ཏུ་ནཱ་ལེནྡྲའི་མཁན་པོར་བསྐོས་པར་གསུངས།
ཡང་ཁྲོ་ཕུ་དུས་ཞབས་པ་དཔལ་རྒྱས་དབང་པོས་ (དུས་རབས་16/17པ།) མཛད་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་དཔག་བསམ་དབང་པོ་ཐུབ་བསྟན་ཡོངས་འདུའི་དཔལ་གྱི་སྡེའི་རྣམ་པར་ཐར་པ་སྐལ་བཟང་ཀུན་ཏུ་དགའ་བའི་ཟློས་གར་ལས[13]། གཞན་ཡང་བསམ་གཏན་དང་མཐུན་པའི་གནས་མལ་མཆོག་ཏུ་རྒྱལ་བས་ལུང་བསྟན་པ་ཀཤྨིར་སྟེ་ཁ་ཆེའི་ཡུལ། སྔོན་དགྲ་བཅོམ་པ་ཉི་མ་གུང་པས་རྫུ་འཕྲུལ་གྱིས་ཀླུ་ལས་བླངས་ཏེ་སྒྱུ་མ་སྤྲུལ་པའི་ཞིང་ཁམས་གྲོང་ཁྱེར་དཔེ་མེད་ཅེས་མི་ཁྱིམ་འབུམ་ཕྲག་སོ་བདུན་ཡོད་པ་ཕུན་སུམ་ཚོགས་པའི་དཔལ་འབྱོར་ལྷ་ཡུལ་གྱི་འགྲན་ཟླར་འོས་པ་དེར། བྲམ་ཟེ་རྒྱལ་པོ་བྱེད་པའི་མིང་ནཱ་རོ་ཏ་པ་ཞེས་བྱ་བའི་རིགས་ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་ཡུམ་དཔལ་གྱི་བློ་གྲོས་མའི་སྲས་སུ་འཁྲུངས་པའི་མཚན་ཀུན་ཏུ་བཟང་པོ། ཆེར་སྐྱེས་ནས་བྲམ་ཟེའི་ལས་དྲུག་ལ་སོགས་པ་ཕྱི་རོལ་པའི་རིག་གནས་ཐམས་ཅད་ཁོང་དུ་ཆུད། སངས་རྒྱས་ཀྱི་བསྟན་པ་ལ་མི་ཕྱེད་པའི་དད་པས་བདུད་རྩི་འབྱུང་བའི་གཙུག་ལག་ཁང་དུ་མཁན་པོ་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་རྒྱལ་མཚན། སྡེ་སྣོད་གསུམ་པར་གྱུར། མི་བརྗེད་པའི་གཟུངས་ཐོབ། བློ་གྲོས་ཀྱི་ནོར་བཙུན་པ་དབྱིག་གཉེན་ལ་བདོ་བས་གནས་བརྟན་བསྟན་པ་འཛིན་པར་གྲགས། ཡུལ་དབུས་ནཱ་ལནྡའི་མཁན་པོ་མཛད་པས་རྒྱལ་སྲས་ནཱ་ལནྡ་པ་དང་། དེར་མུ་སྟེགས་མང་པོ་རྩོད་པས་ཕམ་པར་མཛད་པས་སྨྲ་བའི་སེང་གེ་རྩོད་མེད་དུ་གླེང་། ཙི་ལུ་པཎྜི་ཏའམ་དུས་འཁོར་ཞབས་ཆེན་པོ་བསྟེན། ཞེས་རྒྱལ་སྲས་ནཱ་ལེནྡྲ་པས་ཙི་ལུ་པ་བསྟེན་ནས་གསན་བསམ་མཛད་ཡུལ་ཡང་ནཱ་ལེནྡྲ་ཡིན་པར་གསལ་ལོ། །རྒྱ་གར་གྱི་མཁན་པོ་དཔལ་ནཱ་ལེནྡྲ་པའི་འགྱུར་གཞུང་ལ། བསྟན་འགྱུར་ལས། རྒྱུད་༼ཟ༽ པོད་དུ་གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་ནཱ་ལེནྡྲ་དང་། པྲཛྙཱ་ཤཱིརྟིས་བསྒྱུར་བ་ལ་རྒྱུད་ཀྱི་སྐོར་ན་ཆོས་ཚན་ ༡ བཞུགས་སོ།།[14] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏཱ་ར་ནཱ་ཐའི་གསུང་འབུམ། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡
[2] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༤བ༦
[3] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ཆ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༥༠
[4] རིན་ཆེན་གྲུབ་ཀྱི་གསུང་འབུམ། ཞོལ་པར་མ། པོད། ༼ད༽ དཔེ་རིང་། ཤོག་གྲངས་ ༢༩བ༤
[5] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣
[6] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ཆ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༤༨
[7] ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཏ༽ རྩིས་ཀྱི་དཀར་ཆག །དཔེ་རིང་། ཤོག་གྲངས་ ༡༡བ༦
[8] ཨ་མེས་ཞབས་བཀའ་འབུམ། ༼ཛ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༧ན༦
[9] བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། ༼བཀའ་འགྱུར་དཔེ་བསྡུར་མ། རྒྱུད། ༼ཐ༽ དེབ་ཨང་། ༦ པ། ༡༩༩༥ ལོ། ཤོག་གྲངས་ ༣༦༢༽
[10] དྷརྨ་ཀཱིརྟི་ཤཱསྟྲམ། ༼ཏ༽ ཀ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༥ན༥
[11] རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ བོད་ཀྱི་དཔེ་མཛོད་ཁང་། ༡༩༩༠ ལོ། ཤོག་ ༨༢༩
[12] ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༧ན༣
[13] དཔག་བསམ་དབང་པོའི་རྣམ་ཐར། འཕྲུལ་དཔར་དཔེ་གཟུགས། ཤོག་གྲངས་ ༡༢ན༢
[14] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་། འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༣༡༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༦ ནས་ ༢༨༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།