༡༽ ནཱ་ལེནྡྲ་ཉམས་གུད་དང་གཏོར་བཤིག་གི་རྒྱུ་རྐྱེན།
སྤྱིར་རྒྱ་གར་དུ་ནང་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་འདིར་དགྲ་ལན་གསུམ་བྱུང་སྟེ་མདོ་རྒྱུད་ཀྱི་གསུང་རབ་དང་། དེའི་འཆད་ཉན་སྒོམ་སྒྲུབ་གནང་མཁན་དགེ་འདུན་གྱི་སྡེ་ཁ་འཐོར་དུ་ཕྱིན་པ་སོགས་གོད་ཆག་ཆེན་པོ་བྱུང་ཡང༌། པཎ་གྲུབ་རྣམས་དང་ཆོས་རྒྱལ་ཚོས་འབད་པ་ཆེ་ཐང་དུ་བགྱིས་པས་རིམ་བཞིན་སོར་ཆུད་དེ་བཤད་སྒྲུབ་ཀྱི་སྡེ་ཆེན་པོ་རྣམས་སྔར་བཞིན་རྒྱས་པ་ལས།
རྒྱ་གར་ཡུལ་དབུས་འདིར་དམ་པའི་ཆོས་ཀྱི་སྣང་བ་རིང་དུ་གནས་ཀྱང་སྟོན་པ་འདས་རྗེས་ཀྱི་ལོ་ ༡༨༠༠ མ་ཟིན་ཙམ་དང་། ཕྱི་ལོ་ ༡༢༠༠ ཡས་མས་སུ་སྐུ་གཟུགས་དང་མཆོད་རྟེན་ལ་ཕྱག་བྱེད་པ་རྣམས་ཇི་ཙམ་གསོད་པ་དང་མེད་པར་བྱེད་ཐུབ་ན་དེ་ཙམ་གྱི་དགེ་བ་རླབས་ཆེན་བསགས་པར་འདོད་པའི་ཀླ་ཀློའི་ཆོས་ལུགས་ཀྱི་དམག་དཔུང་གིས་རྒྱ་གར་ནུབ་ཕྱོགས་ནས་རིམ་གྱིས་ཡུལ་དབུས་བར་དུ་བསད་གཏུབ་ཁྲག་གི་མཚོ་མོ་བསྐྱིལ་ཏེ་མ་ག་དྷར་སླེབས། དེར་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་ཡོད་ཚད་བཤིག །དགེ་འདུན་རྣམས་བཙན་ཐབས་ཀྱིས་ཀླ་ཀློའི་ཆོས་ལུགས་སུ་བཅུག །ཞུགས་མི་འདོད་པ་རྣམས་སྐེ་གཅོད་པ་དང་། ཆུར་བསྐྱུར་བ། གསོན་པོར་དུར་དུ་སྦས་པ་སོགས་གསོད་ལུགས་སྣ་ཚོགས་པའི་སྒོ་ནས་བཀུམ། ཁ་ཤས་ལི་ཡུལ་དང་། བལ་པོ། བོད་སོགས་སུ་བྲོས། གསུང་རབ་རྣམས་མེར་བསྲེགས་ནས་གཅིག་ཀྱང་མ་ལུས་པ་བྱས། ཐ་ན་གཙུག་ལག་ཁང་དང་མཆོད་རྟེན་སོགས་ཀྱི་རྨང་རྡོ་ཚུན་ཆད་ཀྱང་ཆུར་བསྐྱུར་ཏེ་ཤུལ་ཙམ་ཡང་ངོས་ཟིན་དཀའ་བར་བཟོས། དེ་ཐམས་ཅད་ཀྱང་གཙོ་བོ་ཨི་སི་ལམ་ཆོས་ལུགས་པ་ཐམས་ཅད་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁོ་རང་ཚོའི་ཆོས་ལུགས་ལ་དད་པ་མེད་མཁན་ཇི་ཙམ་གསོད་ཐུབ་པ་དང་། མཆོད་གཞིས་ཇི་ཙམ་གཏོར་བཤིག་ཐུབ་པ་དེ་ཙམ་གྱིས་ཐར་པ་རུ་ཉེ་བར་རློམ་པའི་ཉེས་བཤད་ཀྱི་སློབ་གསོ་ལོག་པས་རམ་འདེགས་དང༌། ནང་པར་རྒྱལ་པོ་དང་གཞུང་ཕྱོགས་ཀྱིས་མགོ་འདོན་མེད་པ། ནང་པའི་རྒྱལ་ཁབ་རྣམས་དང་ཆོས་བྱེད་མི་སྣ་ཕན་ཚུན་མཉམ་སྦྲེལ་གྱིས་སྟོབས་ཤུགས་མ་བཏོན་པ་བཅས་རྐྱེན་འདྲ་མིན་ལ་བརྟེན་དུས་རབས་བཅུ་གསུམ་པའི་དཀྱིལ་ཙམ་ནས་སློབ་གཉེར་ཁང་འདི་རྣམས་རྩ་མེད་དུ་བཏང་ཞིང༌། དེའི་རྐྱེན་གྱིས་རྒྱ་གར་འཕགས་པའི་ཡུལ་གྱི་ནང་པའི་བསྟན་པ་མིང་ཙམ་ཡང་མ་ལུས་པར་གྱུར། འདི་ནི་ནང་པའི་བསྟན་པ་ལ་བྱུང་བའི་དགྲ་བཞི་པ་དེ་ཡིན་ལ། འཛམ་གླིང་ས་གཞི་ཆེན་པོའི་ཞི་བདེ་དང་ལྷིང་འཇགས་ལ་ཐེབས་པའི་གྱོང་གུད་ཆེ་ཤོས་ཀྱང་ཡིན། བར་སྐབས་ཤིག་ནས་སིངྒ་ལ་དང་འཇར་པན་སོགས་ནང་པ་རྣམས་ཀྱིས་རྒྱ་གར་ནང་པའི་གནས་ཆེན་ཁག་གི་མཆོད་རྟེན་དང་། གཙུག་ལག་ཁང་སོགས་ཕྲན་བུ་ཉམས་གསོ་བྱས་ཡོད་ན་ཡང་། སློབ་གཉེར་ཁང་འདི་རྣམས་ནི་ད་དུང་ཡང་ཤུལ་ཙམ་ཡང་རྙེད་དཀའ་བ་ལྟ་བུར་གནས་པ་ལས། སུས་ཀྱང་ཉམས་གསོ་བྱེད་དགོས་པའི་སྣང་བ་ཙམ་ཡང་ཤར་མི་འདུག་གོ།[1]


༡) གཞི་རྩའི་རྒྱུ་རྐྱེན།
དེ་ཡང་རྒྱ་གར་འཕགས་ཡུལ་དུ་རྒྱལ་བསྟན་ཉམས་པའི་རྒྱུ་རྐྱེན་དང་། རྒྱལ་བསྟན་གྱི་ལྟེ་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཤིག་གི་རྒྱུ་རྐྱེན་ལ་དཔྱད་ཚེ། ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ལོ་རྒྱུས་ཁྲོད་འཕེལ་འགྲིབ་སྣ་ཚོགས་ཀྱི་གཞི་རྩའི་རྒྱུ་རྐྱེན་དང་གཅིག །གློ་བུར་དུ་བྱུང་བའི་འཕྲལ་རྐྱེན་བཅས་གཙོ་བོ་གཉིས་ལས། དང་པོ་ནི། ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་འཕེལ་འགྲིབ་ཀྱི་གཞི་རྩའི་རྒྱུ་རྐྱེན་དང་། དེ་ཡང་ནང་ཆོས་དང་རྗེས་འཇུག་མང་ཚོགས་བར་འདྲིས་གཤིབ་ཀྱི་ཆ་ནས་བལྟས་ཚེ། ནང་ཆོས་ནི་རྒྱ་གར་འཕགས་ཡུལ་དུ་གནའ་དུས་ནས་དར་འཕེལ་བྱུང་བའི་བྲམ་ཟེའི་ཆོས་ལུགས་སོགས་དང་བསྡུར་ན། ནང་ཆོས་དར་འཕེལ་བྱུང་བ་ཧ་ཅང་ཕྱི་བའི་དབང་གིས་ཆོས་ལུགས་གཞན་ལྟར་ནང་ཆོས་ཀྱིས་མང་ཚོགས་ཀྱི་སེམས་པར་བཞག་པའི་བག་ཆགས་ཀྱི་ཤུགས་རྐྱེན་དང་། བརྟན་བརླིང་སྲ་བརྟན། དར་ཁྱབ་ཆེ་ཆུང་། གདུལ་བྱའི་གྲངས་འབོར་སོགས་བསྡུར་ཐབས་མེད་པ་དང་གཅིག
གཉིས་པ། ཕྱི་ནང་གྲུབ་མཐའི་བར་གྱི་འགྲན་རྩོད་ཀྱི་ཆ་ནས་བལྟས་ཀྱང་། ནང་ཆོས་ཐོག་མར་སྲོལ་བཏོད་པ་ནས་ཕྱི་ནང་གྲུབ་མཐའི་འགྲན་རྩོད་ཆེ་བའི་དཀྱིལ་འཁོར་ནང་འཚར་ལོངས་དར་འཕེལ་བྱུང་བ་ཞིག་སྟེ། དེ་ཡང་སྟོན་པ་བཀའ་དྲིན་ཉིད་ཀྱི་སྐུ་དུས་སུ་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་སོགས་དྲུག་དང་རྫུ་འཕྲུལ་འགྲན་པ་དང་། ཀླུ་སྒྲུབ་ཀྱི་སྐུ་དུས་སུ་ལྷོ་ཕྱོགས་སུ་བྲམ་ཟེ་ནུས་ལྡན་རྫུ་འཕྲུལ་གྱིས་བཏུལ་ཚུལ། ཁོང་གི་སློབ་མ་རྒྱལ་སྲས་འཕགས་པ་ལྷའི་སྐུ་དུས་སུ་ནཱ་ལེནྡྲར་མུ་སྟེགས་རྟ་དབྱངས་དང་རྩོད་པ་དང་ནུས་པ་རྫུ་འཕྲུལ་སོགས་འགྲན་པ། དཔལ་ལྡན་ཟླ་བ་གྲགས་པའི་དུས་སུ་དཔལ་ནཱ་ལེནྡྲར་ཏུ་རུཥྐའི་དམག་གི་འཇིག་པ་བྱུང་སྐབས་རྡོའི་སེངྒེས་ཏུ་རུཥྐའི་དམག་བཟློག་ཚུལ། རྒྱལ་སྲས་ཞི་བའི་རྣམ་ཐར་ལྟར་ནའང་། འཐབ་རྩོད་དང་ལྟ་ངན་བཟློག་ཅིང་ཕོངས་པ་ལས་བསྐྱབས་པ་དང་། རྫུ་འཕྲུལ་གྱིས་མུ་སྟེགས་པ་བཏུལ་བ། མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་མཁན་པོ་མཛད་སྐབས་ལྷོ་ཕྱོགས་ནས་བྲམ་ཟེ་མུ་སྟེགས་སོགས་ཀྱི་རིག་བྱེད་མཐའ་དག་ལ་མཁས་པའི་རྒོལ་བ་རིགས་པས་ཕམ་པར་མཛད་པ། ཁོང་གི་དངོས་སློབ་ཀ་མ་ལ་ཤཱི་ལས་འཕགས་ཡུལ་དུ་རྩོད་པ་མཛད་ཚུལ་རྣམ་ཐར་དུ་མི་གསལ་མོད། འོན་ཀྱང་བོད་གངས་ཅན་གྱི་ལྗོངས་སུའང་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་ལུང་རིགས་ཀྱི་རྩོད་པས་ཚར་བཅད་པ། སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱི་སྐུ་ཚེའི་སྨད་ཀྱི་དུས་སུ་དཔལ་ནཱ་ལེནྡྲར་དགུན་དུས་ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རྣམས་རིགས་པས་སུན་ཕྱུང་བ། གཅུང་སློབ་དཔོན་དབྱིག་གཉེན་གྱིས་ཨ་ཡུར་ཙཱ་ཞེས་པའི་ཡུལ་གྱི་རྩོད་གྲྭ་ཞིག་ཏུ་མུ་སྟེགས་པའི་བྲམ་ཟེ་དང་རྩོད་པ་མཛད་པ། ཁོང་གི་དངོས་སློབ་དཔོན་ཕྱོགས་གླང་དང་མུ་སྟེགས་ནག་པོ་ཐུབ་རྒྱལ་རྩོད་པ་མཛད་པ། རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་གྲགས་དང་སཾ་ག་ཨཱ་ཙརྱ་སྐྱེ་བ་རྒྱུན་མར་རྩོད་པ་མཛད་པ། སློབ་དཔོན་སེངྒེ་བཟང་པོའི་སྐུ་དུས་སུ་རྒྱ་གར་ཤར་ཕྱོགས་སུ་རྩོད་པའི་ཁྱད་པར་མང་པོ་བྱུང་བ། ཇོ་བོ་རྗེས་ཀྱང་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་ཞིག་དང་རྩོད་ཅིང་། ལྷག་པར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་དང་། གདུགས་བརྒྱད། གདུགས་ལྔ་ཕུབ་པ་རྣམས་རིམ་པར་རྩོད་པས་ཚར་བཅད་པ་སོགས་པཎ་གྲུབ་བཅུ་བདུན་ཁོ་ནའི་དབང་དུ་བྱས་ཀྱང་ཕྱི་ནང་གཉིས་བར་རྩོད་པ་མང་དུ་བྱུང་ཞིང་། ལྷག་པར་པཎ་གྲུབ་བཅུ་བདུན་གྱི་ལེགས་བཤད་བསྟན་བཅོས་རྣམས་ལ་ཞིབ་ཏུ་མཇལ་ཚེ་དགག་བཞག་སྤོང་གསུམ་ཇི་ལྟར་མཛད་པ་སོགས་ལས་གསལ་བར་རྟོགས་ནུས་ལ། དེ་ལ་བརྟེན་ནས་ཕྱི་ནང་གཉིས་ཀའི་ཚད་མ་རིགས་པའི་གཞུང་ལའང་འཕེལ་རྒྱས་ཤུགས་ཆེ་བྱུང་བའང་ཟུར་བལྟས་ལེབ་མཐོང་ཡིན།
དེ་ལྟར་རྒྱ་གར་དུ་ཕྱི་ནང་བར་དུས་རབས་བཅུ་གཉིས་པའི་བར་དུ་རྩོད་པ་བྱུང་བ་ནི་ཕྱོགས་གཅིག་རྒྱལ་བསྟན་ཡུན་གནས་ཀྱི་འགོག་རྐྱེན་ལྟ་བུར་གྱུར་ནས་མཐར་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིགས་ལམ་གྱི་རྩོད་པ་དེ་ཉིད་མཐར་མདའ་གྲི་མདུང་གསུམ་ཐོགས་པའི་དུ་རུཥྐའི་དམག་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཙོ་གྱུར་ནང་བསྟན་གྱི་ཆོས་སྡེ་གཏོར་བཤིག་བཏང་སྟེ་མིང་གི་ལྷག་མར་གྱུར་པའོ།།
གསུམ་པ། ཆོས་ལུགས་དར་ཡུལ་གྱི་ཁོར་ཡུག་གི་ཆ་ནས་བལྟས་ཀྱང་། སངས་རྒྱས་ཆོས་ལུགས་རྒྱ་གར་དུ་དར་འཕེལ་བྱུང་བ་ནས་བཟུང་། ཆོས་རྒྱལ་རིམ་བྱུང་དང་ཁྱིམ་བདག་འབྱོར་ལྡན་སོགས་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་པར་དག་ལ་གཏོང་ཕོད་ཆེ་བའི་སྦྱིན་བདག་རྣམས་ཀྱིས་གསར་བཞེངས་རྒྱས་སྐྲུན་དང་ཉམས་གསོ་གནང་བའི་གཙུག་ལག་ཁང་ཆེན་པོ་དེ་དག་གི་ཁོར་ཡུག་ཙམ་ལས། གཞི་རིམ་མང་ཚོགས་ཁྲོད་རྨང་གཞི་ཟབ་བརླིང་རྒྱ་ཁྱབ་ཏུ་འགྲོ་ཐུབ་མེད།
དེ་ཡང་གཙོ་གནད་གཅིག་ནི། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[2]། ཆག་ལོའི་རྣམ་ཐར་དུ་ཝི་ཀྲ་མ་ལ་ཤཱི་ལ་དང་། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་སྐོར་གྱི་གནས་བཤད་མེད་པར་བརྟེན། ཆོས་རྗེ་ཕྱི་ལོ་ ༡༢༣༦ ཙམ་ལ་བོད་ལ་ཕྱིར་ལོག་གནང་སྐབས་ཆོས་སྡེ་དེ་གཉིས་གར་ལོག་དམག་གམ་ཁ་ཆེའི་དམག་གིས་གཏོར་བཤིག་བཏང་ནས་མཇལ་རྒྱུ་མེད་པའི་རྟགས་མཚན་ཞིག་རེད། འོ་ན་ཁ་ཆེའི་ཆོས་པ་ནི་སྐབས་དེའི་ནང་པ་དང་། གཅེར་བུ་བ་དང་། ཧིན་དྷུའི་ཆོས་པ་བཅས་ཚང་མའི་བསྟན་པའི་གཤེད་མ་ཡིན་ཀྱང་ཆོས་ལུགས་གཞན་གཉིས་ལྷག་ནས་ནང་པ་རྒྱ་གར་དུ་ཧ་ལམ་རྩ་མེད་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྐབས་དེའི་ནང་ཆོས་ནི་གཙོ་བོར་རབ་བྱུང་རྣམས་ཀྱིས་འཛིན་སྐྱོང་དང་འཆད་སྤེལ་གནང་གཤིས། དེ་དག་གི་གནས་གཞི་དགོན་སྡེ་དག་རྩ་གཏོར་བཏང་ན་ནང་ཆོས་གནས་སའི་ཐབས་ཚུལ་མེད་པ་དང་གཅིག །གཉིས་དོན་ནང་པའི་ཆོས་སྡེ་ནཱ་ལེནྡྲ་དང་། ཝི་ཀྲ་མ་ལ་ཤཱི་ལ་སོགས་ནི་ཧ་ཅང་གཞི་རྒྱ་ཆེ་ལ་བཀོད་པ་མཛེས་ཤིང་། ཕྱི་རོལ་རྣམས་སོ་ཕག་གི་ལྕགས་རིས་ཁོར་ཡུག་ཏུ་བསྐོར་བ། ཕྱི་རོལ་ནས་མཇལ་ཚེ་རྒྱལ་པོའི་ཕོ་བྲང་ལྟ་བུའི་ཉམས་ཡོད་པ་དང་། དགེ་འདུན་རྣམས་ཀྱང་འདུལ་གཞུང་ནས་བཤད་པ་ལྟར་ཚད་གཞི་གཅིག་གྱུར་གྱི་ན་བཟའ་སེར་པོས་བཀླུབས་ཤིང་། བསོད་སྙོམས་ཕེབས་སྐབས་ཀྱང་སྤྱོད་ལམ་སྒྲིག་ཚུལ་ཅན་གྱི་སེར་བང་བསྒྲིགས་ནས་གཤེགས་ཀྱིན་ཡོད་པར་བརྟེན། བཙན་འཛུལ་ཁ་ཆེའི་ཆོས་པས་ཀྱང་དགྲ་ཡི་གཙོ་བོར་འཛིན་པར་མངོན། ཅིག་ཤོས་ཧིན་དྷུའི་ཆོས་ནི་ཁྱིམ་པས་འཛིན་སྐྱོང་འཆད་སྤེལ་བྱེད་ལ། གནས་གཞི་ལྷ་ཁང་ཆུང་ཆུང་ཙམ་ལས་དགོན་པ་ཆེན་པོའི་སྒྲིག་འཛུགས་མེད་པར་མི་དམངས་ཀྱི་ཁྲོད་དུ་ཆུ་དང་འོ་མ་ལྟར་འདྲེས་ནས་གནས་ཡོད་པར་བརྟེན་ཧིན་དྷུའི་ཆོས་རྩ་མེད་དུ་གཏོང་བ་ལ་མི་མང་རྩ་མེད་དུ་གཏོང་རྒྱུ་ལས་གཞན་པའི་ཐབས་ཚུལ་མེད་པའི་དབང་གིས་ཁ་ཆེའི་ཆོས་པས་ཧིན་དྷུའི་ཆོས་རྩ་མེད་གཏོང་མ་ཐུབ་པ་རེད།
གང་ལྟར་ཁ་ཆེའི་དམག་གིས་རྒྱ་གར་ཤར་ཕྱོགས་དབང་དུ་བསྡུས་རྗེས། ནང་པའི་དགོན་ཆེན་གྱིས་མཚོན་པས་ནང་ཆོས་ཀྱི་སྒྲིག་ཁྲིམས་གནས་ས་རྣམས་རྩ་གཏོར་བཏང་བ་ཙམ་ལས། དེ་རྗེས་མ་ག་དྷའི་ས་ཁུལ་ལ་ནང་པ་རྒྱུན་མར་གནས་ཡོད་པ་ནི་གོང་དུ་ཞུས་པ་ལྟར་དང༌། སློབ་དཔོན་ཏུ་ཅིས་དུས་རབས་བཅོ་བརྒྱད་པ་ཡང་ཨོ་རི་ས་དང་བྷཾ་ག་ལར་ནང་པའི་དགོན་པ་ཡོད་པ་ཝ་སུ་ (N.N Vasu) དང་། ཧ་ར་པྲ་སཱ་དས་ (Mm. Haraprasada) ཀྱིས་འགྲེལ་བརྗོད་བྱས་ཡོད་གསུངས། ལྷག་པར་ཏཱ་ར་ནཱ་ཐས་སངས་རྒྱས་སྦས་པའི་ (Buddhagupta) ལམ་ཡིག་ལ་བརྟེན་ནས་དུས་རབས་བཅུ་དྲུག་པའི་སྐབས་ཀྱི་རྒྱ་གར་གྱི་ཆོས་འབྱུང་གསུངས་ཡོད། སངས་རྒྱས་སྦས་པ་ནི་རྒྱ་གར་ལྷོ་ཕྱོགས་སུ་བལྟམས་ནས་དགུང་ལོ་བགྲེས་པོར་སོན་ནས་རབ་ཏུ་བྱུང་སྟེ། རྒྱ་གར་ས་གནས་གང་སར་གནས་གཟིགས་ལ་ཕེབས་པར་མ་ཟད། ཇ་ཝད་ཝི་པ་ (Javadvipa) དང་། ཤྲི་ལངྐ་སོགས་ལའང་ཕེབས་ཡོད། འདིའི་ལམ་ཡིག་ནི་དུས་རབས་བཅུ་དྲུག་པའི་སྐབས་ཀྱི་ནང་ཆོས་ཤེས་རྒྱུའི་ཡིག་ཆ་གལ་ཆེ་ཞིག་ཡིན།
གཞན་ཡང་ཨོ་རི་ས་དང་། བྷཾ་ག་ལར་ཤེར་ཕྱིན་ལ་དད་པ་བྱེད་མཁན་ནང་པ་དུས་ད་ལྟ་བར་ཡོད་པས་ཤེས་ནུས་པར་མ་ཟད། ཁོ་ཚོས་ཁ་འདོན་དཔེ་ཆ་ཕྱི་ལོ་ ༡༩༡༠ ཙམ་ལ་བྲིས་པ་ནི་ཤེར་ཕྱིན་མདོ་ཡིན་པ་གསལ་པོར་ཆགས། དད་ལྡན་དེ་རྣམས་ནང་པ་ཡིན་པར་གསལ་བསྒྲགས་མི་བྱེད་ཀྱང་། དོན་ལ་ཆོས་ལུགས་དེ་བཞིན་ནང་པ་འཁྲུལ་མེད་རེད། ཕྱོགས་མཚུངས་ཤར་བྷཾ་ག་ལར་ཤྲི་ལངྐ་དང་བྷར་མ་ནས་བརྒྱུད་པའི་ནང་པ་མ་ཡིན། གནའ་རབས་ཀྱི་ནང་པ་འབུམ་ཕྲག་འགའ་ཤས་ཡོད་དོ། །ཞེས་གསུངས་པ་ལྟར་རོ།།
བཞི་པ། ཆོས་ལུགས་ཀྱི་རྒྱབ་རྟེན་རང་བཞིན་གྱི་ཆ་ནས་བལྟས་ཀྱང་། སྐབས་དེར་མཚོན་ན་སངས་རྒྱས་ཆོས་ལུགས་ཀྱི་རྒྱབ་རྟེན་བཅོལ་ཡུལ་ནི་ཡུལ་གྱི་རྒྱལ་པོ་ཆེན་པོ་རྣམས་ཡིན་པས། རྒྱལ་པོ་དེ་དག་ཀྱང་ཕྱི་ནང་ཆོས་ལུགས་བརྗེ་བསྒྱུར་སྣ་ཚོགས་བྱུང་ཞིང་། རྒྱལ་པོ་ཆོས་དད་ཡོད་མེད་སོགས་ལས་རྒྱལ་བསྟན་ཡུན་གནས་ཐུབ་མིན་ལའང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་ཡོད། དེ་ཡང་སྔོན་བྱུང་ལོ་རྒྱུས་སྟེང་ཙན་དྲའི་མཚན་ཅན་རྒྱལ་རབས་བཅུ་དགུ་དང་། པཱ་ལའི་མཚན་ཅན་རྒྱལ་རབས་བཅུ་དགུ་སོགས་རྒྱལ་རབས་རྒྱལ་བརྒྱུད་མང་དུ་བྱུང་ཡང་། དོན་ལ་སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་ལོ་རྒྱུས་ནང་ཙནྡྲ་བདུན་དང་། པཱ་ལ་བདུན་བརྒྱུད་དུ་གྲགས་པ་ནི་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་བྱེད་མཁན་ཞིག་ཡིན་པ་ལས། དེ་ལས་གཞན་པ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལ་རྒྱབ་སྐྱོར་མ་བྱས་པ་དང་། ནུས་པ་ཆེར་མ་བཏོན་པ་སོགས་ཀྱི་རྐྱེན་པས་དེ་དག་གི་སྐབས་སོ་སོར་ཉམས་ཆག་ཐེངས་མང་བྱུང་ཡོད།
རྒྱལ་པོ་ཟེར་བ་དེ་ནི་འགྱུར་ལྡོག་འགྲོ་སླ་བ་ཙམ་དུ་མ་ཟད། སུས་ཀྱང་འཐབ་རྩོད་ཀྱི་ཡུལ་ཞིག་ཡིན་སྟབས། རྒྱལ་པོའི་དར་རྒུད་དང་སངས་རྒྱས་ཆོས་ལུགས་ཀྱི་ཚེ་སྲོག་གཤིབ་ནས་ཡོད་སྟབས། དུས་ཕྱིས་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་ཆེན་པོ་ཡོད་པའི་སྟོབས་ལྡན་གྱི་རྒྱལ་པོ་མ་བྱུང་བ་དང་། རྒྱ་གར་དབང་སྒྱུར་བྱེད་མཁན་གྱི་རྒྱལ་པོ་དེ་ཚོ་མཐའ་གཅིག་ཏུ་ཁ་ཆེའི་ཆོས་ལུགས་ལ་དད་འདུན་དང་གུས་བརྩི་བྱེད་མཁན་ཡིན་སྟབས། སངས་རྒྱས་ཆོས་ལུགས་པ་རྣམས་ལ་སྦྱིན་བདག་བྱེད་རྒྱུ་ཕར་ཞོག་རྒྱ་གར་ནང་སངས་རྒྱས་ཆོས་ལུགས་མཇུག་སྡུད་ལྟ་བུ་བརྒྱབ་པ་རེད།
ལྔ་པ། ཆོས་ལུགས་དང་ཆོས་པ་རང་ངོས་ཀྱི་རྒྱུ་རྐྱེན་གྱི་ཆ་ནས་བལྟས་ན། སྟོན་པ་ཉིད་ཀྱི་སྐུ་དུས་ནས་བཟུང་སྟེ་རིམ་བཞིན་རྒྱ་གར་འཕགས་ཡུལ་དུ་ནང་བསྟན་གྱི་ཆོས་སྡེ་མང་དུ་བྱུང་ཡང་། དེ་དག་ཆོས་རྒྱལ་རྣམས་ཀྱི་བང་མཛོད་ནས་འགྲོ་གྲོན་གཏོང་ཡུལ་ཤ་སྟག་ཡིན་པ་དང་། རྒྱལ་པོའི་ཕོ་བྲང་ནས་འགྲོ་སོང་ཇི་ཙམ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་མང་ཚོགས་ཀྱི་ཁུར་པོ་ལྕི་རུ་ཕྱིན་ཏེ་མཐར་སངས་རྒྱས་ཆོས་ལུགས་ཀྱི་རིན་ཐང་ཇི་ཡིན་ལ་མ་ལྟོས་པར་མང་ཚོགས་རང་ཉིད་ཀྱི་དཀའ་ཁག་མ་བཟོད་པར་སངས་རྒྱས་ཆོས་ལུགས་རྒྱ་གར་སྤྱི་ཚོགས་ནས་འཇའ་ཡལ་བ་ལྟར་ཕྱིན་པ་རེད། དེས་ན་ཆོས་ལུགས་དང་ཆོས་པ་རང་ངོས་ཀྱི་རྒྱུ་རྐྱེན་ཆ་ནས་བཤད་ཚེ། དགོན་པ་ཁག་དཔལ་འབྱོར་གྱི་རྒྱས་སྤྲོས་ཆེན་པོ་བྱས་ནས་གཞི་རིམ་མང་ཚོགས་ཀྱི་དཔལ་འབྱོར་གྱི་གཉའ་གནོན་ལྕི་དྲགས་པ་དང་གཅིག །གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་སར་མ་གནས་པར་དེའི་སྤྱོད་པ་རྒྱ་ཆེར་སྤེལ་བས་མང་ཚོགས་དད་ལོག་བྱུང་བ་དང་གཉིས། ནང་པ་རང་ཉིད་ཀྱི་ནང་ལྟ་གྲུབ་གང་མང་བྱུང་ནས་ཕན་ཚུན་འགལ་ཟླ་ཤུགས་ཆེ་ཆགས་པ་བཅས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་རང་གི་མཚན་ལ་དང་གོང་བུའི་སྟོབས་ཤུགས་ཉམས་པ་བཅས་ཀྱིས་སངས་རྒྱས་ཆོས་ལུགས་ཉམས་ཆག་སོང་བ་ཞིག་ཡིན།
ཡིན་ན་ཡང་གསང་སྔགས་ཀྱི་སྤྱོད་པར་བརྟེན་ནས་སངས་རྒྱས་ཆོས་ལུགས་ཉམས་ཆག་བྱུང་ཚུལ་འདི་དོན་དངོས་ཤིག་ཡིན་པ་ཁས་མི་ལེན་མཁན་མང་པོ་ཡོད། རྒྱ་གར་གྱི་སློབ་དཔོན་ཆེན་མོ་རཱམ་ཤིངྐར་ཏྲཋི་ (Prof. Ram Shankar Tripathi) ལགས་ཀྱིས། འགའ་ཞིག་གི་ཤོད་སྲོལ་ལ་གསང་སྔགས་དར་བའི་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་ནུབ་པར་བཤད། གང་ཡིན་ཞེ་ན། ཆང་འཐུང་བ་སོགས་ཀྱི་སྤྱོད་ཚུལ་ལ་མི་མང་གིས་དགའ་མོས་མ་བྱས། དད་པ་མ་བྱུང་། དེའི་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་ནུབ་པར་འདོད། ངས་དེ་ཁས་ལེན་གྱི་མེད། སྔགས་ཀྱི་ནང་རིགས་ལྔའི་ལམ་ནས་ལོངས་སུ་སྤྱོད་ཆོག་པ་ནང་པའི་གསང་སྔགས་གཅིག་པོ་མ་རེད། ཤཻབཏཾཏྲ་ཞི་བ་དང་ཤཾཀཏ་ཏཾཏྲ་ཞི་བྱེད་གཉིས་ཀྱང་དེང་སང་དར་ཁྱབ་ཡོད་པ་རེད། དེས་ན་སངས་རྒྱས་ཆོས་ལུགས་ཀྱི་སྔགས་ཕྱོགས་གང་འདྲ་བྱས་ནས་ནུབ་པ་རེད། གལ་སྲིད། སྤྱོད་ཚུལ་གྱི་ལམ་ནས་ནུབ་པ་བྱུང་ན། ཁོང་ཚོའི་གསང་སྔགས་ཀྱང་ནུབ་དགོས་ཀྱི་རེད། དེར་སྤྱོད་ཚུལ་གྱི་ལམ་གཅིག་མཚུངས་རེད། དེ་ནི་སངས་རྒྱས་བསྟན་པ་ནུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་མ་མཐོང་ཞེས་གསུངས་ཡོད།
དྲུག་པ། མང་ཚོགས་ཀྱི་ཤེས་ཚད་ཀྱི་ཆ་ནས་བལྟས་ན། གཞི་རིམ་མང་ཚོགས་ཀྱི་བསམ་བློའི་སྨིན་ཚད་མཐོ་པོ་མིན་པར་རང་རང་གི་རྒྱུན་སྲོལ་ལམ། ཡང་ན་ཁོར་ཡུག་གི་ཆ་ནས་བླ་མ་གང་ཞིག་ལ་དད་འདུན་བྱེད་པ་ཙམ་གྱི་གནས་སྟངས་འོག་ཡོད་སྟབས། དེ་སྔ་བོད་ཀྱི་གཏམ་དཔེར། བླ་མས་ཅི་གསུང་བཀའ། མཛུབ་མོ་གང་བསྟན་ཤར། ཟེར་བ་ལྟར་ཡིན་སྟབས། སྐབས་དེའི་མང་ཚོགས་ནི་སྲོལ་རྒྱུན་གྱི་བསམ་བློའི་ཤུགས་རྐྱེན་བླ་ན་མེད་པ་ཞིག་ཡིན་པ་དེ་ཉིད། སྐབས་འགར་སངས་རྒྱས་ཆོས་ལུགས་དར་བའི་མཐུན་རྐྱེན་དུ་ཕྱིན་ཡོད་པ་དང་། སྐབས་འགར་སངས་རྒྱས་ཆོས་ལུགས་ཉམས་ཆག་ཏུ་འགྲོ་བའི་མཐུན་རྐྱེན་དུའང་གྱུར་ཡོད། དཔེར་ན། ཡུལ་མཉན་ཡོད་ནས་སངས་རྒྱས་ཤཱཀྱ་མུ་ནེས་མུ་སྟེགས་པའི་སྟོན་པ་རྫོགས་བྱེད་སོགས་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པས་མཐར་མུ་སྟེགས་པ་དེ་ཚོས་སོ་སོ་ཕམ་པ་ཁས་བླངས་ནས་རང་ཤི་བརྒྱབ་སྟབས་ཁོ་ཚོའི་སློབ་མ་མང་པོས་ཀྱང་རང་ཉིད་ཀྱི་སྟོན་པ་དེ་དག་ཕམ་པ་མིག་མཐོང་ལག་ཟིན་བྱུང་སྐབས་སངས་རྒྱས་ཆོས་ལུགས་སུ་ཞུགས་པ་དང་། དུས་ཕྱིས་སློབ་དཔོན་རྟ་དབྱངས་སློབ་དཔོན་ཨརྱ་དེ་བའམ་སློབ་དཔོན་པར་སཱི་བས་བཏུལ་སྐབས་རྟ་དབྱངས་རང་ཉིད་དང་ལྷན་དུ་ཁོང་གི་སློབ་མ་དང་། དད་ལྡན་མང་ཚོགས་ཁྲི་སྟོང་མང་པོ་སངས་རྒྱས་ཆོས་ལུགས་སུ་ཞུགས་པ་སོགས་བྱུང་མོད། དེ་མཚུངས་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་ཆེན་པོ་རྣམས་ཀྱི་བདག་པོ་པཎ་གྲུབ་དེ་འདྲ་མུ་སྟེགས་པའི་མཁས་པ་དང་ལྷན་དུ་བསྟན་པ་རྒྱན་ལ་བཞག་ནས་རྩོད་དུ་ཕེབས་པ་དེ་ཚོའི་ལག་ནས་ཕམ་སྟེ་པཎ་གྲུབ་དེའི་མངའ་ཞབས་ཀྱི་གཙུག་ལག་ཁང་ཡོངས་རྫོགས་མུ་སྟེགས་པའི་ཆོས་སུ་བསྒྱུར་དགོས་པ་ཡང་བྱུང་བ་དེ་ཚོ་ཚང་མ་གང་ཟག་སོ་སོས་རྣམ་དཔྱོད་ལ་བརྟེན་ནས་ཆོས་ལུགས་གང་རུང་ཞིག་གི་སྒོར་ཞུགས་པ་མིན་པར་སོ་སོའི་གུས་བརྩི་བྱེད་སའི་པཎ་གྲུབ་ག་གེ་མོ་ཞིག་གི་རྗེས་སུ་འབྲངས་ནས་ཡོད་པའི་ཤེས་བྱེད་ཡིན་སྟབས། དེ་འདྲའི་ཤེས་ཚད་ཙམ་ལས་མེད་པའི་མང་ཚོགས་ཤིག་གི་ནང་སངས་རྒྱས་ཆོས་ལུགས་བརྟན་བརླིང་ངང་ཡུན་རིང་གནས་རྒྱུ་ཆེས་དཀའ་ངལ་ཅན་ཞིག་ཡིན་པ་སྨོས་ཅི་དགོས།
༢) གློ་བུར་བའི་འཕྲལ་རྐྱེན།
རྒྱ་གར་འཕགས་ཡུལ་དུ་རྒྱལ་བསྟན་ཡུན་གནས་སྲ་བརྟན་མི་ཐུབ་པ་ནི། བྱུང་རབས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་རིམ་འཕེལ་སྣ་ཚོགས་བྱུང་བའི་ཁྲོད་གཞི་རིམ་གྱི་རྒྱུ་རྐྱེན་ཐད་དུས་ཚོད་དང་འགྲན་རྩོད། ཁོར་ཡུག་དང་རྒྱབ་རྟེན། ཆོས་དང་ཆོས་པ། རྒྱལ་པོ་དང་ཆབས་འབངས་ཀྱི་ངོས་སོགས་ཕྱོགས་མང་པོ་ནས་བལྟས་ཚེ་རྒྱལ་བསྟན་ཡུན་གནས་མི་ཐུབ་པའི་རྨང་གཞིའི་རྒྱུ་རྐྱེན་སྣ་མང་འཛོམས་པའི་ཐོག་ཏུ་གློ་བུར་དུ་དུ་རུཥྐའི་དྲག་དམག་གི་འཕྲལ་རྐྱེན་ཞིག་ཀྱང་བྱུང་བ་ནི། གཅིག་ནས་སངས་རྒྱས་ཆོས་ཀྱིས་མཚོན་པའི་རྒྱ་གར་གྱི་ཆོས་ལུགས་གཏན་སྣུབ་བྱས་ཏེ་འཛམ་གླིང་ཚང་མ་ཁ་ཆེའི་ཆོས་ལུགས་ཀྱི་དབང་བསྒྱུར་བྱེད་འདོད་ཀྱི་ཧམ་སེམས་དང་། གཉིས་ནས་རྒྱ་གར་གྱི་དཔལ་ཡོན་ལ་འདོད་སྲེད་མེ་ལྟར་མཆེད་པའི་རྒྱུ་རྐྱེན་འོག་ཁ་ཆེའི་དམག་དཔུང་རིམ་བསྟུད་སླེབས་ནས་མཐར་རྒྱ་གར་ཁ་ཆེའི་དབང་འོག་ཏུ་ཤོར་ཏེ་རྒྱ་གར་འཕགས་པའི་ཡུལ་གྱི་སྣོད་བཅུད་གཉིས་ཀའི་པགས་པ་དམར་བཤུ་བརྒྱབ་པ་རེད།
དེ་ཡང་རྒྱ་གར་གྱི་དངོས་པོའི་དཔལ་ཡོན་བཙན་འཕྲོག་བྱས་པས་མི་ཚད་ཡུལ་གྱི་ཆོས་ལུགས་ཀྱང་གཏན་སྣུབ་བྱས་པ་ནི་རི་བྱ་ཡོང་ནས་ཡུལ་བྱ་ཕུད་པ་ལྟར་གྱུར་ཀྱང་། ལས་དབང་ཞིག་གིས་སངས་རྒྱས་པའི་རྣལ་འབྱོར་པའི་གྲུབ་རྟགས་དང་། མཁས་པའི་བགྲོ་གླེང་། རྒྱལ་པོའི་དམག་དཔུང་། ཕྱུག་པོའི་རྒྱུ་ནོར་གང་གིས་ཀྱང་བཟློག་མ་ཐུབ་པར། སངས་རྒྱས་ཆོས་ལུགས་རང་ཉིད་ཀྱི་ཕ་ཡུལ་ནས་འཇའ་ལྟར་ཡལ་བ་ལྟར་གྱུར་པ་རེད། དེ་སྐབས་ཀྱི་ཁ་ཆེ་བཙན་འཛུལ་དེ་ཉིད་རྒྱ་གར་གྱི་ཆོས་ལུགས་ཚང་མར་རྒྱུགས་པ་ལེབ་བརྡུང་འཁེལ་བ་ལས། མཐའ་གཅིག་ཏུ་སངས་རྒྱས་ཆོས་ལུགས་ལ་འཁོན་སེམས་བྱས་པ་ཞིག་མིན་པ་ཡང་བསམ་ཤེས་ཐུབ་དགོས།

ཡིན་ན་ཡང་། དེ་སྐབས་ཀྱི་དྲག་གནོན་ལམ་ལུགས་ནི་མི་སྤྱོད་ལས་རིང་དུ་འདས་པ་ཞིག་ཡིན་པ་དེ་བློ་ཡུལ་ལས་འགོངས་པ་ཞིག་ཡིན། སྐབས་དེའི་གསོད་རྡུང་གི་བྱེད་བབ་ལ་མཚོན་ན། ཁ་ཆེ་བས་རྒྱ་གར་ནང་བཙན་འཛུལ་བྱེད་སྐབས་མའི་མིག་སྔར་བུ་ཕྲུག་བསད་ནས་བུའི་སྙིང་ཨ་མའི་ཁར་རྫོང་བ་དང་། ད་དུང་ཁ་ཆེའི་རྒྱལ་པོ་མོཧཱམ་མཏ་བྱ་བས་རང་ལ་རྒྱལ་ཁྲི་ཐོབ་ཆེད་ཕ་བསད། ཐེངས་ཤིག་ཁོ་རང་ལ་ཁ་གཏོང་མཁན་གྱི་ཡུལ་མི་ཆ་ཚང་བཟུང་། མགྲིན་པར་ཞ་ཉེ་ཞུན་མ་བླུགས་པ་དང་། པགས་པ་གསོན་པོར་བཤུ་བ། ལྟོ་བ་ལྕགས་ཐུར་གྱིས་དཀྲུག་པ། རུས་པ་རྡུང་བ་སོགས་གསོད་ལུགས་ལྟ་མི་བཟོད་པ་མང་དུ་བྱས་ནས་གསོད། རང་གི་སྤུན་བཧོདིན་གྱིས་ངོ་ལོག་གྲབས་བྱས་པ་བཟུང་ནས་གསོན་པོར་པགས་པ་བཤུས། ཤ་རྣམས་འབྲས་དང་མཉམ་དུ་བཙོས་ཏེ་གླང་པོ་ཆེ་ལ་བྱིན། དེའི་ལྷག་མ་རྣམས་ཁོའི་བུ་དང་ཆུང་མ་ལ་སྤྲད། པགས་པའི་ནང་དུ་རྩྭ་བརྒྱང་སྟེ་བུ་དང་ཆུང་མའི་གཉའ་བར་བཞག་ནས་གྲོང་ཁྱེར་ཆེན་པོ་རྣམས་བསྐོར་དུ་བཅུག་པ་སོགས་བློ་ཡུལ་ལས་འདས་པ་མང་དུ་བྱུང་ཡོད།
དེང་སང་རྒྱ་གར་གྱི་སིག་ཆོས་ལུགས་པ་རྣམས་ལ་ཆ་བྱད་དམིགས་བསལ་བ་ལྔ་ཡོད་པའི་ནང་གི་རྐང་ཐུང་དེ་ཉིད་དུས་རྒྱུན་པར་གྱོན་དགོས་པའི་བཅས་པ་ཡོད་པ་དེ་ནི། ཁ་ཆེ་བཙན་འཛུལ་བ་ནམ་ཐོན་ལ་ཕར་ངོ་ཡ་མི་བྱེད་པར་རང་སྲོག་སྐྱོབ་ཆེད་མྱུར་དུ་འབྲོ་ཐུབ་པའི་གྲ་སྒྲིག་ཨང་གསར་བྱས་པ་ཞིག་ཡིན་རབས་ཤོད་ཀྱི་ཡོད་པ་སོགས་དེ་འདྲའི་གནས་ཚུལ་མང་པོ་ཞིག་ལ་བརྟག་ཚེ་གནད་ཀ་གང་མང་ཞིག་གསེད་བཀྲོལ་བྱེད་ཐུབ།
དེས་ན་གོང་དུ་ཞུས་པའི་གཞི་རིམ་གྱི་རྒྱུ་རྐྱེན་དེ་དག་ཁར། འཕྲལ་རྐྱེན་སངས་རྒྱས་ཆོས་ལུགས་ཀྱི་གཤེད་མ་དམར་པོ་ལྟ་བུའི་ཁ་ཆེའི་རྒྱལ་བློན་དུ་མའི་བསམ་སྦྱོར་ཡ་ང་ཤ་སྟག་གི་འོག་ནས་དུས་སྐབས་རིམ་པར་སངས་རྒྱས་ཆོས་ལུགས་ལ་དགྲ་ལན་གསུམ་སོགས་འགལ་རྐྱེན་སྣ་ཚོགས་བྱུང་བ་དང་། ལྷག་པར་དུ་ནཱལཱནྡཱས་མཚོན་པའི་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་གང་མང་ཞིག་རྩ་གཏོར་བཏང་བའི་འཕྲལ་རྐྱེན་ཡང་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ལ་རྒྱབ་ཕྱོགས་པའི་ཁ་ཆེའི་དམག་ཚོགས་དེ་དག་ཡིན་ནོ། །དེ་ལྟའི་དོན་གནད་ཁག་མང་པོ་ཞིག་གི་གནས་ཚུལ་འོག་སྤྱིར་སངས་རྒྱ་ཆོས་ལུགས་ཀྱི་དགོན་སྡེ་ཁག་དང་། ལྷག་པར་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་ཉམས་ཆག་བྱུང་བ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད་པ་ཞིག་རེད།[3]
གཞན་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[4]། དེ་ལྟར་ཀླ་ཀློའི་ཆོས་ལུགས་ནི་མཚོན་ཆ་ཐོགས་པའི་དམག་དཔུང་དག་གིས་ཁྱེར་ཏེ་ཁྲག་གི་རྫིང་བསྐྱིལ་ནས་འཇིག་རྟེན་དུ་དར་བར་བྱས་ཤིང༌། དེ་བཞིན་ཡེ་ཤུ་པའི་ཆོས་ལུགས་ཀྱང་ཡང་དག་པའི་དམག་ཅེས་བྱ་བའི་དཔུང་ཆེན་པོ་བཤམས་ཏེ་སྔར་བཞིན་སྤེལ་བ་སྔོན་གྱི་ཚེ་བྱུང་ལ། རང་རེའི་གནས་བརྟན་སྙིང་རྗེ་ཅན་དེའི་བསྟན་པ་ནི་དགེ་སློང་སྲིན་བུ་མི་གསོད་པ་དག་གིས་ཁྱེར་ཏེ་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་དར་བ་ཡིན་ནོ་ཞེས་མི་འདྲ་བའི་ཆོས་འབྱུང་རྣམས་ཤེས་པར་བྱའོ། །ཞེས་གསུངས་པ་ནི་བདེན་པར་སྣང་ངོ་།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༣
[2] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༩༦
[3] ནཱལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་ ༡༢༡ ནས་སྙིང་བཏུས་ལེགས་བཅོས་ཀྱིས་བཀོད་པའོ།།
[4] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༨༣
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣༧ ནས་ ༥༥༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།