ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག ལྔ་པ། སྤྲིང་ཡིག་གི་སྐོར།

ལྔ་པ། སྤྲིང་ཡིག་གི་སྐོར།

 

༡༠༦༽ སྤྲིང་ཡིག་ ༼ངེ༽ པ་ལ། རྒྱ་གར་སྐད་དུ། བི་མ་ལ་རཏྣ་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད་པའི་རིན་པོ་ཆེའི་སྤྲིང་ཡིག་ཅེས་བྱ་བ། གནས་བརྟན་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས། རྒྱལ་པོ་ནིརྱ་ཕ་ལ་ལ་བརྫངས་པ། དུས་དེ་ཉིད་དུ་བླ་མ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཤླཽ་ཀ་བཞི་བཅུ་པའོ། །ཞེས་པ་ལྟར་འདི་ནི་ཇོ་བོ་ཆེན་པོ་ཨ་ཤི་ཏས་རྒྱལ་པོ་ནིར་ཡ་ཕ་ལ་ལ་བརྫངས་པའི་སྤྲིང་ཡིག་ཅིག་གོ།

གང་དུ་མཛད་ཅིང་སུ་ལ་སྤྲིངས་པ་དང་ནམ་ཞིག་བསྒྱུར་བ་ནི། མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས[1]། དེ་ནས་བལ་ཡུལ་དུ་བྱོན་པའི་དུས་སུ་རྒྱལ་པོ་ནེ་ཡ་པཱ་ལ་ལ་བརྫངས་པའི་འཕྲིན་ཡིག་ཇོ་བོ་ཉིད་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །ཞེས་གསུངས་པ་ལྟར་ཇོ་བོ་བོད་དུ་ཕེབས་སྐབས་བལ་ཡུལ་དུ་ཕེབས་འབྱོར་སྐབས་མཛད་ནས་བལ་ཡུལ་གྱི་རྒྱལ་པོ་ནེ་ཡ་པཱ་ལར་སྤྲིངས་ཤིང་། སྐབས་དེར་ཕེབས་ལམ་དུ་བོད་སྐད་དུའང་བསྒྱུར་བར་གསལ་ལོ།།

༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ (1708-1757) གསན་ཡིག་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[2]། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་རྒྱལ་པོ་ན་རེ་ཡ་ཕ་ལ་ལ་བརྫངས་པའི་དྲི་མ་མེད་པ་རིན་པོ་ཆེའི་ཕྲིན་ཡིག་བླ་མ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཁ་ཅིག་འདི་དང་། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་གཉིས་ཕལ་ཆེར་གཅིག་པས་དཔེ་སྣ་ཟུར་དུ་མི་འདྲེན་ཞེས་ཆོས་རྗེ་དཔའ་བོ་གསུངས་ཀྱང་། ཤླཽ་ཀ་གསུམ་བཞི་ཙམ་གྱི་བར་ཞུས་དག་ཕེར་བ་ལ་བར་བར་དུ་མི་ཕེར་བ། རང་སྐྱོན་རྟོག་ལ་མིག་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་བཞིན། །ཞེས་དང་། ཚེ་འདི་འབའ་ཞིག་དྲན་པ་དང་། །གཞན་ལ་དད་པ་ཆུང་བ་དང་། །ཞག་གསུམ་འདས་པར་གནས་མི་བྱ། །ཞེས་དང་། མཆོད་པ་བདུན་དུ་རབ་གྲགས་པའི། །ཕུང་པོ་གསུམ་པ་གདོན་པར་མཛོད། །ཅེས་པས་མཚོན་པའི་ནོར་བུའི་ཕྲེང་བར་མེད་པའི་ཚིག་ཤིན་ཏུ་མང་བས་དཔེ་ལུང་གཉིས་ཀ་ཟུར་དུ་ངེས་པར་དགོས། ཕྱོགས་འདྲ་ཙམ་གྱིས་ཆོག་ན་ཤེར་ཕྱོགས་ཀྱི་མདོ་སྡེ་ཡང་ལ་ལ་དོར་རུང་བར་སེམས་སོ། །ཞེས་༸རྒྱལ་དབང་ལྔ་པ་ཆེན་པོའི་གསན་ཡིག་གངྒཱའི་ཆུ་རྒྱུན་[3]དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསན་ཡིག་གཉིས་སུ་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྤྲིང་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༧ ལྡེབ་ ༧༠ན༣ ནས་ ༧༡བ༥ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༧-༡༥༦། ༡༡-༨ ཚེག་ཁྱིམ་ ༡༢༦༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྲིངས་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༧ ལྡེབ་ ༣༢༠ན༡ ནས་ ༣༢༢ན༤ བར་ཡིག་ཕྲེང་ ༣༦ ཚིག་རྐང་ ༧-༡༥༦། ༡༡-༨ ཚེག་ཁྱིམ་ ༡༢༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངེ༽ ཚན་གྲངས་ ༡༧ ལྡེབ་ ༣༡༦ན༡ ནས་ ༣༡༨ན༣ བར་ཡིག་ཕྲེང་ ༣༡ ཚིག་རྐང་ ༧-༡༥༦། ༡༡-༨ ཚེག་ཁྱིམ་ ༡༢༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྤྲིང་ཡིག །པོད་རྟགས། ༼ངེ༽ ཚན་གྲངས་ ༡༧ ལྡེབ་ ༧༠ན༣ ནས་ ༧༡བ༥ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༧-༡༥༦། ༡༡-༨ ཚེག་ཁྱིམ་ ༡༢༦༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ངེ༽ དེབ་ཨང་ ༩༦ ཤོག་གྲངས་ ༧༥༨ ནས་ ༧༦༢ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༠༤བ༣

[2] ༸རྒྱལ་དབང་བདུན་པའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༧

[3] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༧༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༩ ནས་ ༡༤༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *