ཇ༽ ཞི་བ་ལྷའི་ངོ་མཚར་གཏམ་བདུན་གྱི་རྣམ་ཐར། ༡༽ ངོ་མཚར་བའི་གཏམ་དང་པོ།

ཇ༽ ཞི་བ་ལྷའི་ངོ་མཚར་གཏམ་བདུན་གྱི་རྣམ་ཐར།

༡༽ ངོ་མཚར་བའི་གཏམ་དང་པོ།

 

དེ་ཡང་ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[1]། ཇི་སྐད་དུ་ཡང་། རྣམ་ཐར་[2]མཐུན་ན་གྲུབ་ཐོབ་ཡིན། །ཞེས་པ་ལྟར་གྲུབ་པའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ་ལའང་། ཕྱི་མངལ་སྐྱེས། ནང་བརྫུས་སྐྱེས། གསང་བ་ཐོག་བབས་ཀྱི་རྣམ་ཐར་གསུམ་བྱུང་བ་ལྟར།

འདིར་ཡང་འཕགས་ཡུལ་སྤྱི་ལ་གྲགས་པ་བི་བྷཱུ་ཏིའི་བཞེད་པ་དང་། ཞྭ་ལུ་ལུགས་ཀྱི་ངོ་མཚར་བའི་གཏམ་བདུན་དང་། དཔལ་མར་མེ་མཛད་ཀྱི་དགོངས་བཞེད་ལ་ཕར་ཕྱིན་གྱི་ཡོན་ཏན་ལྔ། སྔགས་ཀྱི་ཡོན་ཏན་བརྒྱད་དང་བཅུ་དྲུག་འདོད་པའོ། །ཞེས་གསུངས་པ་ལྟར་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་ལ་ངོ་མཚར་གྱི་གཏམ་བདུན་དང་། ཕར་ཕྱིན་གྱི་ཡོན་ཏན་ལྔ། སྔགས་ཀྱི་ཡོན་ཏན་བརྒྱད་བཅས་ཐུན་མོང་མ་ཡིན་པ་མང་དུ་ཡོད་པ་ལས། གཉིས་པ་ཞྭ་ལུའི་ལུགས་ཀྱི་ངོ་མཚར་བའི་གཏམ་བདུན་ནི། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ལས[3]།

རྒྱལ་སྲིད་རབ་སྤངས་གྲུབ་པ་བརྙེས། །གཙུག་ལག་གཉིས་ཀྱི་ཕྱོགས་ལས་རྒྱལ། །

རབ་བྱུང་བདེན་གཟིགས་རྫུ་འཕྲུལ་ལྡན། །ངོ་མཚར་བདུན་ལྡན་དེ་ལ་འདུད། །

ཅེས་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་སོགས་ལས་[4]ཀྱང་ཇི་སྐད་སྨྲས་པ་ལྟར། ངོ་མཚར་གྱི་གཏམ་བདུན་མངའ་བའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དུས་རེ་ཞིག་ན་ (དགུང་ལོ་བཅུར་སོན་དུས།) ཡབ་རྒྱལ་པོ་འདས་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་དེ་ཡུལ་ཁམས་དེའི་འབངས་ཐམས་ཅད་ཀྱིས་བློ་མཐུན་པར་རྒྱལ་པོའི་ཁྲི་ལ་འབྱོན་པར་གསོལ་བ་བཏབ་པ་ན། ཚེ་རབས་མང་པོར་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ་གོམས་པ་ཀློང་དུ་གྱུར་པ་ཞིག་ཡིན་པས། སྲིད་པའི་ཕུན་ཚོགས་ལ་ཆགས་པའི་སྐབས་མེད་པ་ཞིག་ཡིན་ནའང་གཞན་གྱི་ངོ་བསྲུང་བ་ལ་གོམས་པས་ཡུལ་དེའི་འབངས་རྣམས་ཀྱི་ངོ་མ་བཟློག་པར་རྒྱལ་སྲིད་ལ་ཕེབས་པར་ཞལ་གྱིས་བཞེས་ཏེ་ནང་པར་ཁྲི་ལ་མངའ་གསོལ་རྒྱུའི་དོ་ནུབ་རྨི་ལམ་ན། སང་རང་ཉིད་སྡོད་པར་འགྱུར་བའི་ཁྲི་དེ་ལ་རྗེ་བཙུན་འཇམ་དབྱངས་བཞུགས་ནས།

བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །

ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །

ཞེས་དང་། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[6]ཀྱང་། འཕགས་མ་སྒྲོལ་མས་རང་གི་མའི་ཚུལ་བཟུང་ནས། ཆུ་ཚན་སྤྱི་བོ་ནས་བླུགས་པས། ཅི་ཡིན་དྲིས་པ་ན། རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཡིན་ཏེ། དེས་ཁྱོད་ལ་དབང་བསྐུར་བ་ཡིན་ནོ་ཞེས་ཟེར་བས། རྒྱལ་སྲིད་གཟུང་དུ་མི་རུང་བར་མཁྱེན་ནས་ནངས་པར་རྒྱལ་སར་བསྐོ་རྒྱུའི་ནུབ་མོ་བྲོས་ནས་སོང་ངོ༌། །དེར་ཞག་ཉི་ཤུ་རྩ་གཅིག་ཏུ་ཕྱིན་པས། ནགས་ཤིག་གི་རྩ་བ་ན་ཆུ་མིག་འདུག་པ་འཐུང་བར་བརྩམས་པ་ན། བུད་མེད་ཅིག་གིས་བཟློག་ནས་ཆུ་ཞིམ་པོ་གཞན་བླུད། ནགས་ཀྱི་ཕུག་ན་རྣལ་འབྱོར་པ་ཞིག་འདུག་པའི་དྲུང་དུ་ཁྲིད། དེ་ལ་ཡང་དག་པའི་གདམས་པ་མནོས་ཏེ་བསྒོམས་པས་ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཐོབ། རྣལ་འབྱོར་པ་དེ་ནི་འཇམ་དཔལ་དང༌། བུད་མེད་དེ་སྒྲོལ་མ་ཡིན་ལ། དེ་ནས་རྟག་ཏུ་འཇམ་དཔལ་གྱི་ཞལ་གཟིགས་སོ། །ཞེས་གསལ་ལོ།།

དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལ་ངོ་མཚར་གཏམ་བདུན་གྱི་སྒོ་ནས་བསྟོད་པ་སྐལ་བཟང་དགའ་བྱེད་ལས[7]།

ཡུམ་གྱི་བཀས་བསྐུལ་བྷཾ་ག་ལ་རུ་སོང་། །ནགས་ཚལ་དབུས་སུ་མཚན་ལྡན་བླ་མར་མཇལ། །

རྟ་དང་བདག་འབུལ་འཇམ་དཔལ་སྒྲུབ་ཐབས་ཞུས། །ལྷ་ཞལ་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །

འཇམ་དབྱངས་བཀའ་ཡིས་ནཱ་ལེནྡ་རུ་སོང་། །ཎྜི་ཏ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་། །

ཞི་བའི་ལྷར་བཏགས་སྡེ་སྣོད་གསུམ་སྦྱངས་པས། །མདོ་སྔགས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[8]། རྒྱལ་སྲིད་ཀྱི་དཔལ་ལ་ལོངས་སྤྱོད་མི་རིགས་དགོངས་ཏེ། བྲོས་ནས་ནཱ་ལནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བའི་ལྷ་ཞེས་བཏགས། མཁན་པོ་ལ་བརྟེན་ཏེ་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང་། རྗེ་བཙུན་འཇམ་པའི་དབྱངས་ལ་ཡུན་དུ་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་ངག་མ་ལུས་པ་ཐུགས་སུ་ཆུད། ཕྱི་ནང་གི་གཡེང་བ་ཐམས་ཅད་བཅད་དེ། ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་བཞུགས་པས་ས་ལམ་མཐོན་པོར་བྱོན་ཞིང་བསླབ་པ་ཀུན་ལས་བཏུས་པ་དང་། མདོ་སྡེ་ཀུན་ལས་བཏུས་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པའི་བསྟན་བཅོས་རྩོམ་པ་སོགས་ནང་དུ་མཁས་པའི་བྱ་བ་རྣམ་པ་གསུམ་དང་། ས་ལམ་གོང་ནས་གོང་དུ་འཕར་བ་དང་། གཟུངས་དང་སྤོབས་པ་དང་རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པའི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་ཡུལ་ལ་ཐོགས་པ་མེད་པར་འཇུག་པ་སོགས་ནང་དུ་རྒྱལ་སྲས་སའི་དབང་ཕྱུག་གི་མཛད་པས་དུས་འདའ་ཡང་ཕྱི་རོལ་དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ངོར་འཚོ་བ་བསྟེན་པ་དང་། ཉལ་བ་དང་། བཤང་གཅི་འདོར་བ་མ་གཏོགས་གླེགས་བམ་ཀློག་པ་སོགས་གཞན་གང་ཡང་མ་མཛད་པས་བྷུ་སུ་ཀུ་སྟེ་འདུ་ཤེས་གསུམ་པ་ཞེས་གྲགས་སོ། །ཞེས་གསལ་ལོ།།

ཡང་༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ལས[9]།

གཞན་ཡང་བགྲང་ཡས་ཆོ་འཕྲུལ་སྣ་ཚོགས་ཀྱིས། །འཐབ་རྩོད་ལྟ་བ་ངན་ལས་བཟློག་པ་དང་། །

ཕོངས་རྣམས་གཏོང་བའི་ཕྱག་གིས་དབུགས་ཕྱུང་ཞིང་། །དྲེགས་ལྡན་དྲེགས་པའི་རི་བོ་བསྙིལ་བར་མཛད། །

ཅེས་གསུངས་པ་ལྟར་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། གཞན་ཡང་བོད་རྣམས་ཀྱི་ལོ་རྒྱུས་ལྟར་ན། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་འཚོ་བ་ཆད་པ་ལ། རྫུ་འཕྲུལ་གྱིས་བཟའ་བཏུང་བླངས་ཏེ་བྱིན་ནས་ཆོས་ལ་བཀོད་པ་དང༌། མུ་ཏོ་བ་སྟོང་ཙམ་ལའང་དེ་ལྟར་མཛད་པ་དང༌། འཁྲུག་པ་ཆེན་པོ་ཞིག་གི་འཐབ་ཟླར་ཞུགས་ནས་རྫུ་འཕྲུལ་གྱིས་འཁྲུག་པ་བསྡུམས་ཞེས་ཟེར་ཞིང༌།

༡ལྷག་པའི་ལྷ་བརྙེས་༢ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་༣རྩོད་པ་བཟློག །

༤ཡ་མཚན་ཅན་དང་༥སྤྲང་པོ་དང༌། །༦རྒྱལ་པོ་༧མུ་སྟེགས་བཏུལ་བའོ། །

ཞེས་ངོ་མཚར་ཅན་གྱི་གཏམ་བདུན་ཡིན་པར་འདོད་དོ། །ཞེས་གསུངས་པ་ལྟར། གཏམ་གཞན་ལས་བརྒྱུད་པ་བོད་ཀྱི་ཤ་ལུ་པཎྜི་ཏས་ཀྱང་[11]། དེ་ལྟར་ངོ་མཚར་གྱི་གཏམ་བདུན་དུ་འཆད་དེ། རྒྱལ་པོའི་སྲས་ཞི་བའི་གོ་ཆ་ཞེས་བྱ་བ་ཡིན་ལ། ཆུང་ངུ་ནས་རྣལ་འབྱོར་པ་ཞིག་ལ་འཇམ་དཔལ་རྣོན་པོའི་སྒྲུབ་ཐབས་ཞུས་ཏེ་བསྒྲུབས་པས་ཞལ་མཐོང་ཞིང་། རྟག་ཏུ་གདམས་ངག་ནོད་པ་ལས་ཇི་ཞིག་ན་ཡབ་འདས་ཏེ་སང་ཉིན་རྒྱལ་པོར་དབང་བསྐུར་བའི་དོ་ནུབ་འཇམ་དཔལ་ཁྲི་དེ་ལ་བཞུགས་ནས།

བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །

ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །

གསུང་བ་རྨིས་པས་རྒྱལ་སྲིད་སྤངས་ཏེ་བྲོས་ནས་ནཱ་ལེནྡར་སྦྱོར་ལམ་པ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་ཞི་བའི་ལྷར་བཏགས་ཏེ་ངོ་མཚར་གྱི་གཏམ་དང་པོའོ། །ཞེས་གསུངས་པ་ལྟར་རོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།

[2]  བརྗོད་བྱའི་རྣམ་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བགྲོད་ནུས་སུ་སྟོན་པའི་སྐྱེས་བུ་དམ་པའི་ལོ་རྒྱུས་ལ་རྣམ་ཐར་ཞེས་བརྗོད་དོ།།

[3]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༠༢

[4]  བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༢༢

[5]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༧

[6]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༦

[7]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། སྐལ་བཟང་དགའ་བྱེད། དཔེ་རིང་། ཤོག་ ༡ན༡ ནས་ ༢ན༦ བར།

[8]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར།  ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༧

[9]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༩ ནས་ ༡༤༠ བར།

[10]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༠༥

[11]  དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༣བ༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩ ནས་ ༥༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *