༡༽ ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན།

༡༽ ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན།

 

དེ་ཡང་ནཱ་ལེནྡྲ་ཞེས་པ་ནི། བོད་སྐད་དུ་བན་ཆེན་པོ་ཆོས་སྣང་ངམ་ཐོས་བཟུང་དང་། རྒྱ་ནག་སྐད་དུ་བཙུན་པ་ཧྥ་ཤཱན་ (法显) དུ་གྲགས་པ་ཁོང་ཕྱི་ལོ་ ༤༠༤ ཙམ་ལ་ནཱ་ལེནྡྲར་ཕེབས་ཤིང་། ཁོང་གིས་མཛད་པའི་འཕགས་པའི་ཡུལ་གྱི་ཟིན་བྲིས་སམ་ཧྥ་ཤཱན་ལམ་ (CE374-462) ཡིག་ལས[1]།

དབང་པོའི་བྲག་ཕུག་ན་ལོའི་གྲོང་། །རྒྱལ་པོ་སྡོད་ས་གྲོང་ཁྱེར་གསར། །

རི་ལྔ་གཟུགས་ཅན་སྙིང་པོ་ཡི། །མཁར་ཤུལ་ཨ་ཝོ་ལོ་ཡི་ཚལ། །

ཞེས་བྱུང་སྟེ། དེ་ནས་ཤར་ཕྱོགས་སུ་འགྲོ་བ་ན་དབང་པོའི་བྲག་ཕུག་གི་རི་ཕྲན་གྱི་བར་དུ་དཔག་ཚད་དགུའི་སར་བགྲོད་ལ། རི་རྩེར་ཁ་ལྷོ་ཕྱོགས་སུ་བལྟས་པའི་རྡོའི་ཁྱིམ་འདུག །དེར་སངས་རྒྱས་བཞུགས་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་སངས་རྒྱས་ལ་མཆོད་པའི་སླད་དུ་ནམ་མཁའ་ནས་ལྷའི་བུ་མོ་ལྔས་པི་ཝཾ་བསྒྲེང་དུ་བཅུག་གོ །ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོའི་སྟེང་དུ་སོར་མོས་གཏུགས་ཤིང་། སྤྱོད་པ་རྣམ་གཉིས་སོ་སོར་དྲིས་པ་ལས། རི་མོ་དེ་དག་གི་རྗེས་ཤུལ་ནི་ད་ལྟའང་བཞུགས་འདུག །གནས་འདིར་དགོན་པ་ཡོད་དོ། །དེ་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་དཔག་ཚད་གཅིག་ཏུ་བགྲོ་བས་ན་ན་ལེནྡའི་གྲོང་བརྡལ་དུ་ཕྱིན་ལ། འདི་ནི་ཤཱ་རིའི་བུའི་འཁྲུངས་ཡུལ་ཡིན་ནོ། །ཤཱ་རིའི་བུས་གྲོང་བརྡལ་འདིར་སླར་ཡང་ལོག་ཡོང་ནས་མྱ་ངན་ལས་འདས་པར་འདུག་ལ། དེར་མཆོད་རྟེན་གཅིག་བཞེངས་པ་ནི་ད་ལྟ་ཡོད་དོ། །ཞེས་གསུངས་སོ།།

དེ་ལྟར་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་གང་དུ་བཞེངས་པ་ནི། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས[2]། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཉན་ཡོད་[3]ན། འཕགས་པ་ཤཱ་རིའི་བུའི་རིང་བསྲེལ་གྱི་མཆོད་རྟེན་བཞེངས་སྐབས། དེས་ཇི་ལྟར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིམ་གྱིས་བང་རིམ་བཞི་བྱས་ལ། དེ་ནས་བུམ་རྟེན་བྱའོ། །དེ་ནས་བུམ་པ་དང་བྲེ་དང་སྲོག་ཤིང་དང་། གདུགས་གཅིག་དང་། གཉིས་དང་། གསུམ་དང་། བཞི་བྱ་བ་བྱས་ནས་བཅུ་གསུམ་གྱི་བར་དུ་བྱ་ཞིང་། ཆར་ཁེབས་དག་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་མཆོད་རྟེན་དེ་ལྟ་བུ་བྱའོ། །ཞེས་གསུངས་པ་དང་། དེས་ཅི། འཕགས་པ་ཤཱ་རིའི་བུ་འབའ་ཞིག་ལ་མཆོད་རྟེན་རྣམ་པ་དེ་ལྟ་བུ་བྱའམ། འོན་ཏེ་འཕགས་པ་ཐམས་ཅད་ལ་བྱ་བ་མི་ཤེས་ནས། སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རེ་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་ནི། རྣམ་པ་ཐམས་ཅད་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ནི། ཆར་ཁེབས་མི་གཞག་པར་བྱའོ། །དགྲ་བཅོམ་པའི་ནི་གདུགས་བཞིའོ། །ཕྱིར་མི་འོང་བའི་ནི་གསུམ་མོ། །ཕྱིར་འོང་བའི་ནི་གཉིས་སོ། །རྒྱུན་དུ་ཞུགས་པའི་ནི་གཅིག་གོ །སོ་སོའི་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་ནི་བྱི་བོར་བྱའོ། །བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ཀྱི་མཆོད་རྟེན་ནི་རྣམ་པ་འདིས་སོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་འདིས་སོ་ཞེས་བཀའ་སྩལ་པ་དང་། དེས་གང་གི་གནས་གང་དུ་བྱ་བ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་དེ་བཞིན་གཤེགས་པ་བཞུགས་པ་ན། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དག་འདུག་པ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ཡང་བྱའོ། །[4]ཞེས་ཤཱ་རིའི་བུའི་རིང་བསྲེལ་གྱི་མཆོད་རྟེན་མཉན་ཡོད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྦྱིན་བདག་གནང་ཞིང་། མཆོད་རྟེན་ཇི་ལྟ་བུས་བཞེངས་དགོས་པ་མ་ཤེས་པར་བཅོམ་ལྡན་འདས་ལ་གསོལ་པ་བཞིན་བཅོམ་ལྡན་འདས་ཀྱི་ཤཱ་རིའི་བུ་སོགས་ཀྱི་མཆོད་རྟེན་འདི་དང་འདི་ལྟ་བུ་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ལྟར་ཤཱ་རིའི་བུའི་རིང་བསྲེལ་མཆོད་རྟེན་མཉན་ཡོད་དུ་བཞེངས་པ་ནི། རིང་བསྲེལ་གྱི་ཆ་ཤས་བཞུགས་སུ་གསོལ་བ་ཞིག་ཡིན་ན་ལས། སྐུ་གདུང་མཆོད་རྟེན་གཙོ་བོ་ནི་འཁྲུངས་ཡུལ་ནཱ་ལེནྡྲར་བཞེངས་པ་ནི་ཡིག་ཆ་རྙིང་ཁུངས་དུ་མར་གསལ་བ་བཞིན་ནོ།།

དེ་བཞིན་རྒྱལ་རོང་བ་བྲག་བར་དཔལ་ལྡན་ (1915-2002) གྱིས་བརྩམས་པའི་བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་གི་བཻ་རོ་ཙ་ན་བཀའ་རྫོགས་པ་ཆེན་པོ་ཞུས་སུ་བཏང་བའི་སྐོར་ལས[5]།

དེ་ནས་བོད་དུ་འགྲོ་བར་ཆས་པ་ལ། །རྒྱལ་བློན་པཎྜི་ཏ་ཀུན་རྨི་ལྟས་ལོག །

གྲོང་ཁྱེར་སེར་སྐྱའི་ཤཱི་ལ་ནཱ་ལནྡྲའི། །སྒོ་དྲུང་ཚོགས་ནས་བགྲོས་ཤིང་པྲ་མོ་ཕབ། །

ཅེས་ནཱ་ལེནྡྲ་གྲོང་ཁྱེར་སེར་སྐྱའི་གྲོང་[6]དུ་ཡོད་པ་ལྟ་བུ་གསལ་ཡང་། ཡོངས་གྲགས་རྒྱ་གར་འཕགས་ཡུལ་གྱི་དབུས་འགྱུར་འཆང་གི་མངའ་ཁོངས་སུ་ཆགས་ཡོད། གཞན་ཡང་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[7]། འདི་ཤེས་རབ་ཅན་གྱི་མཆོག་ཏུ་བསྔགས་པ་ནི་མདོ་ལས[8]།

དེ་བཞིན་གཤེགས་པ་མ་གཏོགས་པར། །འཇིག་རྟེན་ཀུན་གྱི་ཤེས་རབ་གང་། །

ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡར་མི་ཆོག་གོ །

ཞེས་གསུངས། མ་འོངས་པ་ན་སངས་རྒྱས་པདྨའི་འོད་ཅེས་བྱ་བར་འཚང་རྒྱ་བར་ལུང་བསྟན། མཐར་སངས་རྒྱས་མྱ་ངན་ལས་འདའ་བར་དགོངས་པ་ན་ལྟ་མི་བཟོད་གསུངས་ནས་མྱ་ངན་ལས་འདས། ཁྱིམ་བདག་མགོན་མེད་ཟས་སྦྱིན་[9]གྱིས་སྐུ་གདུང་རིང་བསྲེལ་གྱི་མཆོད་རྟེན་བཞེངས་ཤིང་དུས་མཆོད་ཀྱང་ཚུགས། དེ་ཕྱིར་ཉན་ཐོས་ཆེན་པོ་འདི་ཉིད་ལ་གསོལ་བ་བཏབ་ན་ཟབ་རྒྱས་ཀྱི་དོན་རྟོགས་པའི་ཤེས་རབ་འཕེལ་བ་དང་། ཚེ་རབས་རྣམས་སུ་རབ་ཏུ་འབྱུང་བ་ལ་རྟེན་འབྲེལ་ཤིན་ཏུ་ཆེའོ། །ཞེས་སྟོན་པ་ཉིད་ཀྱི་སྐུ་དུས་སུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྦྱིན་བདག་མཛད་ནས་ཤཱ་རིའི་བུའི་སྐུ་གདུང་རིང་བསྲེལ་གྱི་མཆོད་རྟེན་བཞེངས་པར་མ་ཟད། དུས་མཆོད་ཀྱང་ཚུགས་པར་གསལ་བས་ནཱ་ལེནྡྲའི་ཐོག་མའི་རྨང་གཞི་འདི་ནས་ཚུགས་པས་ན། དུས་ཀྱི་ཆ་ནས་སྔ་ཤོས་འདི་ཉིད་ཡིན་འདུག་ཅིང་། དེབ་ཐེར་ཕལ་མོ་ཆེར་ཤཱ་རིའི་བུའི་གདུང་རྟེན་གྱི་མཆོད་རྟེན་ནི་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་ངོས་འཛིན་མཛད་ཀྱང་། ཤཱ་རིའི་བུའི་གདུང་རྟེན་ནི་མྱ་ངན་ལས་འདས་མ་ཐག་ཡུལ་མི་དད་པ་ཅན་དང་མགོན་མེད་ཟས་སྦྱིན་སོགས་ཀྱིས་སྦྱིན་བདག་མཛད་དེ་བཞེངས་པ་ལས། ལོ་ངོ་བརྒྱ་ཕྲག་སོང་རྗེས་ཆོས་རྒྱལ་མྱ་ངན་མེད་ཀྱིས་གཞི་ནས་གསར་དུ་བཞེངས་པ་ཞིག་མིན་པར། ཐོག་མའི་སྐུ་གདུང་མཆོད་རྟེན་དེ་ཉིད་རྨང་གཞིར་བྱས་ཏེ་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཆོད་རྟེན་དང་གཙུག་ལག་ཁང་སོགས་བཞེངས་ཏེ་རྒྱ་སྐྱེད་མཛད་པ་ཞིག་ཡིན་ནོ།།

ཐོག་མའི་མཆོད་རྟེན་དེ་ཉིད་དུས་ནམ་ཞིག་གནས་གང་དུ་སྦྱིན་བདག་སུས་རྒྱུ་རྐྱེན་ཇི་ལྟ་བུའི་ཐོག་ནས་བཞེངས་པ་ནི། སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་བསྙེན་རྫོགས་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་བླ་བརྒྱུད་རྣམ་ཐར་ཛམྦུའི་གསེར་གྱི་མཆོད་སྡོང་ལས[10]། ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པ་དང་དེའི་སྐུ་གདུང་གི་རིང་བསྲེལ་དང་། ལྷུང་བཟེད་དང་ཆོས་གོས་དག་འཕགས་པ་ཀུན་དགའ་བོས་ཡིད་མྱ་ངན་དང་སྡུག་བསྔལ་གྱིས་ཡོངས་སུ་ནོན་བཞིན་མཆོད་པ་དང་བཀུར་བསྟི་རྒྱ་ཆེར་ཞུས། གང་གི་ཚེ་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཀུན་དགའ་ར་བ་ན་བཞུགས་པ་དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འཕགས་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཀུན་དགའ་བོའི་ཕྱག་ཏུ་ཡོད་པ་དེ་དག་བཅོམ་ལྡན་འདས་རྒྱུད་ནས་ལག་ཏུ་ཐོབ་པ་དང་རང་གི་ཁྱིམ་དུ་གདན་དྲངས་ནས་མཆོད་པ་རྒྱ་ཆེར་ཞུས། ཀོ་ས་ལ་དང་ལི་ཙཱ་བིའི་རྒྱལ་པོ་དག་དང་གྲོང་གི་མི་མང་པོ་ཡང་ཁྱིམ་དུ་མཆོད་པར་བྱེད་པ་ཡོང་ངོ༌།།

དུས་གཞན་ཞིག་ཏུ་ཁྱིམ་བདག་ཆུང་མ་དང་བཅས་པ་ཡུལ་གཞན་ཞིག་ཏུ་བསྐྱོད་པའི་ཤུལ་དུ་རིང་བསྲེལ་མཆོད་པར་ཡོང་བའི་མི་མང་པོས་མཆོད་པའི་གོ་སྐབས་མ་བྱུང་བས་ཁ་ཟེར་བ་ལ། ཁྱིམ་བདག་འདིས་ད་ནི་རིང་བསྲེལ་འདི་ཁྱིམ་དུ་བཞག་པ་མི་རུང་གི་དེ་ལས་ཡུལ་ནཱ་ལ་དར་མཆོད་རྟེན་བརྩིགས་པའི་གཟུངས་བཞུགས་སུ་བཞག་ན་ལེགས་པར་སྙམ་སྟེ། སྟོན་པར་ཞུས་པས་དེ་དེ་བཞིན་བྱས་ན་ལེགས་པ་དང་། ཕྱིས་ནས་གནས་དེར་བསྟན་པ་རྒྱས་པའི་ལུང་དང༌བཅས་སྐུ་གདུང་གི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བཞེངས། དེའི་རྟེན་འབྲེལ་བཅས་ལས་དུས་ཕྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་གནས་འདིར་ཆོས་གཞིས་བཙུགས་པ་དང་། དགྲ་བཅོམ་གྲགས་པ་སོགས་ཀྱིས་འཛིན་ཅིང་བསྐྱངས། སླད་ནས་སྒྲ་གཅན་འཛིན་དང༌ཀླུ་སྒྲུབ་སྙིང་པོ་སོགས་རིམ་པར་བྱོན་ནས་བསྟན་པ་ཤིན་ཏུ་རྒྱས་པ་བྱུང་སྣང་ངོ༌། །ཞེས་ཁུངས་གང་ཡིན་མི་གསལ་ཡང་། བྱུང་བ་ཁ་གསལ་དུ་འཁོད་པ་ལྟར་རོ།།

གཞན་ཡང་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[11]། ཤྲཱི་ནཱ་ལནྡ་འདི་ནི་ཡུལ་དབུས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཡོད་ལ། སྔོན་འཕགས་པ་ཤཱ་རི་བུ་འཁྲུངས་ཤིང་། མཐར་ཡང་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ཡུལ་ཡིན། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས་ཤིང་། ཤཱ་རི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་སོ། །ཞེས་གསུངས་པ་ལྟར་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་སྔོན་ནས་མཆོད་རྟེན་ཞིག་ཡོད་པ་དེར་རྒྱ་ཆེར་མཆོད་ཅིང་། གནས་དེར་གཙུག་ལག་ཁང་ཆེན་པོ་ཞིག་ཀྱང་བཞེངས་པར་གསུངས་ཤིང་། ཡོངས་གྲགས་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ནས་དབུ་ཚུགས་པར་འདོད་དོ།།

ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[12]། མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང་། ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་དོ། །དེ་ལ་ནཱ་ལེནྡྲ་ནི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ། གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་བ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང་། གལ་ཏེ་མོངྒལ་བུའི་གནས་སུ་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ། །ཞེས་གསུངས་པ་ལྟར་ཐང་སན་ལམ་ཡིག་དང་། ཧྥ་ཤཱན་ལམ་ཡིག །རྒྱ་གར་ཆོས་འབྱུང་སོགས་གསུང་བབ་ཤིན་ཏུ་མཐུན་པར་བྱུང་བ་ལྟར། ནཱ་ལེནྡྲ་ནི་འདས་པའི་དུས་སུ་སྟོན་པ་ཉིད་གཤེགས་བཞུགས་དང་། དབྱར་ཞལ་བཞེས་མཛད་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བ། སྐུ་ཚེ་བྱིན་གྱིས་བརླབས་པའི་གནས་བཅས་དང་། འཕགས་པ་ཤཱ་རིའི་བུའི་འཁྲུངས་འདས་ཀྱི་ཡུལ་དང་། མ་འོངས་པར་ཡང་རྒྱལ་བསྟན་ཤིན་ཏུ་དར་བ་སོགས་ཀྱི་དགེ་མཚན་དུ་མར་གཟིགས་ནས་ནཱ་ལེནྡྲའི་གཙུག་ལག་ཁང་གནས་འདིར་ཕྱག་བཏབ་པའོ།།

དེ་ཡང་སྐུ་ཚེ་བྱིན་གྱིས་བརླབས་པའི་ཡུལ་ནི། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ་ལས[13]།

སྐུ་ཚེའི་འདུ་བྱེད་བཏང་བ་ལས། །སླར་ཡང་སྐུ་ཚེ་བྱིན་བརླབས་པ། །

རྣམ་གྲོལ་ཡངས་པ་ཅན་གྱི་ནི། །བྱིན་བརླབས་མཆོད་རྟེན་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་རྒྱུད་ཀྱི་མངོན་པར་རྟོགས་པ་རིན་པོ་ཆེའི་ལྗོན་ཤིང་ལས[14]། ཡངས་པ་ཅན་དུ་སླར་སྐུ་ཚེ་བྱིན་གྱིས་བརླབས་པའི་ཕྱིར་འཆི་བདག་གི་བདུད་བཏུལ། ཞེས་དང་། ཡང་རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་ཨརྒའི་ཆོ་ག་དང་རབ་ཏུ་གནས་པ་དོན་གསལ་བ་ལས་[15]ཀྱང་། བདུན་པ་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། རྣམ་པར་ཐར་པའི་སྒོ་གསུམ་མཚོན་པ་བང་རིམ་གསུམ་པ་ཟླུམ་པོ་སྟེ། འདི་ནི་ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་བྱིན་རླབས་མཆོད་རྟེན་ཞེས་བྱ་བ་ཡིན་ནོ། །ཞེས་བདེ་གཤེགས་མཆོད་རྟེན་བརྒྱད་ལས། བདུན་པ་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི་ཡངས་པ་ཅན་དུ་བཞེངས་པར་གསུངས་སོ།།

དེ་བཞིན་འབྲི་གུང་རྒྱལ་དབང་ཀུན་དགའ་རིན་ཆེན་ (1475-1527) གྱིས་མཛད་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་དཀར་ཆག་ཆེན་མོ་དངོས་གྲུབ་ཆར་འབེབས་ལས[16]། ཡངས་པ་ཅན་དུ་སྐུ་ཚེ་བྱིན་གྱིས་བརླབས་པ་རྣམ་པར་རྒྱལ་བ་ལྟ་བུར་བཞུགས། ཞེས་དང་། ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས་[17]ཀྱང་། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བའི་དུས་སུ་སྐུ་ཚེའི་འདུ་བྱེད་བཏང་བ་ལ་སླར་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན། ཞེས་གསུངས་སོ།།

གཞན་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས[18]། བདུན་པ་ཡངས་པ་ཅན་དུ་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་དུས་ཀྱི་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་པ་ལྷ་རྣམས་ཀྱིས་བརྩིགས་པའམ་ཡངས་པ་ཅན་གྱི་གྲོང་ཁྱེར་བ་རྣམས་ཀྱིས་བཞེངས་པར་གྲགས་པ་ལ་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ཞེས་བྱའོ། །ཞེས་བྱུང་བ་ལྟར། དུས་ནམ་ཞིག་སྐུ་ཚེའི་འདུ་བྱེད་བཏང་བ་དང་། སླར་ཡང་སྐུ་ཚེ་བྱིན་གྱིས་བརླབས་ཡུལ་ཡངས་པ་ཅན་དུ་ཡིན་པ། དེར་མཆོད་བརྟེན་རྣམ་བརྒྱད་ལས་རྣམ་རྒྱལ་མཆོད་རྟེན་བཞེངས་པ། མཆོད་རྟེན་དེ་ཉིད་བཟོ་དབྱིབས་ཇི་ལྟ་བུ་ཞིག་ཡོད་པ། སྐུ་ཚེ་དུས་ཡུན་ཇི་ཙམ་བྱིན་གྱིས་བརླབས་པ་སོགས་ཞལ་གསལ་དུ་བྱུང་བ་ལྟར། སྟོན་པས་སྐུ་ཚེ་བྱིན་གྱིས་བརླབས་པའི་གནས་ནི་ནཱ་ལེནྡྲ་མིན་པར་ཡངས་པ་ཅན་དུ་ཡིན་པར་གསལ་ཡང་། མཁས་དབང་དགེ་ཆོས་ཀྱིས་སྐུ་ཚེ་བྱིན་གྱིས་བརླབས་པའི་གནས་ནཱ་ལེནྡྲར་ཡིན་པར་གསུངས་པས། དེའི་ཁུངས་གང་ཡིན་དཔྱད་དགོས་པར་སྣང་ངོ་།།

ཡང་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་རབ་གནས་བསྟན་པ་རྒྱས་པའི་ཉིན་བྱེད་ལས[19]།

རྒྱ་གར་དབུས་ཀྱི་མ་ག་དྷར་བྱང་ཆེན། །ཝཱ་རཱ་ཎ་སཱིར་སྒོ་མང་མཆོད་རྟེན་དང་། །

མཉན་ཡོད་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་ཏེ། །གསལ་ལྡན་ལྷ་ལས་བབས་པའི་མཆོད་རྟེན་དང་། །

སེར་སྐྱར་སྐུ་བལྟམས་པདྨ་སྤུངས་པ་ཉིད། །དམར་བུ་ཅན་དུ་སྐུ་ཚེ་བྱིན་བརླབས་པ། །

རྒྱལ་པོའི་ཁབ་དང་མཉན་ཡོད་ལ་སོགས་པ། །དགེ་འདུན་དབྱེན་སྡུམ་མཆོད་རྟེན་ཆེན་པོ་དང་། །

རྩྭ་མཆོག་གྲོང་དུ་མྱང་འདས་མཆོད་རྟེན་རྣམས། །

ཞེས་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། དམར་བུ་ཅན་དུ་བཞེངས་པར་གསལ་ཞིང་། དམར་བུ་ཅན་ནི། གཡུང་ལོའི་བཀའ་འགྱུར་གྱི་འཕགས་པ་ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས[20]། པ་ཏྲ་ལི་པུ་ཏྲ་སྟེ་དམར་བུ་ཅན་ཞེས་བྱ། ཞེས་བྱུང་བ་ལྟར། པ་ཏྲ་ལི་པུ་ཏྲ་ནི་བོད་སྐད་དུ་སྐྱ་ནར་བུའི་གྲོང་ཁྱེར་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་ས་དང་། དེང་སྐབས་སུའང་བྷི་ཧར་མངའ་སྡེའི་རྒྱལ་ས་པར་ཎ་ཞེས་སུ་གྲགས་པ་འདི་ཉིད་ཡིན་པས། སྐུ་ཚེ་བྱིན་གྱིས་བརླབས་པའི་ཡུལ་ལ་བཞེད་པ་མི་མཐུན་པ་མང་དུ་སྣང་ངོ་།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༦༦

[2] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཐ༽ དེབ་ཨང་ ༡༠ པ། ༢༠༠༩ ལོ། ཤོག་གྲངས་ ༦༠༥

[3] མཉན་ཡོད་ནི། ཤཱ་བསྟིའམ་ཡང་ན་ཤབ་སྟྲི་ཞེས་འབོད་ལ། མཚན་གཞན་ཀོ་ས་ལ་ཞེས་གྲགས་ཤིང་། དེང་སྐབས་ཡོང་གྲགས་སུ་ཧེ་ཊ་མ་ཧེད་ཟེར། རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་དང་། སྟོན་པས་ཆོས་གསུངས་པའི་བཞུགས་ཁྲིའི་རྗེས་ཤུལ། བཞུགས་གནས་ཁག་བཞིའི་རྗེས་ཤུལ་སོགས་ད་ལྟའང་ཡོད། སྟོན་པ་ཉིད་ལོ་ངོ་ ༢༣ རིང་འདིར་བཞུགས་མྱོང་ཞིང་དབྱར་གནས་མཛད་པའི་གནས་དང་། ཆོ་འཕྲུལ་གྱི་མཛད་པ་བསྟན་ས་ཡང་འདི་ཉིད་དུ་ཡིན། གཞན་ཡང་མཆོག་ཟུང་རྣམ་གཉིས་དང་། ལྔ་སྡེ་བཟང་པོ། གནས་བརྟན་བཅུ་དྲུག་སོགས་ཀྱང་རྒྱུན་རིང་བཞུགས་མྱོང་བར་གྲགས་སོ།།

[4] རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་གྲངས་ ༦༠༥

[5] བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་། རྔ་བ་ཁུལ་དཔར་འདེབས་བཟོ་གྲྭ། ༢༠༠༢ ལོ། ཤོག་གྲངས་ ༡༤༣

[6] སེར་སྐྱའི་གྲོང་ནི། ཀ་ལི་ལའི་ཡུལ་ཏེ་ (Kapilavastu) ཞེས་འབོད་ཅིང་། སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་ཡིན་ལ། འཛམ་གླིང་རྒྱས་བཤད་ལས། སྟོན་པ་སྐུ་བལྟམས་པའི་གནས་ལུམྦིའི་ཚལ་ནི། གྲོང་ཁྱེར་སེར་སྐྱའི་ཤར་ཕྱོགས་མལ་ལེ་ལྔ་དྲུག་ཙམ་གྱི་ས་ན་ཡོད་པར་གསལ་ལོ།།

[7] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༢༠

[8] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཉ༽ དེབ་ཨང་ ༨ པ། ༢༠༠༩ ལོ། ཤོག་གྲངས་ ༩༤

[9] སྔར་རྒྱ་གར་དུ་སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་དགེ་འདུན་དང་བཅས་པར་ཉིན་ལྟར་བསོད་སྙོམས་འབུལ་མཁན་གྱི་སྦྱིན་བདག་དེ་ཡིན་ལ། འདི་པས་སྦྱིན་བདག་མཛད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཞེས་པའི་གཙུག་ལག་ཁང་བཞེངས་པ་ནི། རྒྱ་གར་དུ་ནང་པའི་དགོན་པའི་ཐོག་མ་དེ་ཡིན། འདིའི་ལོ་རྒྱུས་མདོར་བསྡུས་དུང་དཀར་ཚིག་མཛོད་ཆེན་མོར་གསལ་ཞིང་། རྒྱས་པ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཡལ་འདབ་ཉི་ཤུ་རྩ་གཉིས་པ་རྒྱལ་བྱེད་ཀྱི་ཚལ་ཡོངས་སུ་བཟུང་བའི་རྟོགས་བརྗོད་ (བསྟན་འགྱུར་དཔེ་བསྡུར་མ། འཁྲི་ཤིང་། ༼ཀེ༽ དེབ་ཨང་ ༩༥ པ། ཤོག་ ༢༨༧ ནས་གསལ་ལོ།།

[10] བེ་རི་འཇིགས་མེད། བླ་བརྒྱུད་རྣམ་ཐར་ཛམྦུའི་གསེར་གྱི་མཆོད་སྡོང་། ཆོས་རིག །༢༠༠༩ ལོ། ཤོག་ ༡༣༧

[11] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣

[12] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༦

[13] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་། ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༢༥༠

[14] ལམ་འབྲས་ཚོགས་བཤད། པོད། ༼༢༣༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༡༩ན༤

[15] ས་སྐྱ་བཀའ་འབུམ། གྲགས་རྒྱན། ༤ པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༨༠

[16] ཀུན་དགའ་རིན་ཆེན་གྱི་གསུང་འབུམ། ༼ག༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༤༨བ༤

[17] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༠

[18] ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། པོད། ༼ཤྲཱི་པ།༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༦༣

[19] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼ན༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༦ན༣

[20] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཨ༽ དེབ་ཨང་ ༧༦ པ། ༢༠༠༩ ལོ། ཤོག་གྲངས་ ༦༣༠

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༥༡ ནས་ ༦༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *