ཁ) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་བ་གཙོ་བོར་སྟོན་པའི་སྐོར།
༡༽ བདེན་གཉིས་ལ་འཇུག་ཚུལ། རྒྱ་གར་སྐད་དུ། ས་ཏྱ་དྭ་ཡཱ་བ་ཏཱ་ར། བོད་སྐད་དུ། བདེན་གཉིས་ལ་འཇུག་པ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༡ ནས་ ༣ བར་བཞུགས་ལ།
གཞུང་གི་ལུས་ཚིགས་བཅད་དང་། གཞུང་ཚད་ཤླཽ་ཀ་སུམ་ཅུ་ཅན་ཞིག་གོ།
༢༽ ལྟ་སྒོམ་ཆུང་ངུ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ་ལ། མཛད་བྱང་དང་འགྱུར་བྱང་ཡང་མི་གསལ་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༣༨ ནས་ ༤༠ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མར་མཛད་པ་ཞིག་གོ།
༣༽ ལྟ་སྒོམ་འབྲིང་པོ། རྒྱ་གར་སྐད་མི་གསལ། མཇུག་བྱང་ལས། རྒྱ་གར་གྱི་མཁས་པ་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པའི་ལྟ་སྒོམ་འབྲིང་པོ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་གང་མི་གསལ་ལོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༤༡ ནས་ ༤༨ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མ་ཅན་ནོ།།
༤༽ ལྟ་སྒོམ་ཆེན་མོ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ། འགྱུར་བྱང་ལས། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་ནས་བྱུང་བ། ལོ་ཙྪ་བ་རིན་ཆེན་བཟང་པོས་ཡང་ནས་ཡང་དུ་ཞུས། དུས་ཕྱིས་དགེ་བསྙེན་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བ། ལྟ་སྒོམ་ཆེན་མོ་རྫོགས་སོ། །ལན་གཅིག་ཞུ། བརྒྱུད་པ་ནི། དཱི་པཾ་ཀ་ར་ཤྲཱི་ཛྙ་ན། རྗེ་ལྕག་རི་གུང་ཁ་བ། མཉམ་མེད་དྭགས་པོ་རིན་པོ། རྗེ་དུས་གསུམ་མཁྱེན་པ་ནས་བརྒྱུད་རིམ་པ་ལྟར་ལས། མཚུངས་མེད་ཆོས་ཀྱི་རྗེ་མི་ཕམ་མགོན་པོའི་ཞལ་སྔ་ནས། བདག་གིས་ཞུས། ཞེས་འབྱུང་ངོ་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༤༨ ནས་ ༦༨ བར་བཞུགས་ལ། གཞུང་གི་ལུས་ནི་བཅད་ལྷུག་སྤེལ་མར་གནས་སོ།།
༥༽ དབུ་མའི་མན་ངག་གི་འབུམ། རྒྱ་གར་སྐད་མི་གསལ་ཡང་། དེ་ལ་ཆོས་འདི་ཀུན་ཡིད་ཆེས་པའམ་དད་པའི་གནས་སུ་ནི་གྲུབ་པ་ཁོ་ན་ཡིན་ཏེ། ཟབ་མོའི་དོན་ལ་མོས་པ་ཆེན་པོ་དང་ལྡན་པ། རྣལ་འབྱོར་པ་ཆེན་པོར་གྱུར་པའི་གསང་ཕུ་བས་གསོལ་བ་བཏབ། རིག་པའི་གནས་ཐམས་ཅད་ལ་སློབ་དཔོན་གྱི་གོ་འཕང་བརྙེས་པའི་པཎྜི་ཏ་ཆེན་པོས་མཛད། རྒྱ་བོད་གཉིས་ཀའི་ཆོས་ལ་གོ་ཡུལ་ཆེན་པོ་བརྙེས་པའི་སྒྱུར་བྱེད་ཀྱིས་བསྒྱུར་བས་བཟང་བར་ནས་བཏོན་པ་ཡིན་ལ། དགེ་བཤེས་དགོན་པ་འདི་གཟིགས་ནས་ང་ལ་ཨ་ཏི་ཤས་གདམ་ངག་གནང་བ་བཞིན་དུ་འདི་ན་བྲིས་ནས་འདུག་གསུངས་པར་གདའ་བས། ཞེས་པ་ལས། མཇུག་ཏུ་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་ལོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༦༨ ནས་ ༡༠༢ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།།
༦༽ བདེན་གཉིས་ཀྱི་འབུམ་བཞུགས་སོ། །ཞེས་པ་ལས་རྒྱ་གར་སྐད་མི་གསལ་ཞིང་། གཞུང་དེ་ཉིད་ལས། རྒྱ་གར་སྐད་ཀླད་དུ་སྨོས་པའི་དགོས་པ་གསུམ་ལས་བྱས་པ་གཟོ་བ་འདི་ཁོ་ན་གཙོ་བོ་ཡིན་ཏེ། གཞན་དུ་བྲིས་པ་བཞིན། ཇོ་བོས་མཛད་ཅིང་དེ་ཉིད་ཀྱི་བླ་མ་གསེར་གླིང་པས་ཁྱེད་དབུ་མའི་བདེན་པ་གཉིས་ཀྱི་འཇོག་ལུགས་ཤིག་ཡི་གེར་བྲིས་ལ་བསྐུར་དང་གསུངས་ནས་མཛད་པ་ཡིན་པས་ཁུངས་བཙུན་པར་ནི་དེས་གྲུབ། ཇོ་བོ་ལྟ་བུ་དབུ་མ་བཞེད་པ་ལོ་བདུན་ཆགས་ཕྱིར་འབྲངས་པའི་ཨཱ་ཝ་དྷཱུ་ཏི་པའི་བཀའ་དྲིན་ཡིན། གསེར་གླིང་པ་ལ་ཐུགས་ཚོད་མངའ་བས་ཁྱོད་འདྲ་བའི་པཎྜི་ཏ་བློ་རྣོ་བ་ལྟ་བ་དབུ་མ་འཛིན་པ་སྔོན་གྱི་ལས་ཡིན། གཟུང་འཛིན་གྱི་སྤྲོས་པ་ཤེད་གཅོད་པ་ལ་ཕན་གྱིས་སྒོམས་ཤིག་གསུངས་ནས་མི་འཐད་པར་གསུངས། ཤནྟི་པ་ལ་དང་པོ་ཐུགས་ཚོད་མི་མངའ། ཕྱིས་གང་ངན་པས་ཁོ་བོད་པ་གླང་དང་འདྲ་བའི་གསེབ་ན་ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་ཟེར་གྱིན་ཟླ་ཡིན་འདུག་ལོ། །གསུངས་ནས་མ་མཉེས་བྱ་བ་ཡང་ཟེར། ཇོ་བོས་དབུ་མའི་ཟུར་ཙམ་རེ་གླེང་བསླངས་མ་ཐག་ཏུ་སུན་ནལ་ནལ་འབྱིན་བྱ་བ་ཡང་གསུངས་སོ། །སྐད་ལྡོབ་པ་ལ་ཕན་པ་ནི་སྭད་ཏྱ་བདེན་པ་ཡིན་དྷོ་ཡ་ན་གཉིས་ཨ་བ་ཏ་ར་ན་འཇུག་པ་ཞེས་བྱ། མ་འོངས་པའི་དུས་ནས་སཾ་ཀྲི་ཏའི་སྐད་དང་འཕྲད་པ་དང་ཕྲད་ནས་ལྡོབ་སྐྱེན་པའི་ས་བོན་དུ་འགྱུར་བ་ཡིན། ཞེས་དབུར་གསལ་བ་ལས་མཛད་བྱང་དང་འགྱུར་བྱང་གང་ཡང་མི་གསལ་ལོ། ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༡༠༢ ནས་ ༡༤༢ བར་བཞུགས་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།།
༧༽ བདེན་གཉིས་སྤྱི་བཤད་དང་བདེན་གཉིས་འཇོག་ཚུལ། མཆོད་བརྗོད་ལས། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་དང་ཀླུ་སྒྲུབ་ཟླ་གྲགས་རིག་པའི་ཁུ་བྱུག་དང་། །ཨཱ་ཝ་དྷཱུ་ཏི་ཆེན་པོ་ཨ་ཏི་ཤ་དང་རཏྣ་བྷ་དྲ་རྣམ་གཉིས་རིན་པོ་ཆེ། །མཚན་དང་དོན་མཐུན་རྣལ་འབྱོར་དབང་ཕྱུག་བདེན་པ་གཉིས་མེད་དགོངས། །འཇིགས་མེད་དོགས་བྲལ་སེངྒེ་ལྟ་བུའི་བླ་མ་དེ་ལ་འདུད། །ཅེས་མཆོད་བརྗོད་ཀྱི་ཡུལ་དུ་ཇོ་བོའི་མཚན་[1]གསལ། འོན་ཀྱང་མཛད་བྱང་དུ། ཨ་ཏི་ཤས་གསུངས་པ་ཡིན་ནོ། །ཨཱི་ཐཱི། ཞེས་འབྱུང་ཞིང་རྒྱ་གར་སྐད་དང་། འགྱུར་བྱང་མི་གསལ་ལོ། །མགོ་མཆན་ནང་ཇོ་བོ་རྗེའི་གསུང་དངོས་མིན་ཞེས་འཁོད་པས་དཔྱད་དགོས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༡༤༢ ནས་ ༢༡༧ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།། །།
དཔྱད་གཞིའི་ཡིག་ཆ།
[1] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་ ༢༠༠༦ ལོར་པར་སྐྲུན་གནང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གླེགས་བམ་གཅིག་ཅན་ནང་། འདི་ཇོ་བོ་རྗེའི་གསུང་དངོས་མིན། ཞེས་མཆན་བཀོད་གནང་འདུག་ཀྱང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་པར་སྐྲུན་གནང་བའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་གླེགས་བམ་སྟོད་སྨད་གཉིས་ནང་འདི་ལྟར་མི་གསལ་ཞིང་། ཇོ་བོའི་གསུང་འབུམ་ནང་དུ་ཕྱོགས་བསྒྲིགས་གནང་འདུག་པ་ལྟར་འདི་ཡང་སོར་བཞག་བྱས་པའོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༧ ནས་ ༡༩༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།