ག༽ པདྨ་བཀའ་ཐང་ལས་ཇི་ལྟར་བྱུང་བ།
༡༽ སྐུ་འཁྲུངས་ཏེ་གསན་བསམ་མཛད་ཚུལ།
དེ་ཡང་ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པ་པདྨ་བཀའི་ཐང་ཡིག་ལེའུ་ཉེར་བརྒྱད་པ་ལས[1]། ང་ནི་འདི་ནས་མི་གནས་ནས༔ ལོ་ནི་བཞི་བརྒྱ་ལོན་པ་ན༔ དགེ་སློང་ཀླུ་ཞེས་བྱ་བ་འབྱུང་༔ བསྟན་པ་འདི་ལ་དད་ཅིང་སྐྱོང་༔ ཞེས་སློབ་དཔོན་ཀླུ་སྒྲུབ་ལུང་བསྟན་པའི་མདོ་བཀོད་ཅིང་། ལེའུ་ཞེ་དྲུག་པ་ལས[2]། དེ་ནས་ལྷོ་ཕྱོགས་བཻདྡྷའི་ཡུལ་དུ་བྱོན༔ དྲ་བ་གཙུག་དགུའི་དུར་ཁྲོད་བཞུགས་པ་ལས༔
རྒྱལ་པོ་སྟོབས་ཞེས་བྲམ་ཟེ་སྨན་པས་བཏེག༔ གསོ་བྱེད་སྤོར་ཐང་མཁས་པའི་རྒྱལ་པོ་དེ༔ ཁབ་ཏུ་ཆེན་ཆུང་གཉིས་བཞེས་ཡོད་པ་ལ༔ ཆེན་མའི་སྲས་ལ་ཡབ་ཀྱིས་ཐུགས་ལ་བཏགས༔ གསོ་བའི་རིག་གནས་ཐམས་ཅད་རྫོགས་པར་བསླབས༔ ཡུན་རིང་སྦྱང་བཅུག་མཁས་པའི་མངའ་བདག་གཏད༔ ཆུན་མའི་སྲས་ལ་དུས་གཅིག་གནང་ནས་སུ༔ ཁྱེད་གཉིས་ཤེས་པའི་ཡོན་ཏན་བསྡུར་དགོས་ཟེར༔ ཆུན་མ་ཤིན་ཏུ་སྔུག་བསྔལ་གདུངས་པར་གྱུར༔ ངའི་བུས་རྒྱལ་ས་མི་ཐོབ་སྙམ་ནས་སུ༔ སྲས་ཀྱིས་དྲ་བ་གཙུག་དགུའི་དུར་ཁྲོད་ཕྱིན༔ དགེ་སློང་ཆེན་པོ་དབང་པོའི་སྡེ་ཉིད་ལ༔ རིག་པའི་གནས་ལྔ་ཉིན་མཚན་ཁ་སྦྱར་བསླབས༔ དབུ་མཚན་མཐོང་བས་དབུ་ཞབས་དོན་ཁོང་ཆུད༔ ཡུམ་གྱིས་ཤེས་སམ་དྲིས་པས་ཕུལ་ཕྱིན་གསུང་༔ མ་དེ་ཤིན་ཏུ་དགའ་ནས་བུར་ཕྱག་འཚལ༔ དེ་ནས་ཡོན་ཏན་བསྡུར་བའི་དུས་ལ་བབ༔ ཁྲི་གཉིས་བརྩིགས་ནས་སྲས་གཉིས་བཞུགས་སུ་བཅུག༔ གང་མཁས་པ་ལ་རྒྱལ་ས་གཏོད་པ་ལ༔ ཆེན་མའི་སྲས་ཀྱིས་གསོ་རིག་སྔོན་ལ་གསུངས༔ བམ་པོ་སུམ་བརྒྱ་མཁྱེན་པས་ཡ་མཚན་སྐྱེས༔ དམངས་རྣམས་ཆུན་མའི་སྲས་ལ་སྨྲ་མི་དགོས༔ མ་བསླབས་ཤེས་པ་དཀའ་ཟེར་ཆས་ཚེད་བྱེད༔ དེར་ཡང་ཡུམ་ནི་ཐུགས་མ་བདེ་བར་ངུས༔ ཆེན་མས་སྲས་ལ་བསྐོར་བ་མང་དུ་བྱས༔ ཕྱག་བཙལ་ངའི་བུས་མངའ་ཐང་ཐོབ་བོ་ཟེར༔ དེ་ནས་ཆུན་མའི་སྲས་ཀྱིས་གསོ་རིག་གསུངས༔ ལྷ་དང་ཀླུ་དང་དྲི་ཟར་བཅས་པ་འདུས༔ ཡབ་ཀྱིས་གནང་བའི་བམ་པོ་སུམ་བརྒྱའི་སྟེང་༔ གསོ་རིག་བསྟན་བཅོས་སྔར་མ་གྲགས་པ་གསུངས༔ ལྷ་ཀླུས་ཕྱག་བཙལ་བསྐོར་བ་བྱས་ནས་དེར༔ དམངས་རྣམས་མ་བསླབས་ཤེས་པ་ཨ་ལ་ཟེར༔ ཡབ་ཀྱིས་ཕྱག་བཙལ་ཞབས་ནི་སྤྱི་བོར་བླངས༔ མངའ་ཐང་སྲས་གཉིས་བགོ་བཤའ་བཏང་བ་ལ༔ མངའ་ཐང་མི་འདོད་རབ་ཏུ་བྱུང་གསོལ་ཞེས༔ ཐེངས་གསུམ་ཞུས་ཀྱང་མ་གནང་དེ་ནས་གནང་༔ དགེ་སློང་དབང་པོའི་སྡེ་ལ་རབ་ཏུ་བྱུང་༔ བསྙེན་རྫོགས་མཛད་ནས་དམ་པའི་ཆོས་ལ་སྦྱངས༔ ཆོས་མིང་སིདྡྷི་ཕ་ལ་ཞེས་སུ་གྲགས༔ དེ་ནས་འགྲོ་བ་རྣམས་ལ་ཕན་པའི་ཕྱིར༔ སྒྲ་དང་ཚད་མའི་བསྟན་བཅོས་མང་པོ་མཛད༔ གསང་སྔགས་གྲུབ་བརྙེས་སྒྲུབ་ཐབས་མང་པོ་མཛད༔
༢༽ གཟིགས་སྟངས་གསུམ་གྱིས་ཀླུ་ཡུལ་དུ་བྱོན་ཚུལ།
དེ་ནས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་[3]༔ མུ་སྟེགས་ཉི་མ་སིདྡྷིས་མིག་བལྟས་བསྲེགས༔ མངོན་པའི་བཀའ་རྣམས་ཕལ་ཆེར་ཚིག་པར་གྱུར༔ དེ་ཡི་མེ་གྲིབ་ཀླུ་ཡི་རྒྱལ་པོར་ཕོག༔ ཀླུ་ཡི་རྒྱལ་པོ་བཏང་བཟུང་ནད་ཀྱིས་བཏབ༔ ཤིན་ཏུ་ཉམ་ཐག་ཅི་བྱས་ཕན་མེད་ནས༔ ཀླུ་འཁོར་གདུངས་པའི་སྨྲེ་སྔགས་མང་པོ་བཏོན༔ ཀླུ་ཡི་རྒྱལ་པོ་དགའ་བོའི་ཞལ་ན་རེ༔ ཛམྦུའི་གླིང་གི་འཚོ་བྱེད་སྤྱན་དྲོངས་ན༔ ན་ཚ་འདི་ལས་ཐར་བ་ཅང་སྲིད་དམ༔ དེ་མིན་ཅི་བྱས་ཕན་མེད་ཚེའི་དུས་བྱེད༔ ཅེས་ཐོས་ཀླུ་རིགས་ནང་ནས་ཆོས་དད་པ༔ གཉིས་ཀྱིས་སྤྱན་འདྲེན་འགྲོ་བར་ཁས་བླངས་ནས༔ དེ་གཉིས་ལ་ནི་རིན་ཆེན་མང་དུ་བསྐུར༔ དགེ་སློང་ཆེན་པོ་དེ་ལ་མཆོད་ཅིག་བསྒོ༔ དེ་ནས་ནོར་རྒྱས་དང་ནི་དུང་སྐྱོང་གིས༔ རྫུ་འཕྲུལ་ཛམྦུའི་གླིང་དུ་སྐད་ཅིག་ཕྱིན༔ དགེ་སློང་ཆེན་པོ་སིདྡྷི་ཕ་ལ་ལ༔ མགོ་བོས་ཕྱག་བཙལ་ཐལ་མོ་སྦྱར་ནས་སུ༔ གྲོས་མཐུན་ཚིག་མཐུན་སྐད་མཐུན་རཏྣ་ཕུལ༔ དགེ་སློང་ཆེན་པོས་གཟིགས་སྟངས་གསུམ་ལ་གཟིགས༔ གཟིགས་སྟངས་དང་པོ་ཀླུ་བསྙུང་ལས་ཐར་བ༔ གཟིགས་སྟངས་གཉིས་པ་གཏི་མུག་ནད་བསལ་བ༔ གཟིགས་སྟངས་གསུམ་པ་རྒྱས་པ་འབུམ་ལ་གཟིགས༔ ཀླུ་ཡི་ཡུལ་དུ་སྐད་ཅིག་ཕྱིན་པར་གྱུར༔ ཀླུ་རྣམས་མཚེའུ་ཚལ་དུ་དགེ་སློང་འདུས༔ ཀླུ་ཡི་རྒྱལ་པོ་ཀླུ་སྨན་སྣ་ཚོགས་གསོས༔ རྒྱལ་པོ་ནད་ལས་གྲོལ་བའི་དྲིན་ལན་དུ༔ རིན་པོ་ཆེ་དང་ཕ་རོལ་ཕྱིན་ཡུམ་ཕུལ༔ ཨཱཙརྱ་མཆོག་ནཱ་གཱ་རྫུ་ནར་གྲགས༔ དེ་ནས་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ སིངྒ་ལ་ཡི་རྒྱལ་ཁམས་གདུལ་བྱར་གཟིགས༔ ཀི་ཛ་ར་ཡི་དུར་ཁྲོད་བཞུགས་ནས་སུ༔ རྒྱལ་པོ་ཤྲཱི་ཀུ་མཱས་ཞབས་ནས་བཏེག༔ འདི་དུས་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་༔ མུ་སྟེགས་དམག་དྲངས་གཙུག་ལག་ཁང་འགའ་བསྲེགས༔ ཞེས་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པདྨ་བཀའ་ཐང་། ཧྲཱི། སྐུ་འབུམ་བྱམས་པ་གླིང་། ཤིང་པར། དཔེ་རིང་། ཤོག་གྲངས་ ༧༦ན༣
[2] པདྨ་བཀའ་ཐང་། ཧྲཱི། སྐུ་འབུམ་བྱམས་པ་གླིང་། ཤིང་པར། དཔེ་རིང་། ཤོག་གྲངས་ ༡༡༩བ༤
[3] བཻདྡྷའི་ཡུལ་དང་སིངྒལའི་ཡུལ་ཆོས་ལ་བཀོད་པའི་ལེའུ་སྟེ་ཞེ་དྲུག་པ། ལོ་རྒྱུས་འདི་ནི་འཁྲུངས་ཡུལ་དང་། འཚོ་བྱེད་གཞུང་ལ་མཁས་པ། ཀླུའི་རྒྱལ་པོས་ཡུམ་ཕུལ་བ་ཙམ་ལས། གཞན་བི་ཀྲ་མ་ཤཱི་ལར་མེའི་འཇིག་པ་བྱུང་བ་སོགས་བཀོད་པ་ལྟར་ན་ལོ་རྒྱུས་འདྲེས་པ་མིན་ནམ་སྙམ།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣༧ ནས་ ༥༤༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།