ཅ༽ འཕགས་པ་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་ངོ་སྤྲོད།

ཅ༽ འཕགས་པ་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་ངོ་སྤྲོད།

 

དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[1]།

མཁར་ཉལ་སར་གཤེགས་བེ་ཏའི་གྲོང་ཁྱེར་དུ། །རྨུགས་འཛིན་ལ་འཁུ་འབྱོར་པའི་བང་མཛོད་ཅན། །

རིག་བྱེད་གཏེར་གྱུར་གཉིས་སྐྱེས་དབང་པོ་ཡི། །སྲས་སུ་ལེགས་པར་འཁྲུངས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་ཡོངས་གྲགས་ཆོས་འབྱུང་ཁག་ཏུ་སློབ་དཔོན་ཀླུ་སྒྲུབ་རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་དུ་འཁྲུངས་ཤིང་། སྐུ་ཚེ་སྨད་ལའང་ལྷོ་ཕྱོགས་ལ་བཞུགས་ཚུལ་ཆོས་འབྱུང་དེབ་ཐེར་ཕལ་མོ་ཆེར་གསལ་ཡོད། འོན་ཀྱང་པ་ཚབ་ལོ་ཙཱ་བས་ (1055-?) མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ་ལས[2]། རྒྱ་གར་ནུབ་ཕྱོགས་སུ་བློན་པོ་གཅིག་གི་བུར་སྐྱེས་པ་ན། ལོ་བཅུ་གཉིས་ལོན་ནས་རྒྱལ་པོ་ཉ་ཆུ་རྔུའི་བློན་པོ་བྱེད་པ་སྟེ། ཞེས་ནུབ་ཕྱོགས་སུ་བློན་པོའི་བུར་འཁྲུངས་པར་གསུངས། ཡང་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས[3]། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་[4]ཞེས་བྱ་བའི་བྱེ་བྲག་ག་ཧོ་ར་བྱ་བ་ཡིན། རིགས་བྲམ་ཟེ། དངོས་གྲུབ་སྒྲོལ་མ་ལས་ཐོབ་པའོ། །ཞེས་ཡུལ་ཕྱོགས་དང་། བྱེ་བྲག་ཡུལ་མིང་། རིགས། དངོས་གྲུབ་གང་ལས་ཐོབ་མིན་བཅས་གསལ་བར་འཁོད་པ་བཅས་པ་ཚབ་ལོ་ཙཱ་བས་ནུབ་ཕྱོགས་དང་། སློབ་དཔོན་མི་འཇིགས་སྦྱིན་པ་དཔལ་གྱིས་ཤར་ཕྱོགས་སུ་འཁྲུངས་པར་གསུངས་པ་ལས། དེ་མིན་ཡོངས་གྲགས་ཆོས་འབྱུང་དང་གཞུང་ལུགས་ཁག་ནས་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པར་གསུངས་ཤིང་། འཁྲུངས་ཡུལ་ཐད་ཐོག་མར་སྟོན་པས་ལངྐར་གཤེགས་པའི་མདོ་ལས་བེ་ཏའི་ཡུལ་ཞེས་གསལ་བར་གསུངས་ཀྱང་། རྔ་བོ་ཆེའི་མདོར་ལྷོ་ཕྱོགས་ཀྱི་རྒྱུད་ཅེས་ཕྱོགས་ཙམ་ལས་མ་གསུངས་ཤིང་། སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་དང་། གསེར་འོད་དམ་པའི་མདོ་གཉིས་སུ་འཁྲུངས་ཡུལ་དམིགས་བསལ་མ་གསུངས་ལ། ཡབ་ཡུམ་གྱི་མཚན་ཡང་ཆོས་འབྱུང་གཞན་དུ་མི་གསལ་ནའང་། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[5]།

ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི༔ བྲམ་ཟེའི་སྨན་པ་ན་ཏེ་ཀའི༔

ཆུན་མ་རིགས་སྣ་མ་ཞེས་པར༔ སློབ་དཔོན་འཕགས་པ་ཀླུ་སྒྲུབ་འཁྲུངས༔

༼མགོན་པོ་ཀླུ་སྒྲུབ་འཁྲུངས་ཡུལ་རྒྱ་གར་ལྷོ་ཕྱོགས་ (kerala) ཀེ་ར་ལའི་ས་ཁྲ།༽

 

ཞེས་བྱུང་ལ། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་ས་སྐྱ་པའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ལས[6]། ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་བ། རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ། སྟོང་ཉིད་སྨྲ་བའི་སེངྒེར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་ཡིན་ཡང་། རྒྱ་གར་ལྷོ་ཕྱོགས་བཻ་ཏའི་ཡུལ་ན་བྲམ་ཟེ་གཙུག་ཕུད་ཅན་ཞེས་བྱ་བ་བུ་མེད་པར། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཟེར་བ་རྨིས་ནས་དེ་ལྟར་བྱས་པས་བུ་ཞིག་བྱུང་། ཞེས་ཡབ་ཀྱི་མཚན་གཙུག་ཕུད་ཅན་ཞེས་གསལ་ལོ།།

ཡང་ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[7]། དེ་འདྲའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཆེ། །ཐོག་མར་འཁྲུངས་ཡུལ་རྒྱ་གར་ཡུལ་དབུས་ཀྱི། །རྡོ་རྗེ་གདན་གྱི་ལྷོ་ཕྱོགས་རྒྱུད་ན་གནས། །གྲོང་ཁྱེར་ཆེན་པོ་བེ་ཏ་ལ་ཞེས་པ། །མི་ཁྱིམ་འབུམ་ཕྲག་དྲུག་གིས་ཡོངས་བསྐོར་དབུས། །རྒྱལ་པོའི་ཕོ་བྲང་རྡོ་རྗེའི་ཁང་བཟང་ཞེས། །བྱ་བ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཁྱིམ་རིམ་དགུ་པ་ཡང་ཐོག་ལྔ་ལྡན་ཞིང་། །རབ་མཛེས་བྲེ་ཕུལ་མུ་ཏིག་དམར་པོ་ཅན། །གསེར་གྱི་ཀ་བ་སྟོང་སྟོང་གིས་བཏེགས་ཤིང་། །དངུལ་གྱི་བྱ་འདབ་མཛེས་པས་ཡོངས་བསྐོར་བ། །བཀྲ་ཤིས་ཉམས་དགའ་རིན་ཆེན་འོད་འཚེར་ཞིང་། །འབྱོར་རྒྱས་ལོ་ལེགས་གླང་ཆེན་རྟ་མཆོག་དང་། །བ་ལང་རིན་ཆེན་གཏེར་དང་དམག་ཤིང་རྟ། །འབྲས་བུ་སྣ་ཚོགས་ལོངས་སྤྱོད་མཁོ་དགུ་ཚང་། །མངའ་བདག་རྒྱལ་པོ་བྲམ་ཟེ་རྣམ་རྒྱལ་བ། །གང་དེའི་བཙུན་མོ་ཕྱོགས་གནས་རྒྱལ་ཆེན་ཚོགས། །ཤིང་རྟ་དུང་སྒྲ་རྔ་སྒྲ་གླང་པོའི་རྩལ། །འོད་ཟེར་ཅན་དང་སེང་གེ་སྟོབས་རྣམས་ཀྱི། །བུ་མོ་ལ་སོགས་བཙུན་མོ་ཉི་ཤུ་དྲུག །རྒྱལ་བུ་བཅུ་བཞི་སྲས་མོ་ཞེ་བརྒྱད་དང་། །བློན་ཆེན་སོ་བདུན་བར་བློན་ལྔ་བཅུའི་གྲངས། །ཕྱི་བློན་སུམ་བརྒྱ་ཡོད་ཅིང་བཙུན་མོ་མཆོག །རྒྱལ་པོ་འཁོར་ལོ་ཅན་གྱི་བུ་མོ་ནི། །པདྨའི་འོད་ཟེར་ཞེས་བྱ་གཟུགས་བཟང་བ། །མཛེས་ཤིང་བལྟ་ན་སྡུག་པ་ཆོས་ལ་དད། །དཀོན་མཆོག་གསུམ་ལ་བཀུར་སྟི་ལེགས་བྱེད་པའི། །བཙུན་མོ་དམ་པའི་ལྷུམས་སུ་འཕགས་པ་མཆོག །ཞུགས་པར་མཛད་པའི་ཚེ་ན་རྒྱལ་པོ་དེའི། །བང་མཛོད་རྣམས་སུ་མེ་ཏོག་རེ་རེ་སྐྱེས། །བེ་ཏ་ལ་ཡི་གྲོང་དུ་འཇའ་འོད་འཁྲིགས། །མཁའ་ལས་རོལ་མོ་སྣ་ཚོགས་ལེགས་སྒྲོག་ཅིང་། །བལྟམས་ཚེ་ཡུལ་ཁམས་སུ་ནི་འོད་ཀྱིས་ཁྱབ། །རྒྱལ་པོའི་ཁྱིམ་དང་གྲོང་ཁྱེར་དེ་དག་ཏུ། །རིན་ཆེན་སྣ་བདུན་གཏེར་ཆེན་རྡོལ་བ་སོགས། །ངོ་མཚར་ལྟས་བཅས་ལེགས་འཁྲུངས་རྒྱལ་བུ་དེ། །སྐུ་མདོག་གུར་ཀུམ་དང་མཚུངས་མཚན་བཟང་ཅན། །གཟུགས་ལེགས་མཛེས་ཤིང་བལྟ་ན་སྡུག་པས་ན། །བསོད་ནམས་ཟླ་བ་ཞེས་བྱའི་མཚན་ཡང་བཏགས། །ཞེས་རྒྱལ་པོའི་མངའ་ཐང་ཇི་ལྟ་བུ་ཡོད་པ་དང་། ཡབ་བྲམ་ཟེ་རྣམ་རྒྱལ་དང་། ཡུམ་པདྨའི་འོད་ཟེར་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་ཤིང་། མཚན་ལ་བསོད་ནམས་ཟླ་བ་ཞེས་བཏགས་པ་གཞན་དུ་མི་གསལ་བའི་ཐུན་མོང་མ་ཞིག་ཡིན་ཀྱང་བྱུང་ངོ་།།

འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[8]། འདིར་བསྐལ་བཟང་གི་སངས་རྒྱས་སྐལ་ལྡན་ཤིང་རྟར། རྗེ་བཙུན་མས་ཁ་ཆེ་པཎ་ཆེན་ལ་ལུང་བསྟན་པའི་རྒྱ་མ་དབོན་སྟོན་གྱི་གསུང་ལས། ཤྲཱི་སྠཱ་ནའི་ནུབ། ཤྲཱི་སརྦ་ཏའི་ཤར་ཕྱོགས་གྲོང་ཁྱེར་བསོད་ནམས་དང་ལྡན་པར་སློབ་དཔོན་ཀླུ་སྒྲུབ་འཁྲུངས། དགུང་ལོ་ཉེར་བརྒྱད་པ་ལ་མཁན་པོ་དྲི་མ་མེད་པའི་གཟི་བརྗིད་ཅན་ཞེས་བྱ་བ་སྦྱོར་ལམ་པ་གཅིག་དང་། སློབ་དཔོན་ཛྙཱ་ན་ཞེས་བྱ་བ་རྒྱུན་ཞུགས་ཤིག་ལས་རབ་ཏུ་བྱུང་ཞེས་གསུངས་ལ། གཞན་ཕལ་ཆེར་ནི་མཁན་པོ་སྒྲ་གཅན་ཟིན་བཟང་པོ་ལས་རབ་ཏུ་བྱུང་བར་འཆད་དེ། ཇི་ལྟར་ཡང་རུང་། སློབ་དཔོན་འདི་དང་སློབ་དཔོན་ཐོགས་མེད་གཉིས་ཀ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བསྟན་པ་རྒྱས་པར་མཛད་པ་མཆོག་ཏུ་གྱུར་པ་ཡིན་ལ། བོད་ཀྱི་རབ་བྱུང་རྣམས་ཀྱང་སློབ་དཔོན་ཀླུ་སྒྲུབ་ལས་བརྒྱུད་པའོ། །ཞེས་འཁྲུངས་ཡུལ་དང་རབ་ཏུ་བྱུང་ཡུལ་གཉིས་ཀ་ཅུང་ཟད་མི་འདྲ་ཙམ་ཞིག་བྱུང་ངོ་།།

རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[9]།

དེ་ཕྱིར་ལྷོ་ཕྱོགས་བཻ་ཏའི་ཡུལ་གྲུ་རུ། །རིག་བྱེད་མཆོད་སྦྱིན་སྙན་ངག་ངེས་བརྗོད་སོགས། །

ལས་དྲུག་ལྡན་པའི་བྲམ་ཟེའི་རིགས་མཆོག་ཏུ། །སྤྲུལ་པའི་སྐྱེ་བ་བཟུང་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[10]། ལྷོ་ཕྱོགས་བཻ་དྷརྦྷ་སྟེ་བོད་ལ་བེ་ཏའི་ཡུལ་དུ་གྲགས་པ་དེར་བྲམ་ཟེ་ཆེན་པོ་ཞིག་ལ་སྲས་མཆེད་ལྔ་ཡོད་པའི་ཐ་ཆུང་ངོ་། །ཞེས་དང་། དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[11]། དེ་ནས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན། དེ་དང་བྲམ་ཟེ་ས་ར་ཧ་ཆེན་པོ་ཟུང་གི་སློབ་མ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ནི། སྟོན་པ་འདས་པའི་ལོ་བཞི་བརྒྱ་ན་རྒྱ་གར་ལྷོ་ཕྱོགས་བྷེ་དྡྷའི་ཡུལ་བྷ་བྱས་ཞེས་པ་བྲམ་ཟེའི་རིགས་སུ་འཁྲུངས། ཞེས་རིགས་དང་སྲས་ཇི་ཡོད་བཅས་གསུངས་པ་བཞིན་སློབ་དཔོན་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་གཙོ་བོ་ཤར་ལྷོ་ནུབ་གསུམ་ལས་གཙོ་བོ་གང་ཡིན་ཞེ་ན། ལངྐར་གཤེགས་པའི་མདོ་ལྟར་ན། དེའི་འཁྲུངས་ཡུལ་ནི་བཻ་ཏའི་ཡུལ་ཡིན་ཞེས་བསྟན་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེ་དང་། དཔལ་ལྡན་ཟླ་བ་གྲགས་པའི་སྒྲོན་གསལ་དང་། དབུ་མ་འཇུག་པའི་རང་འགྲེལ། དེ་བཞིན་དུ་བོད་བསྒྱུར་འགའ་ཞིག་ལྟར་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་ནི་བེ་ཏའི་ཡུལ་ཡིན་ཚུལ་མངོན། ལང་གཤེགས་ཀྱི་ཚིགས་སུ་བཅད་པའི་འགྲེལ་པ་དང་། ལོ་རྒྱུས་དང་བསྒྱུར་འགའ་ཞིག་ནང་བེ་ཏའི་ཚབ་ཏུ་བེ་ད་དང་བེ་དརྦ་བཅས་གསལ་ཡོད་ཅིང་། སྐབས་འགའ་ཞིག་ཏུ་ཡུལ་དེའི་མིང་ནི་ཚིག་དེའི་དོན་བཀྲལ་ཏེ་བསྟན། དཔེར་ན་དགེ་བཤེས་བློ་བཟང་དང་། (Artemus B. Engle) གིས་དེ་ལ་ཏཱ་ལེའི་ཡུལ་དུ་ (Land of Palm) བཀྲལ་ཅིང་། དེ་བཞིན་དུ་སྐབས་འགར་ནི་བེ་ཏ་ཞེས་བྱ་བའི་རྩྭ་འཇག་མ་སྐྱེ་བའི་ཡུལ་ཡིན་པས་དེ་ལ་བེ་ཏའི་ཡུལ་ཞེས་བརྗོད། ཡང་འགའ་ཞིག་ཏུ་ནི་བིདརྦ་ཞེས་པ་བི་རཎ་དང་དརྦཱ་བཅས་ཚིག་གཉིས་འདུས་པ་ལས་གྲུབ་པའི་ཚིག་སྦྱོར་ཡིན་པར་ཁས་ལེན། དེ་ནི་རྩྭ་དམིགས་བསལ་བ་ཞིག་གི་མིང་ཡིན།

དེ་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[12]། འཁྲུངས་ཡུལ་གྱི་ཆ་ནས་ཀྱང་འགའ་ཤས་ཀྱིས་ལྷོ་ཕྱོགས་བེ་དའི་ཡུལ་དུ་འཁྲུངས་པར་བཤད་པ་དང༌། འགའ་ཤས་ཀྱིས་བསོད་ནམས་ཀྱི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བའི་འབབ་ཆུ་མཛེས་འབྱོར་གྱི་བྱང་ཕྱོགས་ཀྱི་འགྲམ་ཞིག་ཏུ་འཁྲུངས་པར་བཤད་པ་དང༌། འགའ་ཤས་ཀྱིས་ལྷོ་ཕྱོགས་ཀྱི་ཡུལ་མུ་རུན་ (མུརུནྡེ) དུ་ཞེས་པར་ཆུ་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚིགས་པའི་ཉེ་འགྲམ་ཕྲེང་བ་ཆེན་པོ་ཞེས་པའི་གྲོང་དུ་འཁྲུངས་པར་བཤད་ཡོད། གོང་གསལ་གྱི་བཤད་ཚུལ་མི་འདྲ་བ་མང་ཆེ་བ་བཅོམ་ལྡན་འདས་ཀྱི་ཀླུ་སྒྲུབ་ལུང་བསྟན་གྱི་ཚིག་ཟུར་དག་ལ་བརྟེན་ནས་འཕྲོས་བཤད་བྱས་པ་ཤ་སྟག་ཡིན།

མ་ཟད་བེ་དའི་ཡུལ་ཞེས་པར་ཡང་། ༡ བཻ་དྷ་རྦ་དང་། ༢ བེ་ཏ། ༣ བི་དརྦྷ། ༤ བི་དརྦཱ། ༥ ཝིདརྦྷ། ༦ བྷེ་ཏ། ༧ བེ་ཏེ། ༨ བཻ་ཏ། ༩ བེ་དརབྷ། ༡༠ བེ་ད་ཞེས་དག་སྡེབ་མི་འདྲ་བ་མང་པོ་འདུག །དེང་སྐབས་ཡུལ་དེར་ཀེརལ་ཞེས་གྲགས་ཤིང་། མཁས་པ་ལ་ལས་གོང་གསལ་གྱི་བི་དརྦ་ཞེས་པ་བི་རཎ་དང་དརྦཱ་གཉིས་འདུས་པས་བཟོས་པ་ཞིག་ཡིན་ཚུལ་བཤད་པར་མ་ཟད། དེ་རྩྭ་དམིགས་བསལ་བ་ཞིག་ཡིན་སྟབས། དེ་སྐྱེ་སའི་ཡུལ་ཡིན་པའི་ཆ་ནས་ཡུལ་དེར་བི་དརྦ་ཞེས་ཐོགས་པར་བཤད། ཅེས་བྱུང་ངོ་།།

དེ་ལྟར་འཁྲུངས་ཡུལ་བེ་ཏ་ཞེས་པའི་གོ་དོན་ནི། ཀོ་ཀོ་ན་ཊི་སྐྱེ་བའི་ཡུལ་ཏེ་རྒྱ་གར་ལྷོ་ཕྱོགས་ཀྱི་མིང་དང་། ཡང་ན་རྩྭ་འཇག་མ་སྐྱེ་བའི་ཡུལ་ལའང་འཇུག་པ་སྟེ། དབྱངས་ཅན་དགའ་བློའི་ (1740-1827) ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུན་རྒྱན་ལས[13]། འོ་ན་འདིའི་བེ་ཏའི་ཡུལ་ཞེས་པའི་དོན་གང་ཞེ་ན། ཁ་ཅིག །བཻ་དརྦྷ་ཞེས་པ་སྟེ་དཔའ་བོའི་ཡུལ་ཟེར་བ་ཡིན་གསུངས། འགའ་ཞིག་ཏུ་བེ་ད་སྟེ་རིག་བྱེད་ཅེས་པ་ཡིན་ཟེར། རང་ལུགས་ནི། རྗེ་བླ་མའི་སྒྲོན་གསལ་གྱི་མཆན་དུ་བཻ་ད་ར་བ་ཞེས་པ་འཇག་མ་སྐྱེ་བའི་ཡུལ། ཞེས་གསུངས་པ་ལྟར་བེ་ཏ་ནི་རྩྭ་འཇག་མའི་མིང་ཡིན་པས། བེ་ཏའི་ཡུལ་ནི་འཇག་མའི་ཡུལ་ཞེས་པ་སྟེ་འཁྲུངས་ཡུལ་གྱི་མིང་ངོ་། །ཞེས་གསུངས་ལ། དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[14]ཀྱང་། གཏོ་ཏེ་ཚེས་གྲངས་དང་ཡུད་ཙམ་བཟང་པོ་ལ་བརྗོད་པའི་རྟེན་འབྲེལ་འགྲིག་སྟེ་ཕྱིས་སུ་བུ་སྐྱེས་པ་ལ་བིདརྦྷ་དང་། དེའི་རྒྱུད་དང་ཡུལ་ལ་བཻདརྦྷ་ཞེས་ཟེར་མོད། དོན་ལ་དེ་ཕྱོགས་སུ་བྱེ་མ་ཡོད་པས་རྩྭ་མེད་བྱ་བ་ཡུལ་ལ་བཏགས་པ་ཡིན་སྙམ། དེ་ནི་ཀླུ་སྒྲུབ་འཁྲུངས་པའི་ཡུལ་གྲགས་ཆེན་དེའོ། །ཞེས་གསུངས་སོ།།

གཞན་ཡང་བེ་ཏ་ཞེས་པ་ནི། བེ་ཏའི་ཤིང་སྡོང་གི་མིང་གི་རྣམ་གྲངས་ཡིན་པ་ནི། རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་ (1482/1542-1595?) བརྩམས་པའི་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་[15]ཀྱང་། ནཱ་རི་ཀེ་ལཱ་འབྲས་བུ་རྟག །འབྲས་བུའི་ཕུང་པོ་ས་འཚོ་འདབ། །ཏ་ལའི་རྒྱལ་པོ་མི་མོ་རྩེ། །བེ་ཏའི་ཤིང་དང་གཤོལ་ལྡན་ནོ། །ཞེས་གསུངས་པ་ལྟར་ཤིང་གི་བྱེ་བྲག་བེ་ཏ་ཤུགས་ཆེར་སྐྱེ་བའི་ཡུལ་ལ་བེ་ཏའི་ཡུལ་དུའང་གྲགས་སོ།།

ལང་ཀར་གཤེགས་པ་ལས་བེདལྱ་ཞེས་པ་འགའ་ཞིག་གིས་བོད་འགྱུར་ལང་གཤེགས་སུ། ལྷོ་ཕྱོགས་བེ་ཏའི་ཡུལ་ཞེས་ཡོད་པ་ལྟར་བེ་ཏ་ཞེས་བཤད་ཀྱང་། དེ་ནི་བོད་སྐད་དུ་སྡེབ་སྦྱོར་ཆེད་བེདལྱ་བསྡུས་ཏེ་བརྗོད་པ་ཡིན་ལ། བེ་ཏ་ཞེས་པ་ད་ལྟ་ས་གནས་གང་དུ་ཡིན་པ་ངེས་རྙེད་དཀའ་ཡང་། འགས་བིདརྦ་དང་གཅིག་ཏུ་བཤད་པ་དང་། བུ་སྟོན་རིན་ཆེན་གྲུབ་དང་རྗེ་བཙུན་ཏཱ་ར་ནཱ་ཐ་རྣམ་གཉིས་ཀྱིས་བེདརྦྷ་ཞེས་གསུངས་པ་བིདརྦྷ་ཡིན་ཅིང་། འདི་ནི་དེང་སང་མ་ཧཱརཱཥྟྲ་མངའ་སྡེའི་ནང་ནཱག་པུར་གྱི་མིང་རྙིང་པ་དང་། ཡང་ལ་ལས་བེརཱར་ཞེས་པའི་མིང་རྙིང་ཡིན་པར་ཡང་བཤད།

ཡོངས་གྲགས་ནང་པའི་རྗེས་འཇུག་པ་དག་གིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་བིདརྦྷ་ཞེས་པ་ནི། དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་མཧཱ་ར་ཤི་ཏྲ་དང་། ཏ་མིལ་ན་ཏུ། ཀ་ན་ཀྲ་ཀ་བཅས་མངའ་སྡེ་གསུམ་ཙམ་གྱི་ནང་དུ་ཁྱབ་ཡོད་ཅིང་། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུ་བཞུགས་གནས་གཙོ་བོ་དཔལ་གྱི་རི་ནི་དེང་གི་ཨན་དྷ་ར་དང་། ཏི་ལིང་ཀ་བཅས་སུ་ཡིན། བིདརྦྷ་ཞེས་པའི་ས་ཆ་ཕྲན་བུ་ཞིག་ཨན་དྷ་རའི་ནང་དུའང་ཚུད་ཡོད་ཅིང་། དེང་སྐབས་ཨན་དྷ་ར་དེ་ཡང་ཨན་དྷ་ར་དང་། ཏི་ལིང་ཀ་ཞེས་ཁག་གཉིས་སུ་ཕྱེ་ཡོད་པས། མགོན་པོ་ཀླུ་སྒྲུབ་ཀྱི་བཞུགས་གནས་ལྷོ་ཕྱོགས་དཔལ་རི་དང་། དེ་དང་ས་ཁད་ཉེ་བའི་དཔལ་ལྡན་འབྲས་སྤུངས་ད་ལྟའང་ངོས་འཛིན་གསལ་བར་བྱེད་ཐུབ་ཀྱང་། འཁྲུངས་ཡུལ་གྱི་ས་གནས་གསལ་པོ་ཞིག་སུ་ལའང་གསུང་རྒྱུ་མི་སྣང་ལ། ཡིག་ཆ་ཁག་ཏུའང་གསལ་པོར་འཁོད་པ་མ་མཆིས་མོད། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[16]། ཡང་དེའི་ལྷོ་མཐར་ཀླུ་སྒྲུབ་འཁྲུངས་པའི་བེ་ཏའི་ཡུལ་དང་གནས་ཉེར་བཞིའི་ནང་ཚན་ཐུགས་ཀྱི་འཁོར་ལོའི་མེ་མཚམས་ལ་འཁོད་པའི་གོ་དཱ་བ་རི་ཟེར་བ་སོགས་ཡོད། ཅེས་གསལ་ལ། ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[17]། འཕགས་པ་ཀླུ་སྒྲུབ་མཆོག་ནི་བྲམ་ཟེའི་རིགས་ཡིན་པ་དང་། འཁྲུངས་ཡུལ་ནི་ལྷོ་ཕྱོགས་སུ་དེང་དུས་ཀེརལ་ཞེས་པ་དེར་ཡིན་ཡང་། བཞུགས་ཡུལ་ནི་དེང་དུས་ཀྱི་ཨཱཾདྷཱ་པྲ་དེཤའི་ནང་ཡིན་ཅིང་། དཔལ་ལྡན་ནཱ་ལནྡཱ་ལ་ཕེབས་པ་བཅས་ཡིན་ངེས། ཞེས་གསུངས་པ་ལྟར་ཁ་གསལ་ཤོས་ངོས་འཛིན་ཐུབ་པ་ནི་དེང་གི་ཀེ་ར་ལར་འཁྲུངས་པར་བཞེད་དོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤

[2]  རྩ་ཤེས་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ། གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ། ཤོག་ ༡ ནས་ ༦ བར།

[3]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གི༽ དེབ་ ༤༨ པ། ༡༩༩༤ ལོ། ཤོག་གྲངས་ ༤༤༩

[4]  ཀཉྩི་ནི་གནས་ཉེར་བཞི་ལས། ༡༥ པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་དཀྱིལ་ཏྲི་ལིང་ཀ་ཞེས་པ་དེ་ཡིན་པར་བཤད།

[5]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢

[6]  ཨ་མྱེས་ཞབས་ཀྱི་གསུང་འབུམ། ༼༢༣༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༡༧

[7]  ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༧༨

[8]  དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༥༨

[9]  དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། ཤིང་དཔར་དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[10]  ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༤༡

[11]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༥

[12]  ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༤

[13]  དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༤༩

[14]  གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༢

[15]  མངོན་བརྗོད་མཁས་པའི་རྣ་རྒྱན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༧༦

[16]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༩༥

[17]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༢༡ ནས་ ༡༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *