ད༽ སེང་བཟང་ཁ་སརྤ་ཎིའི་ནགས་སུ་སྒྲུབ་པ་མཛད་ཚུལ།

ད༽ ཁ་སརྤ་ཎིའི་ནགས་སུ་སྒྲུབ་པ་མཛད་ཚུལ།

 

དེ་ཡང་ཁ་སརྤ་ཎིའི་ནགས་དང་། དེར་བཞེངས་པའི་གཙུག་ལག་ཁང་གི་མཚན་ལ་ཁ་སརྤ་ཎི་ཞེས་ཐོགས་ཚུལ་དང་། ཁ་སརྤ་ཎིའི་གོ་དོན་སྐོར་རྒྱལ་པོ་ཤུ་བྷ་ས་རས་དགེ་བསྙེན་ཞི་བའི་གོ་ཆས་འཕགས་པ་སྤྱན་རས་གཟིགས་འཛམ་བུའི་གླིང་དུ་སྤྱན་དྲངས་པའི་བྱུང་རབས་ལས་འདི་ལྟར་བྱུང་སྟེ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། (འཕགས་པ་སྤྱན་རས་གཟིགས།) འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་དགེ་བསྙེན་ལ་ལམ་རྒྱགས་པ་ཎ་མང་པོ་གནང༌།

འདི་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཁྱོད་ཡུལ་དུ་སླེབས་པར་འགྱུར་གྱིས་པ་ཎ་མ་ཟད་པ་ན་འོང་ངོ༌། །ཞེས་གསུངས་ཤིང་ལམ་བསྟན། རི་སྐེད་དང་རིའི་རྩ་བའི་སུམ་ཆ་ན་ཡོད་པའི་སྐུ་བརྙན་ཚོ་ཡང་སྐུ་དངོས་སུ་མཐོང༌། ཚུར་འོངས་པ་ན་ཞག་བཅོ་ལྔ་ན་རང་གི་གནས་དེར་སླེབས་རྒྱུའི་བཅུ་བཞི་སོང་བའི་ཉིན་མོ་པུཎྜ་ཝརྡྷ་ནའི་རི་མཐོང་བས་རབ་ཏུ་དགའ་སྟེ། པ་ཎ་ལྷག་པོས་བཟའ་བཏུང་ལྷག་པར་ཉོས་ཏེ་ཟོས། རྒྱལ་པོའི་གྲོང་ཁྱེར་དུ་མ་སླེབས་པར་རང་གི་སྒྲུབ་གནས་དང་ཉེ་བར་སླེབས་པའི་ཚེ་པ་ཎ་ཟད། ས་དེར་བསྡད་ནས་ཉིན་རངས་པར་འཕགས་པ་འབྱོན་ནམ་སེམས་པ་ལས་མ་བྱོན། ནམ་ཕྱེད་ན་གཉིད་དུ་ཕྲི་སོང་བ་ན་རོལ་མོའི་སྒྲ་གྲགས་པས་གཉིད་སད། ནམ་མཁའ་ན་ལྷ་རྣམས་མཆོད་པ་བྱེད་ཀྱིན་འདུག །སུ་ལ་མཆོད་དྲིས་པས་འཛམ་བུའི་གླིང་པའི་ཁྱེའུ་རྨོངས་པ་ཁྱེད་ཉིད་རྒྱབ་བརྟེན་པའི་ཤིང་ལ་འཕགས་པ་འཁོར་བཅས་བྱོན་ནོ་ཟེར། བལྟས་པས་ཤིང་གི་ངོས་ལ་ལྷ་ལྔ་དངོས་སུ་བྱོན་འདུག་པས་ཕྱག་འཚལ་གསོལ་བ་བཏབ། རྒྱལ་པོའི་ཡུལ་དུ་འབྱོན་པར་ཞུས་ཀྱང་དང་པོ་པ་ཎ་མ་ཟད་ན་དེ་ལྟར་ཡིན་ཡང་ད་ནི་འདི་ཁོ་ནར་གནས་སོ་གསུང༌།

དེ་ནས་རྒྱལ་པོ་ལ་སྦྲན་པས་མ་མགུ་བར་དགེ་བསྙེན་ལ་གླ་རྔན་གཅིག་ཀྱང་མ་བྱིན་སྐད། དེ་ནས་ནགས་ཚལ་དེར་ལྷ་ཁང་བཞེངས། ཁ་སརྤ་ཎིའི་གཙུག་ལག་ཁང་དུ་གྲགས་ཏེ། ཁ་སརྤ་ཎ་ནི་ནམ་མཁའ་ལ་གཤེགས་ནས་བྱོན་པའི་ཕྱིར་མཁའ་སྤྱོད་དམ་པ་ཎ་ཟད་པའི་ཚེ་བྱོན་པས། པ་ཎ་ཟད་པ་ཞེས་བྱ་བ་ཡིན་ཟེར་ཡང་མཁའ་སྤྱོད་དུ་བསྒྱུར་བ་ནི་ཤིན་ཏུ་ལེགས་ཤིང༌། ཅིག་ཤོས་དང་མཐུན་པར་བསྒྱུར་ན། ཁར་ས་ནི་ཟས་ཀྱི་རིན་གྱི་སྐད་དོད་ཡིན་ལ། པ་ཎ་ནི་གསེར་དངུལ་གྱི་དོང་ཙེ་ད་ལྟ་ཊང་ཁར་གྲགས་པ་འདི་ཡིན་པས། ཟས་རིན་དོང་ཙེའི་དོན་ཡིན་ནོ། །དེ་ལྟར་ནི་རྒྱ་གར་སྤྱི་ཁྱབ་ཏུ་གྲགས་པ་ལྟར་རོ། །ཞེས་དང་། དགེ་བསྙེན་དེ་ལ་འཕགས་པ་ཁ་སརྤ་ཎ་ལྷ་ལྔ་དངོས་སུ་སྣང་ཞིང༌། དུས་དེར་མཆོད་པ་ཡང་མངོན་སུམ་དུ་བཞེས་པ་ལས། དགེ་བསྙེན་དེའི་ཡོ་བྱད་ལ་བལྟས་ནས་ཆོམ་རྐུན་པས་བཀྲོང་པར་བརྩམས་པའི་ཚེ། མྱོང་བར་ངེས་པའི་ལས་ཀྱི་མཐུར་ཤེས་ནས། མགོ་བོ་འཕགས་པའི་ཕྱག་ཏུ་ཕུལ་ཅིག་བྱས་ནས། ཆོམ་རྐུན་པས་ཀྱང་དེ་བཞིན་དུ་བྱས། འཕགས་པས་སྤྱན་ཆབ་ཕྱུང་བ་ཀླད་ཁུང་དུ་སོང་བས་དེ་ཐམས་ཅད་རིང་བསྲེལ་དུ་གྱུར། དེ་ཕྱིན་ཆད་མཆོད་པ་དངོས་སུ་མ་བཞེས་ཞེས་གྲགས་སོ། །ཞེས་བྱུང་ངོ་།།

དེ་བཞིན་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་ལས[2]། དེ་ནས་ཆོས་རྗེ་ཉིད་ཁར་ས་པ་ཎིའི་གཙུག་ལག་ཁང་གི་དྲུང་། ཨུ་ཤི་རའི་ནགས་འདབ་ན་བཞུགས་པའི་ཚེ། སྔ་དྲོ་གཅིག་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་ཉན་ཐོས་དགྲ་བཅོམ་པའི་ཚོགས་དང་བཅས་པ་བསོད་སྙོམས་མཛད། དེ་ལ་ཀླུའི་རྒྱལ་པོ་སྦྲུལ་མགོའི་གདེང་ཁ་རོང་ངེ་བས་ཞལ་ཟས་འབུལ་བ་གཟིགས་ཏེ། ལོ་ཙྪ་བ་ཆེན་པོས།

ཀ་ནི་ཀ་དང་ཟླ་བ་བཀྲམ་པའི་ཚལ། །

ཨུ་ཤི་དགེ་བའི་ནགས་འདབས་བཞུགས་པ་ན། །

སངས་རྒྱས་ཉན་ཐོས་ཞབས་འབྲིང་གཉིས་བཅས་ཀྱིས། །

ཀླུ་དབང་བསོད་སྙོམས་མཛད་གཟིགས་ཕྱག་འཚལ་ལོ། །

ཞེས་བསྔགས་སོ། །ཞེས་བྱུང་བ་ལྟར། གནས་འདི་ཉིད་བྱིན་ཅན་ཞིག་ཀྱང་ཡིན་པར་ཤེས་ནུས་ལ། དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[3]།

རང་གི་མཁན་པོ་རྣམ་སྣང་མཛད་ཀྱི་དྲུང་། །

ཤེར་ཕྱིན་གསན་ཅིང་བྱམས་པའི་སྒྲུབ་ཐབས་ཞུས། །

ཤར་ཕྱོགས་ཁ་སརྤ་ཎིའི་ནགས་ཚལ་དུ། །

སྒྲུབ་པ་སྙིང་པོར་མཛད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས་[4]ཀྱང་། ཕྱོགས་ཀུན་ཏུ་ཤེར་ཕྱིན་འཆད་པ་འཚོལ་བ་ལ་ཞུགས་པ་ན། སློབ་དཔོན་སེངྒེ་བཟང་པོ་ཞེས་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་སྟེ། དེས་རང་གི་མཁན་པོ་རྣམ་སྣང་མཛད་ལས་བྱམས་པའི་སྒྲུབ་ཐབས་ཞུས། བསྒྲུབས་པས་རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སརྤ་ཎིར་སོང་ཞིག་ཅེས་ལུང་བསྟན་ནོ། །གསུངས་པ་ལྟར་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[5]། དེ་ནས་ཤར་དུ་གངྒཱ་དང་མི་རིང་བའི་སར་དུས་བཞིར་མེ་ཏོག་འཆར་བའི་པད་རྫིང་ཆེན་པོ་དང་། དེ་དང་ཉེ་བའི་ཤར་དུ་སོ་ཀ་ལ་པུ་ར་ཟེར་བའི་གྲོང་དང་། དེ་དང་མི་རིང་བའི་ཤར་ལྷོར་རཱ་ཛ་ས་ཧེ་ཟེར་བའི་གྲོང་ཡོད། ཡུལ་དེ་ནས་ཤར་དུ་ཆེར་མི་རིང་བར་པུ་རྣ་ཝ་རྟའམ་ན་པ་དེ་ཡ་ཟེར་བའི་གྲོང་ཁྱེར་ཆེན་པོ་ཡོད་པ་དེ་ནུབ་ཕྱོགས་བྷངྒ་ལའི་ཆར་གཏོགས་ཤིང་། དེར་སྤྱན་རས་གཟིགས་ཁ་སར་པ་ཎིའི་ལྷ་ཁང་ཡོད་པ་དེ་སློབ་དཔོན་སེངྒེ་བཟང་པོས་བྱམས་པ་བསྒྲུབས་པའི་ལྷ་ཁང་ཡིན་ནམ་སྙམ། ཞེས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༨

[2]  ས་སྐྱ་པ་དང་ས་སྐྱ་པ་མ་ཡིན་པའི་བླ་མ་ཁ་ཤས་ཀྱི་རྣམ་ཐར། ༼༣༽ རྒྱལ་ཡོངས་གསུང་རབ་སློབ་ཁང་། དཔེ་རིང་། ཤོག་ ༥བ༥

[3]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢ན༣

[4]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༩༠

[5]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༦༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༣ ནས་ ༡༤༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *