ནཱ་ལེནྡྲའི་སློབ་ཁང་དང་། དེ་ནས་ཐོན་པའི་པཎ་གྲུབ།

ནཱ་ལེནྡྲའི་སློབ་ཁང་དང་། དེ་ནས་ཐོན་པའི་པཎ་གྲུབ[1]།

 

སྟོན་པ་བཅོམ་ལྡན་འདས་བྱོན་ནས་ལོ་ངོ་སྟོང་ཕྲག་ཕྱིན་ཟིན་ཀྱང་། སངས་རྒྱས་པའི་ཆོས་ཚུལ་ད་ལྟའང་འཛམ་གླིང་འདིའི་ཐོག་མུ་མཐུད་གནས་ཡོད་པ་ནི་རྩ་བ་ཆེན་པོ་ཡིན། སངས་རྒྱས་པའི་ཆོས་ཚུལ་ལ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་སྐྱབས་སུ་འགྲོ་བའི་སྐྱབས་འགྲོ་རྐྱང་པས་མི་ཕན་པར།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཚུལ་འདི་ཉིད་ཇི་ལྟ་བུ་ཞིག་ཡིན་པ་ཞིབ་ཚགས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས། དེ་ལྟར་ཡོང་བ་ལ་སློབ་སྦྱོང་བྱེད་དགོས། སྔར་རྒྱ་གར་འཕགས་ཡུལ་དུ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་ཟིན་རྗེས་རིམ་བཞིན་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་སླེབས་སྐབས་ཤེས་ཡོན་གྱི་བསྟི་གནས་སམ། ཡོན་ཏན་སྦྱོང་ས་ནཱ་ལེནྡྲ་ཞེས་པ་དེ་ཉིད་ཆགས་ཤིང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་ནས་ཐོན་པ་རེད། འདིར་ཡོད་ཆོས་གྲོགས་རྣམས་ལ་ཆ་མཚོན་ནའང་། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད། དེས་ན་ང་ཚོ་ཚང་མ་དུས་ཚོད་གཉན་འཕྲང་ཅན་འདི་ལྟ་བུའི་སྐབས་སུ་སྟོན་པའི་ཆོས་ལུགས་ཟབ་ཅིང་རྒྱ་ཆེ་བ་འདིར་སློབ་སྦྱོང་བྱ་རྒྱུ་ཡོད་པ་དང་། སློབ་སྦྱོང་བྱས་པ་ལྟར་བསམ་བློ་གཏོང་རྒྱུ་ཡོད་པ། བསམ་བློ་བཏང་བ་ལྟར་རིམ་བཞིན་སེམས་ནང་མྱོང་བ་སྐྱེ་རྒྱུ་ཡོད་པ་འདི་དག་མངོན་སུམ་ཚད་གྲུབ་ལྟ་བུ་ཞིག་ཆགས་ཡོད། ད་ལྟ་སྙིགས་མ་ལྔ་བདོའི་དུས་ཚོད་ཅིག་ཡིན་ནའང་། ང་རང་སྒེར་ངོས་ནས་ཆ་མཚོན་ན། ད་རེས་ལས་སྐལ་བ་བཟང་བ་ཞིག་མ་བྱུང་བ་ལྟ་བུ་ཆགས་ཡོད། དཔེར་ན། ངོས་རང་ལ་ཆ་བཞག་ན། ཆུང་ངུའི་སྐབས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པའི་གཞུང་ལུགས་གལ་གནད་ཆེ་བ་རྣམས་བློ་ངོར་འཛིན་ཅིང་། ཡོངས་འཛིན་རྣམ་པས་འགྲེལ་བཤད་བསྐྱོན་པ་སོགས་ངོས་ནས་སློབ་སྦྱོང་གང་འཚམ་བྱས་ཡོད། དེ་རྗེས་བཙན་བྱོལ་དུ་འབྱོར་ཞིང་། དེ་ནས་དཔེ་ཆ་ལྷོད་ལྷོད་བྱས་ནས་ལྟ་རྒྱུའི་གོ་སྐབས་ཤིག་བྱུང་ཡོད། རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་རེད། བཙན་བྱོལ་བ་ཆགས་རྗེས་བྱ་རྒྱུ་ལས་རྒྱུ་དེ་ཙམ་མེད་པའི་ཐོག་སྡོད་སྐབས་དངོས་གནས་དྲང་གནས་བསམ་བློ་གཏོང་རྒྱུ་ཡོད་པ། དཔེར་ན་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལ་སོགས་པ་བལྟ་རྒྱུའི་གོ་སྐབས་ཡོད་པ་ནི་ཧ་ཅང་རྩ་བ་ཆེན་པོ་རེད་འདུག །རིམ་བཞིན་བསམ་བློ་གཏོང་སྐབས་སེམས་ལ་འགྱུར་བ་ཐེབས་པ་ཞིག་གཏན་གཏན་ཡོང་གི་འདུག །རང་ཉིད་ཀྱིས་རང་ཉིད་ཀྱི་ཆེ་བ་སྒྲོག་པ་མིན་ནའང་། འོན་ཀྱང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཕལ་ཆེར་རྩོལ་བཅས་ཀྱི་མྱོང་བ་ཞིག་གཏན་གཏན་སྐྱེས་བསྡད་ཡོད། དེས་སེམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག །མདོར་ན། ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་བསམ་བློ་བཏང་ནས་སེམས་ལ་འགུལ་བསྐྱོེད་ཐེབས་སྐབས་སེམས་རང་བཞིན་གྱིས་ལྷོད་ལྷོད་ཆགས་པ་ཞིག་དང་། དེས་གཉིད་སྐྱིད་ཅིང་གཟུགས་པོ་ཡང་བདེ་བ་བཅས་ཀྱི་ཐོག་ནས་ཉིན་རེའི་མི་ཚེ་ཞི་ལྷོད་བག་ཕེབས་ཤིག་ཡོང་ཐུབ་ཀྱི་འདུག །ཅེས་བཀའ་སྩལ་ཏོ།།  །།

[1] ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་སྨིན་སྩལ་སྐབས་ཀྱི་བཀའ་ཆོས་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *