༄༅། །ལྕགས་སྦུབ་མ་རྒྱ་ནག་གི་ལུགས།
གཙང་པ་བསྒོམ་ཆུང་ནས་བརྒྱུད་པ།
ལེའུ་དང་པོ། སྔགས་ཀྱི་རིམ་པ།
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱུད་དཔལ་རྡོ་རྗེ་བདེ་བ་ལས་བཏུས། དེ་ལ་དོན་རྣམ་པ་བརྒྱད་དུ་བསྟན་ཏོ། །རྫས་བསག་ཅེས་བྱ་བ་ནི། ནད་གང་དང་ཡང་སྦྱར་རོ། །ལྷ་བསྒོམ་པ་ནི་དྲག་པོའི་རྟགས་སོ། །དྲག་སྔགས་བཟླ་བ་ནི་གང་ཟླས་[བཟླས]ཀྱང་། ཕོ་མོ་གཉིས་སུ་ཤེས་པར་བྱའོ། །
ཨ་རུ་ར་བཅུག་པ་ནི་ཡེ་ཤེས་ཀྱི་བུམ་པའི་རྟགས་སོ། །འབྲས་དང་ནས་སྔོན་མོ་ནི་མི་བརྗེད་པའི་གཟུགས་སོ། །བུམ་པའི་ལྷ་དང་ལྷ་མོའི་ཚུལ་ལོ། །ཞལ་གསུམ་དབུས་ཆེ་བ་མཐའ་ཆུང་བ། མཐའ་ཆུང་བ་ནི་བདག་ལ་སྐྱོབ་པའོ། །དབུས་ཆེ་བ་ནི་ཡེ་ཤེས་ཀྱི་ལྷའོ། །སྐུ་མདོག་མཐིང་ནག་གིས་འགྲོ་བ་འདུལ་བའི་རྟགས་སོ། །མཐའ་གཉིས་སྦྲུལ་ལ་དབུས་མས་གསོལ་བ་པོ་མཐའ་གཉིས་འཛིན་པ་ནི་བརྐྱང་བསྐུམ་དུ་གནས་པའོ། །
སྦྲུལ་གཡས་གཡོན་ནི་ཀླུ་མོར་ཤེས་པར་བྱ། སྦྲུལ་གཉིས་ནི་རྔམ་ཞིང་རྔམ་ཞིང་གསོལ་བའོ། །ཕྱག་གཉིས་དགྲ་སྟ་དང་ཕུར་བུ་འདེགས་པའོ། །དགྲ་སྟ་ནི་ཀླུ་ཕོ་འདུལ་བའོ། །ཕུར་(བུ་)ནི་མོ་འདུལ་བའོ། །ཕྱག་ཞབས་སྦྲུལ་གྱིས་དཀྲིས་པ་ནི་རྟགས་སུ་བསྟན་པའོ། །སྦྲུལ་གདུག་པ་རིན་ཆེན་དབུ་ལ་བཅིངས་པ་ནི། དཔའ་བོ་འདུལ་བའི་རྟགས་སོ། །སྨིན་མ་དཔྲལ་བར་བསྡུས་པ་ནི། གདུག་པའི་ཚུལ་ལོ། །ཡ་སོས་མ་མཆུ་མནན་པ་ནི། མི་སྐྲག་པའི་ཚུལ་ལོ། །གཤིན་རྗེའི་ཆ་བྱད་ཅན་བྱ་བ་ནི། འཇིགས་པའི་རྟགས་སོ། །ལྗགས་གློག་ལྟར་འགྱུ་བྱ་བ་ནི། ཀླུ་སྲེག་པའི་རྟགས་སོ། །ཞབས་རྒྱ་མཚོའི་གཏིང་དུ་བརྐྱང་བྱ་བ་ནི། སྐུ་ཆེ་བའི་རྟགས་སོ། །ཆུ་སྲིན་དང་རུས་སྦལ་ཞབས་ཀྱིས་མནན་བྱ་བ་ནི། ཀླུ་རྣམས་ཐུལ་བའི་རྟགས་སོ། །
ལྕགས་ཀྱི་སྦུ་གུས་དྲག་སྔགས་དྲང་བར་བྱ་བ་ནི། སྔགས་ཕྱིར་མི་འཆོར་བའི་རྟགས་སོ། །བུམ་པ་རུ་དྲག་སྔགས་བགྲང་བྱ་བ་ནི་གཞན་ལ་གནོད་འཚེ་མི་ཡོང་བའོ། །གོས་སྔོན་པོ་ནི་ལྷ་དང་མཐུན་པའོ། །དེ་ནི་དོན་དང་མཐུན་པའོ། །ཨཱོཾ་ནི་ཡེ་ཤེས་ལྔའོ། །མ་ར་ན་སོད་སོད་ནི་ཀླུ་ཕོ་ཐུལ་ཅིག་པའོ། །མ་ར་ན་བྱིང་བྱིང་ནི་ཀླུ་མོ་ཐུལ་གཅིག་[ཅིག]མ་ར་ན་མུགས་མུགས་ནི་གནོད་སྦྱིན་ཐུལ་གཅིག་[ཅིག]པའོ། །མ་ར་ན་ཧལ་ཧལ་ནི་དྲེགས་པ་ཅན་ཀུན་ཐུལ་ཅིག་པའོ། །མ་ར་ན་དུ་ན་དུ་མ་ནི་མི་མ་ཡིན་ཐུལ་ཅིག་པའོ། །མྱོས་མྱོས་བྱིང་བྱིང་ནི་གདུག་པ་ཅན་ཐམས་ཅད་ཐུལ་ཅིག་པ། ན་ག་ཐུམ་རིལ་ལི་ལི་ཛ་ཛ། ཀླུ་མི་ཀྲག་[སྐྲག]པར་གྱིས་ཤིག་པའོ། །ཉུངས་དཀར་ལ་སྔགས་ཤིང་བུམ་པར་བླུགས་པ་ནི་ཉུངས་དཀར་གྱི་སྔགས་ཀྱི་མདོ་འོ། །སྔགས་ཀྱི་རིམ་པ་རྫོགས་སོ།། །།
ལེའུ་གཉིས་པ། དྲག་སྔགས་ཀྱི་ལས་བསྒྲུབ་པ།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་གདགས་རིམ་པ་ནི། རྫས་བསག །ལྷ་བསྒོམ། དྲག་སྔགས་བཟླས། ཨ་རུ་ར་དང་། འབྲས་དང་། ཏིལ་དཀར་ནག་དང་། སོ་བ་དང་ནས་སྔོན་མོ་དང་། བུམ་པ་སྔོན་པོའི་ནང་དུ་བླུགས་སོ། །ཆུས་བཀང་ལ། ལྕགས་ཀྱི་སྦུ་གུས་དྲག་སྔགས་བཟླས་སོ། །
ལྷའི་རིམ་པ་བསྟན་པ་ནི། སྐུ་ཆེ་ལ་ཡན་ལག་རགས་པ། ཞབས་གཉིས་རྒྱ་མཚོའི་ནང་དུ་བརྐྱང་བ། ཆུ་སྲིན་དང་རུས་སྦལ་ཞབས་ཀྱིས་མནན་པ། འགོ་[མགོ]བོ་བར་སྣང་གི་མཚམས་ན་གནས་པ། ཞལ་གསུམ་པ། མཐའ་ཆུང་དབུས་ཆེ་བའོ། །
མཐའ་གཉིས་སྦྲུལ་འཛིན་དབུས་མས་གསོལ། ཕྱག་གཉིས་དགྲ་སྟ་ཕུར་བུས་[བུ]འདེབས[འདེགས]། སྔགས་ལ། ཨོཾ་མ་ར་ན་སོད་སོད། མ་ར་ན་བྱིང་བྱིང་། མ་ར་ན་མུགས་མུགས། མ་ར་ན་ཧལ་ཧལ། མ་ར་ན་དུ་ན་དུ་མ། མུགས་མུགས། མྱོས་མྱོས། བྱིང་བྱིང་། ན་ག་ཐུམ་རིལ་ལི་ལི་ཛ་ཛ། དྲག་སྔགས་ཀྱི་ལས་བསྒྲུབ་པ་རྫོགས་སོ།། །།
ལེའུ་གསུམ་པ། ནད་ངོས་བཟུང་བའི་ཐབས།
ནད་བརྟག་པ་ནི། རྫས་ནི་འཛ་ཏི་ཕ་ལ་དང་། འབྲས་དང་། སོ་བ་དང་། ནས་སྔོན་མོ་དང་། དེ་རྣམས་ཁྲོལ་བུ་ལ་དྲག་སྔགས་བཟླས་ཏེ། དེ་རྣམས་ཞིབ་ཏུ་བཏགས་ལ། སྐྱོ་མ་ལ་དྲག་སྔགས་བཟླས་ལ་ཁོང་དུ་གཏོང་ངོ་། །ལུས་ལ་མེ་འོད་ཚ་བའི་དྲོད་བྱུང་ན། རྟགས་ཡིན་པས་སྤྱང་དུག་པ་སྐུའོ། །ཚེར་མ་ཟུག་པ་འདྲ་བ་བྱུང་ན། ར་དུག་པ་དང་། རེའུ་ལྗག་[ལྕག]པ་སྐུའོ། །ར་མོ་ཤག་སྐུའོ། །ཚ་ལ་བྲུམ་[འབྲུམ]བུ་བྱུང་ན། བཙོད་ཁུ་དང་སྤོས་ཆུས་བཀྲུའོ། །ཀོར་ཚེར་ཤུས་ཏེ་འགྲོ་ན། ར་ཐུག་གི་སྦྲེའ་དང་རྩ་ལོང་བརྡོང་པ་གཉིས་བསྲེས་ལ་བསྐུའོ། །དམའ་[རྨ]དང་སེར་ཀ་བྱུང་ན་སྔགས་ཀྱིས་གདུལ་ལོ། །ཀོར་ཚེར་ཚོར་བ་མེད་པ་བྱུང་ན། པུས་པ་ལ་སོགས་མུ་ཟི་དང་། བ་བླ་དང་ལྡོང་རོས་གསུམ་བསྐུའོ། །ན་ཚ་མེད་པ་ཤུ་བ་བྱུང་ན། ཏི་ཚ་དང་། མར་ཀར་དང་། རི་བོང་གི་རིལ་མ་དང་གསུམ་བསྲེས་ལ་བྱུག་གོ །ཚ་ཞིང་འབྲུམ་བུ་བྱུང་ན་སྤྱང་ཚེར་མ་དང་ཤུག་པ་ཚེར་མ་ཅན་གཉིས་བསྐུའོ། །ཚ་ལ་ཁུམས་ན་གུ་གུལ་དང་ར་རུའི་གཞོབ་དང་ཚ་[ཚྭ]དང་གསུམ་བསྲེས་ལ་བསྐུའོ། །ཉམས་ཆུང་ན་བུམ་ཆུས་བཀྲུའོ། །གླང་ཤུ་བ་འདྲ་བ་བྱུང་ན་སྔགས་ཀྱིས་གདུལ། ཤ་བཀྲ་བྱུང་ན་གུར་གུམ་གྱི་ཆུས་བཀྲུའོ། །ཕག་ཚིལ་བསྐུའོ། །ཤ་རོ་སྦལ་དམིག་[མིག]བྱུང་ན། ཤ་རངས་[རེངས]པ་འགུལ་ན། གླ་རྩི་གུ་གུལ་མུ་ཟི་གསུམ་བསྐུའོ། །དེ་དག་ཐམས་ཅད་ལ་སྔགས་ཀྱི་ཆུ་འཐུངས་པ་དང་། བཀྲུ་བ་དང་གདབ་པ་རྣམས་ཤིན་ཏུ་ཡང་སྔགས་[བསྔགས]སོ། །ནད་ངོས་བཟུང་བའི་ཐབས་རྫོགས་སོ།། །།
ལེའུ་བཞི་པ། རིན་པོ་ཆེ་མིག་གི་གཅེར་དཔྱད།
རྒྱ་གར་གྱི་ཡུལ་ན་ས་བདག་ཆེན་པོ་དེ་ཕྱག་གི་ལྕགས་ཐག་ཅན། ཞང་གི་གཉན་ཁྲ་བོ། བཙན་ཆུ་རྗེ་ཉོ་བ་དང་། ས་བདག་ལག་ཕྲད་ལས་བསོགས་པ་གདུལ་བའི་དོན་ཆེད་དུ། ཀླུ་གདོལ་པའི་རིགས་བརྒྱད་ཀྱི་སྐད་འདི། དེ་བཞིན་གཤེགས་པ་ཤཀྱ་[ཤཱཀྱ]ཐུབ་པས་བཀའ་སྩལ་བར་འགྱུར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །གང་ཞིག་ལྷ་དེ་བསྒྲུབ་ན་དང་པོར་ནི། རང་གི་རིགས་མཐུན་གནས་ནི་དེ་ནས་ཀྱང་། དམ་པར་བཅས་ནས་ཀུན་དང་ཕྲད་པ་མན་[མིན]། །དེ་ནས་མཆོད་རྟེན་སྔོན་པོ་ལྷ་བཅས་ནི། །སྐུ་སྙམས་བྱེད། བློ་མི་བདེ། སྣ་ཞུབ་[ཞུམ]པ་དང་སྣ་བརྩེ་བ་འོང་། ལྷོ་ནུབ་འཚམས་[མཚམས]སུ་རྗེལ་[རྗེ]རིགས་ཀྱི་སྤྲུལ་པའམ་འཁོར་གྱིས་ཟིན་པའི་མཚན་མ་ནི། ལྕོང་མོ་མཇུག་རྡུམ་གྱི་གཟུགས་འདྲ་བ་གཅིག་འཆར་རོ། །ནད་ནི་སྙིང་ན་ཀམ་ཀམ་བ་འོང་། དབུགས་མི་བདེའོ།།
ནུབ་བྱང་འཚམས་[མཚམས]སུ་བྲམ་ཟེའི་གདོལ་པས་ཟིན་ན་སྦལ་པ་ནག་པོ་ཡན་ལག་མོད་[མེད]པ་འདྲ་བ་གཅིག་འབྱུང་ངོ་། །ནད་ནི་མཁལ་མ་ལ་གཟེར་ནས་འོང་སྟེ། མཁལ་མ་སྨྱུག་གུས་བཙག་[གཙག]པ་འདྲ་བ་སྙམས་[སྙམ]བྱེད་པ་འོང་། མིག་མི་གསལ་ཕྱི་སྙིང་མི་འདོད། བྱང་ཤར་འཚམས་[མཚམས]སུ་ཀླུ་རྨོངས་[དམངས]རིགས་ཀྱི་འཁོར་གྱིས་བཟུངས་[བཟུང]བའི་རྟགས་ནི། སྡིག་པ་ནག་པོ་ར་ཆག་པ་འདྲ་བ་གཅིག་འཆར་རོ། །ནད་ནི་མཆིན་པ་ན་སྟེ། གྲིས་དྲས་པ་སྙམ་བྱེད། རྣ་བ་མི་གསང་བའོ། །རིན་པོ་ཆེ་མིག་གི་གཅེར་དཔྱད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། དེས་གསེར་གླིང་བ། དེས་ཏིངས་ཀཱ་ར། དེས་ནག་ཙོ་ལོ་ཙ་[ཙཱ]བ། དེས་འཇག་ཁྲི་མཆོག །དེས་ལྷ་སྒོམ། དེས་གྲུ་གོ་ཅ་[ཆ]ལ་བཤད། དེས་བླ་མ་འཇོང་པོ། ལར་གདམས་ངག་ལ་ན་བ་དང་། མི་ན་བ་ཀུན་གྱི་མིག་ལ་འདྲིས་པར་བྱ་བ་ཡིན། ཡང་དང་ཡང་བརྟག་པ་གལ་ཆེ། ཀླུ་སྨན་སྣ་ཚོགས་བསྲགས་[བསྲེགས]ཀྱིན། ཞགས་[ཞག]གསུམ་ཚུན་ཆད་ལུས་དང་མིག་ལ་ཡང་དང་ཡང་དུ་བརྟག་སྟེ། ལུས་པོ་བཀྲུས་ནས་ཉི་མ་ལ་བརྟན་[བསྟན]ན་གཟུགས་དང་ཤ་མཚན་འབྱུང་ངོ་།། །།
ལེའུ་ལྔ་པ། རྒྱལ་མོ་མིག་གི་བརྟག་པ།
བཅོམ་ལྡན་འདས་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །དཔེར་ན་རྩི་ཤིང་རྩེ་མོ་ལ་མེ་ཏོག་འཆར་བ་བཞིན་དུ། ནད་ཀྱི་མེ་ཏོག་མིག་ལ་འཆར་རོ། །དེ་ལ་མིག་བརྟག་པ་ལ་བཞི་སྟེ། འགྲིམ་རྩའི་བརྟག་པ་དང་། ཀླུ་རིགས་བཞིའི་བརྟག་པ་དང་། གདོལ་པ་ཀུན་ཁྱབ་ཀྱི་བརྟག་པ་དང་། ལས་ཀྱི་རྣམ་སྨིན་གྱི་བརྟག་པའོ། །འགྲིམ་རྩའི་བརྟག་པ་ལ་གཅེས་པའི་རྩ་བཞི་སྟེ། སྲིད་པའི་རྩ་དང་། དོན་སྙིང་གི་རྩ་དང་། བད་མཁྲིས་ཀྱི་རྩ་དང་། ཡན་ལག་གི་རྩའོ། །དེ་ལ་དོན་སྙིང་གི་རྩ་ལྷོ་ཕྱོགས་ནི། མིག་གི་དྲ་[གྲ]ཕུགས་འོག་ནས་འཆར་ཏེ། དེ་ལ་ནད་གཞི་རྒྱས་སམ་མ་རྒྱས་ལྟ་བ་ནི། ལྟེ་བར་བྱུང་ན་གདོན་ཞན་[ཞེན]པ་ཡིན། རྐེད་པར་བྱུང་ན་ཐུབ། རྩེ་མོར་བྱུང་ན་འཕྲ་བ་ཡིན། སྲིད་པའི་རྩ་བྱང་ཕྱོགས་ནི་གཡས་ཕྱོགས་ནས་འཆར་བསམ། དེ་ལ་གྲངས་བརྟག་སྟེ། ནག་ཏིག་ཅིག་བྱུང་ན་ལོ་གཅིག་ལོན། ལོ་རེ་རེ་ལ་ནག་ཏིག་རེ་རེ་འཆར། གཡས་སུ་བྱུང་ན་རྒྱལ་པོ་ཡིན། གཡོན་དུ་བྱུང་ན་དམ་སྲི་ཡིན། སྐྱ་སིང་ངེ་འདུག་ན་སྦོད་[རྦོད]གཏོང་ཡིན། སེར་ན་ཉེ་དྲུང་འབྲེལ་བའི་འདྲེ་ཡིན། ཡན་ལག་གི་རྩ་ནུབ་ཕྱོགས་ནི་མིག་གི་ར་[གྲ]ཕུགས་གཡས་ནས་འཆར་ཏེ། དེ་ལ་ནད་རྩ་ལ་གྲམ་མ་གྲམ་བལྟ་སྟེ། ལྟེ་(བར)མ་བྱུང་ན་ནད་རྩ་ལ་གྲམ། རྐེད་པར་བྱུང་ན་ནད་མགོ་ཆོགས། རྩེ་མོར་བྱུང་ན་གྲོལ་སླའོ། །བད་མཁྲིས་ཀྱི་རྩ་ཤར་ཕྱོགས་ནི་དྲ་[གྲ]ཕུགས་གཡོན་ནས་འཆར་ཏེ། དེ་ལ་གདོན་ངོས་བཟུང་སྟེ། རྒྱལ་རིགས་ཀྱི་མེ་ཏོག་མིག་སྤྲིན་དཀར་ནག་འཚམས་[མཚམས]སུ་འཆར་ཏེ། མདུང་ཤིང་བཀྲམས་[བཀྲམ]པ་འདྲ་བ་ལ་རྩེ་མོ་སོགས་ཀར་བྱུང་ན་རྒྱལ་རིགས་ཡིན། ལག་སོར་བཀྲམས་[བཀྲམ]པ་འདྲ་ན་འཁོར་ཡིན། རྗེའུ་རིགས་ཀྱི་མེ་ཏོག་ནི་མིག་སྤྲིན་དཀར་ནག་འཚམས་[མཚམས]སུ་གླད་ཁྲག་ཆུ་ལ་ཕོ་བ་འདྲ་བ་ཡོད་དེ། དངོས་དམར་སྨུག་ཏུ་འོང་། འཁོར་དམར་སེར་དུ་འོང་། བྲམ་ཟེའི་རིགས་ཀྱི་མེ་ཏོག་ནི་མིག་སྤྲིན་དཀར་ནག་གི་འཚམས་[མཚམས]སུ་སོར་པོས་ལྕིབ་[ལྕིབས]ཀྱིས་ཁེབས་པ་འོང་སྟེ། གཡས་སུ་བྱུང་ན་བྲམ་ཟེ་དངོས་ཡིན། གཡོན་དུ་བྱུང་ན་བྲམ་ཟེའི་འཁོར་ཡིན། རྨོངས་[དམངས]རིགས་ཀྱི་མེ་ཏོག་ནི་མིག་སྤྲིན་དཀར་པོ་ལ་ནག་པོ་ཏག་ཏིག་འཆར་ཏེ། ཆུ་བུར་རམ་ཁྲག་བུར་ལྟ་བུ་གཅིག་བྱུང་ན་རྨོངས་[དམངས]རིགས་དངོས་ཡིན། ནག་ལ་རྩུབ་པ་གཅིག་བྱུང་ན་འཁོར་ཡིན། དེ་ཚོ་ནི་ཀླུ་རིགས་ཀྱི་བརྟག་པའོ།།
ད་ནི་རྣམ་པར་སྨིན་པའི་བརྟག་པ་ནི། མིག་སྤྲིན་དཀར་པོ་དེ་སློ་སླིང་[སྔོ་སླེང]སེར་སོང་བ་དང་། མིག་སྤྲིན་ནག་པོ་ལ་འཐོར་[མཐོང]བྱེད་ལྟ་བུ་བྱུང་ན་ནི། གཏིང་མཚོ་ཁོལ་མ་བྱ་བ་བྱུང་ན་མི་འཚོ་འོ།།
གཞན་ཀླུ་རིགས་ཀྱི་ནི་འཚོ་འོ། །ཀླུ་རིགས་བཞིའི་མེ་ཏོག་ཀུན་ཚང་ན་གདོལ་པ་ཅན་གྱི་ནད་ཡིན་ནོ། །རྗེའུ་རིགས་དང་རྨོངས་[དམངས]རིགས་བྱུང་ན་དངོས་ཡིན་ནོ། །བྲམ་ཟེ་ཡིན་ནོ། །གདོལ་པ་ནི་ཐུབ་དཀའ་འོ། །རྒྱལ་མོ་མིག་གི་བརྟག་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་མཛད་པ། གསེར་གླིངས་[གླིང]པ། ཇོ་བོ་རྗེ། ནག་ཙོ[ཚོ]། བན་དྷེ་གྲུའོ་རྫོགས་སོ།། །།
ལེའུ་དྲུག་པ། མིག་ལ་བརྟག་པ་རིན་པོ་ཆེ་གཅེར་དཔྱད་མན་ངག
མཁའ་འགྲོ་མ་མིག་གཅིག་མ་ལ་ན་མོ། དཔེར་ན་རྩི་ཤིང་གི་མེ་ཏོག་རྩེ་མོ་ལ་འཆར་བ་བཞིན་དུ། མཛེ་ནད་ཀྱི་མེ་ཏོག་མིག་ལ་འཆར་རོ། །རིན་པོ་ཆེ་ཅེར་[གཅེར]དཔྱད་ཀྱི་གདམ་ངག་ཅེས་བྱ་བ། མིག་ལ་བརྟག་པའི་ཐབས་ལ། ཤུག་པ་དང་བལ་བུའི་མེ་ཏོག་གི་དུ་བ་ལ་ཀླུ་སྨན་སྣ་ཚོགས་བསྲེས་ལ་མིག་ལ་བདུག །དེས་རི་མོ་རྣམས་གསལ་བ་འོང་ངོ་། །དེ་ནས་ཕོའི་གཡས་ལ་བརྟག མོའི་གཡོན་ལ་བརྟག་གོ །དཔེར་ན་མིག་ནི་དཀྱིལ་འཁོར་དང་འདྲ་སྟེ་ཕྱོགས་ཀྱིས་བྱེད་དོ། །མིག་གི་འགོ་བཞུག་[མགོ་གཞུག]གཉིས་ནི་ཤར་ནུབ་གཉིས་མ་ཕེབ་[ཕེབས]མ་ཕེབ་[ཕེབས]གཉིས་ནི་ལྷོ་བྱང་གཉིས། གཞན་རྣམས་མཚམས་སུ་ཤེས་པར་བྱའོ། །ད་ནི་རི་མོ་ལ་བརྟག་པར་བྱའོ། །མིག་ནི་ཤར་ཕྱོགས་སུ་ཀར་ཏིག་གཅིག་བྱུང་ན་རྒྱལ་རིགས་གདོན་ནོ། །དཀར་སེར་བྱུང་ན་དེའི་སྤྲུལ་པར་བྱ། ཐིག་ལེ་དེ་ནས་འདྲ་ན་ཞིང་ས་ན་གདོན། སོག་པ་འདྲ་ན་ཁང་པ་ན་གདོན། ཡུངས་ཀར་འདྲ་ན་གཏད་འདྲེ་བྱུང་བ་ཡིན། བྲེ་འདྲ་ན་མཁར་ས་ན་གནོད། མདུང་འདྲ་ན་ཤིང་བཅད་པ་ན་བྱུང་། ཐིག་ལེ་དཀར་པོ་གཅིག་བྱུང་ན་ལོ་གཅིག་ལོན། གཉིས་བྱུང་ན་ལོ་གཉིས་ལོན། གསུམ་བྱུང་ན་ལོ་གསུམ་ལོན། བཞི་བྱུང་ན་ལོ་བཞི་ལོན། ལྔ་བྱུང་ན་ལོ་ལྔ་ལོན། ལོ་བརྒྱད་བར་དུ་འགྲེ་དེ་ནས་མི་གསལ་ལོ། །ཐིག་ལེ་དེ་ཤར་ཕྱོགས་ནས་བྱུང་བའི་ཚོད་ཀས་གཞོག་[གཞོགས]གཡས་ལ་ཐེབས་ནས་འོང་། ཤ་རོ་སེར་པོ་འབྱུང་། བྱིན་པ་དང་བརླ་ཤ་ལ་ཐེབས་ནས་འོང་། དེ་གཉིས་ལ་ཐེབས་ན་ཐུབ། མཚན་[མཆན]ཁུང་དུ་ཐེབས་ནས་[ན]མི་ཐུབ། སྒྱིད་ཁུང་དུ་ཐེབས་ན་མི་ཐུབ་རྒྱལ་རིགས་སྤྲུལ་པ་དང་བཅས་པས་བཟུང་བའི་རྟགས་སོ།།
རྗེའུ་རིགས་ཀྱིས་བཟུང་བའི་རྟགས་ནི། མིག་གི་ལྷོ་ཕྱོགས་སུ་འཆར་ཏེ། ཐིག་ལེ་སེར་པོ་བྱུང་སྟེ། དབྱིབས་སྲན་མ་ལེབ་འདྲ་སྟེ། ཐིག་ལེ་ནས་འདྲ་ན་ཞིང་ས་ན་གནོད་པ་དང་། གཅིག་བྱུང་ནས་ལག་པ་ཀུན་འགྲེ། ཐིག་ལེ་དེ་ལྷོ་ཕྱོགས་སུ་བྱུང་བའི་ནད་ཀས་གཞོག་[གཞོགས]གཡོན་པ་ལ་ཐེབས་ནས་འོང་། ཤ་རོ་སྐྱ་རྦབ་ཏུ་འབྱུང་། རྐང་མཐིལ་དུ་འབྱུང་། རྐང་མཐིལ་དུ་བྱུང་ན་མི་ཐུབ། དེ་མན་[མིན]གར་བྱུང་ཡང་ཐུབ་བོ། །རྗེའུ་རིགས་སྤྲུལ་པ་དང་བཅས་པས་ཟིན་པའི་རྟགས་སོ།།
བྲམ་ཟེའི་རིགས་ཀྱིས་ཟིན་པ་ནི། མིག་གི་ནུབ་ཕྱོགས་སུ་འཆར་ཏེ་ཐིག་ལེ་དམར་པོ་གཅིག་འབྱུང་ངོ་། །ནས་འདྲ་ན་ཀུན་འགྲེའོ། །ཐིག་ལེ་དེ་ནུབ་ཕྱོགས་སུ་བྱུང་བའི་ཚོད་ཀས་ཤ་རོ་དམར་པོ་རྒྱབ་ཏུ་འབྱུང་ལྟག་ཀུང་[ཁུང]དུ་ཐེབས་ནས་[ན]མི་ཐུབ། ལུས་གཞན་དུ་བྱུང་ན་ཐུབ། བྲམ་ཟེ་སྤྲུལ་པ་དང་བཅས་པས་ཟིན་པའི་རྟགས་སོ།།
རྨངས་[དམངས]རིགས་ཀྱིས་ཟིན་པ་ནི་མིག་གི་བྱང་ཕྱོགས་སུ་འཆར་ཏེ་ཐིག་ལེ་སྔོན་པོ་གཅིག་འབྱུང་ངོ་། །ནས་འདྲ་ཐིག་ལེ་དེ་བྱང་ཕྱོགས་ནས་འབྱུང་བའི་ནད་ཀས་དཔྲལ་བ་དང་སྙིང་ཀ་ལ་ཐེབས་ནས་འོང་། སྙིང་དང་གསང་བར་བྱུང་བ་མི་ཐུབ། དེ་མེན་[མིན]རྣམས་ཐུབ་བོ། །རྨངས་[དམངས]རིགས་སྤྲུལ་པ་དང་བཅས་པས་ཟིན་པའི་རྟགས་སོ།།
རྡོལ་[གདོལ]པ་ནག་པོས་བཟུང་བ་ནི་མིག་འབྲས་ལ་འཆར་ཏེ། ཐིག་ལེ་ཡུངས་འབྲུ་ཙམ་གཅིག་འབྱུང་སྟེ། ནས་འདྲ་མིག་གི་འབྲས་བུ་ལ་ཤར་བའི་ནད་ཀས་ཕོའི་རྡོ་རྗེ་མི་ལྟང་[ལྡང་]། མོའི་ཆགས་པ་མི་སྐྱེ། རྡོལ་[གདོལ]པ་ནག་པོ་སྤྲུལ་པ་དང་བཅས་པས་བཟུང་བའི་རྟགས་སོ།།
ཤར་ལྷོ་འཚམས་[མཚམས]སུ་རྒྱལ་རིགས་ཀྱི་འཁོར་གྱིས་ཟིན་པའི་རྟགས་སུ་སྦྲུལ་དཀར་པོ་འཁྱུགས་པ་འདྲ་བ་གཅིག་འབྱུང་སྟེ། གློ་བ་ན་བར་འོང་། སྣ་ཞོམ་པ་དང་རྩེ་ན་གྲའོ། །ལྷོ་ནུབ་ཏུ་རྗེའུ་རིགས་འཁོར་གྱིས་ཟིན་པའི་རྟགས་སུ་ལྕོང་མོའི་གཟུགས་འདྲ་བ་གཅིག་འབྱུང་དབུག་[དབུགས]མི་བདེ་དང་ཀ་དང་སྙིང་ན་བའོ། །ནུབ་བྱང་དུ་བྲམ་ཟེ་འཁོར་གྱིས་བཟུང་ན་སྦལ་པ་ཡན་ལག་མེད་པ་འདྲ་བ་གཅིག་འབྱུང་ངོ་། །རྣ་བ་འོན་པ་དང་མཁལ་སྐེད་ན་འབྱུང་ངོ་། །བྱང་ཤར་འཚམས་[མཚམས]སུ་རྨངས་[དམངས]རིགས་ཀྱི་འཁོར་གྱིས་ཟིན་ན། སྡིག་པ་ནག་པོ་ར་ཆག་པ་ལྟ་བུ་འབྱུང་། མཚན་མ་ན་བར་འོང་། རྫོགས་སོ།། །།
ལེའུ་བདུན་པ། མིག་གི་བརྟག་པ་ཡེ་ཤེས་སྒྲོན་མ།
མཁའ་འགྲོ་མ་མིག་ཅིག་མ་ལ་ཕྱག་འཚལ་ལོ། །ལུས་ཀྱི་ད་ལ་ཅི་འདྲ་ཡང་། །བཞིན་གྱི་ད་ལ་མེ་ལོང་ཡིན། །བཞིན་གྱི་ད་ལ་ཅིར་སྣང་ཡང་། །གསལ་བར་སྟོན་པ་དབང་པོ་མིག །མིག་གི་བརྟག་པ་ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བ་སྟེ། འདིས་ནི་གདོན་གྱི་རིགས་དང་གཅིག །གང་ནས་གནོད་པ་དང་གཉིས། ཞུགས་ན་[ནས]ལོ་དུ་ལོན་བརྟག་པ་དང་གསུམ། ཐུབ་མི་ཐུབ་བརྟག་པ་དང་བཞི། ལུས་ཀྱི་གནད་གང་དུ་ཐེབས་བརྟག་པ་དང་ལྔའོ། །རྩ་བའི་གདམས་པ་རྫོགས་སོ།།
དཔེར་ན་ཤིང་གི་མེ་ཏོག་རྩེ་མོ་ལ་འཆར་བ་བཞིན་དུ། མཛེ་ནད་ཀྱི་མེ་ཏོག་མིག་ལ་འཆར་རེ། །རིན་པོ་ཆེ་ཆེར་[གཅེར]དཔྱད་ཀྱི་མན་ངག་ཅེས་བྱའོ། །མིག་བརྟག་པའི་ཐབས་ལ། ཤིང་ཤུག་པ་དང་བལ་བུའི་ལོ་མའི་མེ་ལ་ཀླུ་སྨན་འབྲས་ཕྱེ་མར་མ་མོ་བུ་གསུམ་པ་དང་། མངར་གསུམ་དང་དཀར་གསུམ་དང་། ན་[ནཱ]ག་གེ་སར་པུས་པ་[པུཥྤ]གཉིས། རྒྱ་མཚོ་སྦུ་[ལྦུ]བ་དང་། དབང་པོ་ལག་པ། ཆུ་སྲིན་སྡེར་མོ་དང་། སླེ་ཏྲེས། ཛཱ་ཏི། ཧོང་ལེན། ཨུཏྤལ་སྔོན་པོ། ནས་འབྲས། སྲན་མ། ཀླུ་སྨན་སྣ་ཚོགས་དང་བག་ཕྱེ་དང་སྦྱར་ལ་འོ་མ་ས་དང་སྦྲུས་ལ། བསྲེགས་ལ་བརྟག་པ་བྱེད་དུས་སུ། ནད་པའི་སྤྱིན་[སྦྱིན]མོ་ལ་བདུག་སྟེ། དེས་རི་མོའི་རྣམ་པ་དང་ཁ་དོག་ད་སྣ་ཚོགས་རྣམས་གསལ་བར་འགྱུར་རོ། །ནད་པའི་ལུས་དང་ངོ་ཞག་གཉིས་གསུམ་དུ་དེ་ལྟར་བྱ་ཞིང་བརྟག་གོ །བུད་མེད་ཀྱི་མིག་གཡོན་པ་ལ་བརྟག་གོ །ཁོ་གའི་མིག་གཡས་པ་ལ་བརྟག་གོ །མིག་གི་དཀྱིལ་འཁོར་ལ། ཕྱོགས་ཀྱི་དབྱིབས་ཕུགས་ལ་བརྟག་གོ །མིག་གི་ར་ཕུག་[གྲ་ཕུགས]གཉིས་ནི་ཤར་ནུབ་གཉིས་སོ། །ཡ་རྐན་ཡ་ལྤགས་མ་རྐན་མ་ལྤགས་གཉིས་ནི་ལྷོ་བྱང་གཉིས་སོ། །གཞན་མ་རྣམས་ནི་འཚམས་[མཚམས]སུ་ཤེས་པར་བྱའོ།།
ད་ནི་རི་མོའི་རྣམ་པ་ལ་བརྟག་སྟེ། མིག་གི་མིག་སྤྲིན་དེ་ནང་གཉིས་ཀར་ཤར་ཕྱོགས་སུ་རི་མོ་དཀར་ཏིག་ཅན་ཞིག་བྱུང་ན། རྒྱལ་རིགས་གནོད་པ་ཡིན། དཀར་སེར་འདྲེས་པ་བྱུང་ན་སྤྲུལ་པ་ཡིན། རི་མོ་དེ་ནས་འདྲ་ན་ཞིང་ས་ནས་གནོད། བྲེ་འདྲ་ན་ཁང་ས་ནས། ཡུངས་ཀར་འདྲ་ན་གཏད་འདྲེ་ཡིན། མདུང་འདྲ་ན་རྩི་ཤིང་བཅད་པའི་ས་ནས་གནོད། ཐིག་ལེ་དཀར་པོ་གཅིག་བྱུང་ན་ལོ་གཅིག །གཉིས་བྱུང་ན་ལོ་གཉིས། གསུམ་བྱུང་ན་ལོ་གསུམ། བཞི་བྱུང་ན་ལོ་བཞི། ལྔ་བྱུང་ན་ལོ་ལྔ། དྲུག་བྱུང་ན་ལོ་དྲུག །བདུན་བྱུང་ན་ལོ་བདུན། བརྒྱད་བྱུང་རྒྱལ་པོ་ལ་ན་ཕར་ཐལ་བས་མི་མངོན། ཐིག་ལེ་ཤར་ཕྱོགས་སུ་བྱུང་བས། གཞོགས་གཡས་པ་ལ་ཤ་རོ་འོང་། ཁ་དོག་སེར་པོ་བརླ་ཤ་དང་བྱིན་པའི་ཤ་ལ་ཐེབས་ཏེ་འོང་། ཐུབ་མི་ཐུབ་ནི་མཆན་ཁུང་དང་སྒལ་དུ་བྱུང་ན་མི་ཐུབ། གཞན་དུ་བྱུང་ན་ཐུབ། དེ་ནི་རྒྱལ་རིགས་སྤྲུལ་པ་དང་བཅས་པའི་རྟགས་སོ།།
རྗེའུ་རིགས་ཀྱིས་ཟིན་པའི་རྟགས་ནི། མིག་གི་ལྷོ་ཕྱོགས་སུ་འཆར་ཏེ། ཐིག་ལེ་སེར་པོ་སྲན་མ་ཀླེབས་[གླེབ]པ་འདྲ་བ་འོང་སྟེ། རྗེའུ་རིགས་སྤྲུལ་པ་དང་བཅས་པའི་རྟགས་སོ། །ཐིག་ལེ་སེར་པོ་ནས་འདྲ་བ་སེར་གྱི་ལོ་བ་བྱུང་ན་ཞིང་ས་ཞེས་འགྲེལ། ཐིག་ལེ་ལྷོ་ཕྱོགས་སུ་བྱུང་བས་གཞོགས་གཡོན་པ་ལ་ཤ་རོ་སྐྱ་རྦབས་[རྦབ]ཏུ་འོང་སྟེ། རྐང་མཐིལ་གཉིས་སུ་བྱུང་ན་མི་ཐུབ། གཞན་གར་བྱུང་ཡང་ཐུབ་བོ། །རྗེལ་རིགས་སྤྲུལ་པ་དང་བཅས་པའི་རྟགས་སོ།།
བྲམ་ཟེ་རིགས་ཀྱིས་ཟིན་ན། མིག་གི་ནུབ་ཕྱོགས་སུ་ཐིག་ལེ་དམར་པོ་གཅིག་འཆར་ཏེ། ཐིག་ལེ་དེ་ནས་འདྲ་ན་ཞིང་ས་ནས། སོག་པ་འདྲ་ན་དུར་ས་ནས་གནོད། བྲེ་འདྲ་ན་ཁང་ས་ནས་གནོད། ཡུངས་ཀར་འདྲ་ན་གཏད་འདྲེ་ཡིན། མདུན་[མདུང]འདྲ་ན་རྩི་ཤིང་བཅད་པས་ལེན། ཐིག་ལེ་དམར་པོ་གཅིག་བྱུང་ན་ལོ་གཅིག་ལོན། གཉིས་ན་ལོ་གཉིས། གསུམ་ན་ལོ་གསུམ། བཞི་ན་ལོ་བཞི། ལྔ་ན་ལོ་ལྔ། དྲུག་ན་ལོ་དྲུག །བདུན་ན་ལོ་བདུན། བརྒྱད་ན་ལོ་བརྒྱད་ན་ཕར་འདས་པས་མི་མཐོང་། ཐིག་ལེ་ནུབ་ཕྱོགས་སུ་བྱུང་བའི་ནད་ཀས་ཤ་རོ་རྒྱབ་ཀྱི་ཚིགས་པའི་གསང་ན་ཡོད། དབྱིབས་དང་ཁ་དོག་འབྲུམ་མགོ་དམར་པོ་འདྲ་བ་འོང་། འདི་ནི་ལྷག་[ལྟག]ཁུང་དུ་ཐེབས་ན་མི་ཐུབ། ལུས་གཞན་ལ་ཐེབ་[ཐེབས]པ་ཀུན་ཐུབ་བོ། །བྲམ་ཟེའི་རིགས་སྤྲུལ་པ་དང་བཅས་པའི་རྟགས་སོ།།
རྨོངས་[དམངས]རིགས་ཀྱིས་ཟིན་པའི་རྟགས་ནི། མིག་གི་བྱང་ཕྱོགས་སུ་ཐིག་ལེ་སྔོན་པོ་འཆར་ཏེ། ཐིག་ལེ་ནས་འདྲ་ན་ཞིང་ས་ནས་གནོད། སོག་པ་འདྲ་ན་དུར་ས་ནས་གནོད། བྲེ་འདྲ་ན་ཁང་ས་ནས་གནོད། ཡུངས་ཀར་འདྲ་ན་གཏད་འདྲེ་གནོད། མདུང་འདྲ་ན་རྩི་ཤིང་བཅད་པའི་ས་ནས་གནོད། ཐིག་ལེ་སྔོན་པོ་གཅིག་བྱུང་ན་ལོ་གཅིག་ལོན། གཉིས་ན་ལོ་གཉིས། གསུམ་ན་ལོ་གསུམ། བཞི་ན་ལོ་བཞི། ལྔ་ན་ལོ་ལྔ། དྲུག་ན་ལོ་དྲུག །བདུན་ན་ལོ་བདུན། བརྒྱད་ན་ཕར་འདས་པས་མི་མཐོན་[མཐོང་]། ཐིག་ལེ་བྱང་དུ་བྱུང་བས་ཤ་རོ་དཔྲལ་བ་དང་སྙིང་ཀར་ཐེབས་ཏེ། ཤ་རོ་སྙིང་ཀ་དང་གསང་བར་ཐེབས་ན་མི་ཐུབ། གཞན་ཐུབ་པས་རྨོངས་[དམངས]རིགས་སྤྲུལ་པ་དང་བཅས་པ་རྫོགས་སོ།།
གདོལ་པ་ནག་པོས་ཟིན་པ་ནི་མིག་གི་འབྲས་བུ་ལ་འཆར་ཏེ། ནག་ཏིག་ཏིལ་འབྲུ་ཙམ་གཅིག་འོང་སྟེ། དེ་ཡང་དབྱིབས་ནས་འདྲ་ན་ཞིང་ས་ནས་གདོན། སོག་པ་འདྲ་ན་དུར་ས་ནས་གདོན། བྲེ་འདྲ་ན་ཁང་ས་ནས། ཡུངས་ཀར་འདྲ་ན་གཏད་འདྲེ། མདུང་འདྲ་ན་རྩི་ཤིང་བཅད་པའི་ས་ནས་གདོན། མིག་གི་འབྲས་བུ་ལས་བྱུང་བས་ཕོ་མཚན་ལྡང་མི་ནུས་ཏེ། ཆགས་པ་མི་སྐྱེ། བོར་ཏེ་གསོར་མི་བཏུབ་པའོ། །གདོལ་པ་ནག་པོ་སྤྲུལ་པ་དང་བཅས་པ་རྫོགས་སོ།།
ཤར་ལྷོ་མཚམས་སུ་རྒྱལ་རིགས་ཀྱི་འཁོར་གྱིས་ཟིན་པའི་མཚན་མ་འབྱུང་སྟེ། དེར་སྦྲུལ་དཀར་པོ་འདྲ་བ་འཁྱུགས་པ་འདྲ་བ་གཅིག་བྱུང་ན། ནད་ནི་གློ་བ་སུབས་པ་གདུང་ལྡན་བྱས་བྲིས་པའི་ལྷ་ཡང་དགྲམ། སྟན་སྔོན་སྟེང་དུ་དེ་དག་ལྷ་དང་དགྲམ་པར་བྱ། མེ་ཏོག་སྔོན་དང་རྣམ་པ་ལྔ་ཀར་སྔོ། མཆོད་པ་བཤམས་ནས་ཚིག་གིས་མཆོད་པར་བྱ། བཤགས་ནས་བསྒོམས་དེ་བཞིན་རྣལ་འབྱོར་བྱ། སྐད་ཅིག་ཚུལ་གྱིས་གསང་བའི་བདག་པོ་ནི། ཁྲོ་བོ་སྐུ་སྔོན་ཕྱག་ན་རྡོ་རྗེ་རིན་པོ་ཆེ། རྒྱབ་ན་མེ་དང་། དཀར་ཁྲ་སྐེ་རགས་བྱས། དམར་ཁྲ་རྣ་ཆ་དང་། སེར་ཁྲ་དབུ་བརྒྱན་དང་། ནག་ཁྲ་སྐུ་རགས་བྱས་ཏེ་སྒོམས་[བསྒོམ]པའོ། །དེ་ནས་རྒྱ་ནག་པོའི་དམོད་སྔགས་ལྷག་ཆད་དང་མ་ནོར་ཐབས་སྦྲེལ་བྱས་གནོད་བྱའོ། །གསང་སྔགས་ཕྱི་ལྟ་ནང་ལྟ་དུས་གཉིས་ནི། ཉིན་དང་མཚན་ཡིན་ཕྱི་ལྟའི་དུས་ནི་ཡང་། དེ་ནི་དོན་མེད་འགྱུར་ཏེ་འགྲུབ་བསམ་མིན་ནོ། །ནང་ལྟའི་དུས་ནི་མཚན་ཡིན་ཏོག་ཐག་བཟླས། མེ་ཏོག་དམར་པོ་གསང་སྔགས་འདོར་ན་ཡང་། བྱིན་བརླབས་འགྱུར་ཏེ་མདོར་[འདོར]ན་མན་ངག་ཡིན། ཆ་ལུགས་གོས་སྔོན་གོན་ཏེ་འདི་བཟླས་པས་མཚན་མ་ཐོགས་པ་མེད་པར་འབྱུང་བར་འགྱུར། དེ་ནས་ཀླུ་བསྒྲུབ་བྱ་སྟེ་དེ་བཞིན་བཟློག །ཨྠི།
རྒྱ་ནག་པོའི་ལུགས་སོ། །ཕུང་ཤིགས་ཆེན་པོ་རྒྱུད་ཀྱི་ནང་ནས་བཏུས་སོ། །མ་ར་ན་སོད་སོད་བྱ་བ་ནི། ཨོ་རི་ནག་མོའི་རྒྱུད་ཀྱི་ནང་ནས་བཏུས་སོ། །མ་ར་ན་བྱིང་བྱིང་བྱ་བ་འདི་ནི། བསེ་མོ་བ་རྒྱུད་ཀྱི་ནང་ནས་བཏུས་སོ། །མདར་ན་མུགས་མུགས་བྱ་བ་འདི་ནི། ཨོ་ཀ་ཛ་ཏི་སྙིང་རྒྱུད་ཀྱི་ནང་ནས་བཏུས་སོ། །མ་ར་ན་ཧལ་ཧལ་བྱ་བ་འདི་ནི། ཤན་པ་ནག་པོ་རྒྱུད་ཀྱི་ནང་ནས་བཏུས་སོ། །མ་ར་ན་དུ་ན་དུ་མ་བྱ་བ་འདི་ནི་སྲིན་མོ་རག་ཤ་རྒྱུད་ཀྱི་ནང་ནས་བཏུས་སོ། །མྱོས་མྱོས་བྱ་བ་འདི་ནི། དམ་ཚིག་སྙོན་པའི་རྒྱུད་ཀྱི་ནང་ནས་བཏུས་སོ། །བྱིང་བྱིང་བྱ་བ་འདི་ནི། རག་ཤ་སྲིན་མོའི་རྒྱུད་ཀྱི་ནང་ནས་བཏུས་སོ། །ན་ག་ཐུམ་རི་ལི་ལི། བྱ་བ་འདི་ནི་ན་ག་ཀླུ་འདུལ་གྱི་ནང་ནས་བཏུས་སོ། །འདི་ལ་རྟགས་ཀྱི་བྱེ་བྲག་སྤྱིར་མང་ན་ཡང་། གནོད་པའི་རྟགས་ནི། རམ་ཟན་ཟ་བ་གནོད་པའི་རྟགས་ཡིན། ཁྲག་དང་རྒྱུ་མ་ལ་སོགས་ཞལ་ཏ་བྱེད་ན་གནོད། གཡག་ལ་སོགས་པ་བྱོལ་སོང་གི་རིགས། འདམ་དང་ཆུ་དང་ཁྱི་ཕག་དང་ཕྱི་བ་དང་སྦལ་ལྕོང་དང་ཉ་ལ་སོགས་པས་དེད་ན་གནོད། དེ་ལ་སོགས་པ་མི་གཙང་བ་ཐམས་ཅད་རྨི་ན་གནོད་པ་ཡིན། ལུས་རྟགས་གདོང་པ་ཟ་བ་དང་། ཤ་འཕྲིག་པ་དང་སེར་ཀ་མི་སོས་པ་དང་། ཤ་བཀྲ་དང་ཕུ་བ་དང་ཀུན་ནི་ལུས་རྟགས་ཡིན་ནོ། །
ཐུབ་པའི་རྟགས་ནི་རི་ཀ་ནས་རྦབ་བཏང་བས། བདག་གི་དྲུག་གི་ཕ་བོང་ལ་བརྒྱབ་པས་ཕ་བོང་འོག་གི་སྦལ་ལྕོང་ཤི་ནས་འདུག་ན་ཐུབ་པའི་རྟགས་ཡིན། བདག་ལ་གནག་ལ་སོགས་པས་དམག་དྲངས་སྦྲ་ཕུབ་ན་རླུང་ཚུབ་ཀྱིས་ཁྱེར་ན་ཐུབ་པའི་རྟགས་ཡིན། ཞལ་ཏ་བྱེད་ན་གནོད་རྟ་སྔོན་པོ་ལ་མི་སྔོན་པོ་ཞོན་ནས་གནག་གི་གཉའ་གཅོག་ན་ཐུབ་པའི་རྟགས་ཡིན། བདག་རང་གནག་ལ་སོགས་པ་གཉའ་གཅོག་ན་ཐུབ་པའི་རྟགས་ཡིན་ནོ། །མི་སྔོན་པོས་དེད་ན་ཐུབ། མི་ལ་སོགས་པ་སེམས་ཅན་བུ་ཙའམ། སྤྱང་ལ་བསྒྲལ་གྱིན་རྨི་ན་ཐུབ་པ་ཡིན། སེར་བ་བསྲུང་ན་ཐུབ་པ་ཡིན། མི་སྔོན་པོའི་ལག་ན་སྦལ་པ་དང་སྦྲུལ་ལ་སོགས་པ་ཐོགས་ནས་ཟ་ཡིན་རྨི་ན་ཐུབ་པའི་མཆོག་ཡིན། ཟམ་པ་ལ་རྒལ་ན་ཐུབ་པའི་མཆོག་ཡིན། ཉི་མ་ཤར་ན་ཐུབ་པ་ཡིན། མི་ལ་གསངས་[གསང]ལ་བཟླས་པ་བྱ། ཆོ་ཕྱེ་བ་ཡིན་ནོ། །ཆུ་ལ་བཟླས་ལ་ལུས་བཀྲུ། བདག་གཞན་གང་ཡང་སྔགས་ལ་ཡེངས་སུ་མེད་དོ། །ཡེངས་ན་བར་ཆད་འོང་ངོ་། །མ་ཡེངས་པར་བྱའོ། །ཐུབ་ངེས་པ་ཡིན་ནོ། །རྒྱ་ནག་གི་ལུགས་ཡིན་ནོ། །རྫོགས་སོ།།
འགར་བསྒོམ་ཁྲི་འོད་ཀྱིས། མཛེ་བྱུང་ནས། ཀར་མ་རག་ཤཀ་བཟླས་པས་ཁམས་མ་བདེ། འདི་བཟླས་པས་བདེ། རྒྱ་ནག་གི་ལུགས་ལྕགས་སྦུབ་མ་འདི། སྦ་བསྒོམས་བསོད་ནམས་ཡེ་ཤེས་ལ་ཞུས། ཕྱིས་གཙང་པ་བསྒོམ་ཆུང་ལ་ཞུས་ནས་བསྒྲུབ་པ་འཕེལ་ཞིང་སྐུ་ཚེ་རིང་ངོ་། །དེས་སློབ་དཔོན་འགར་དགའ་རབ་རྡོ་རྗེ་ལ་གསུངས། དེས་སློབ་དཔོན་འགར་ཆེན་པོ་རྗེ་རིན་པོ་ཆེའི་སྲས་ལ་གསུངས། དེས་ངན་བུ་ལ་གསུངས། ཨྠི། རྩང་[གཙང]པ་བསྒོམ་ཆུང་ནས་བརྒྱུད་པའོ།། །།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༥ ནས་ ༡༥༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།