༢༥ ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོ།

༢༥ ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོ།

 

ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོའམ་རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་ནི། ཡུལ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་སུ་ཡབ་རྭ་ལོའི་གདུང་རྒྱུད་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་ཆོས་འཁོར་སྡིངས་སུ་སྐུ་བལྟམས། མེས་པོས་པདྨ་སྲི་གཅོད་རྡོ་རྗེ་ཞེས་མཚན་གསོལ།

དགུང་ལོ་བཞི་པར་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་སྤྲུལ་སྐུར་ངོས་འཛིན་མཛད་དེ་ཇོ་ནང་དགོན་དུ་བྱོན། དགུང་ལོ་དྲུག་པ་ནས་ཀློག་སློབ་པའི་དབུ་ཚུགས། དགུང་ལོ་བརྒྱད་པར་ཇོ་དགོན་ཆོས་ལུང་དུ་ཕེབས་ནས་མཁས་དབང་བྱམས་པ་ལྷུན་གྲུབ་སློབ་དཔོན་དུ་བསྟེན། སྟག་ལུང་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། རྒྱ་གར་གྱི་བཤེས་གཉེན་བ་ཛ་ལ་ནཱ་ཐ་མཆོག་གིས་ཏཱ་ར་ནཱ་ཐ་ཞེས་བྱ་བའི་མཚན་གསོལ་བའི་གཟིགས་སྣང་བྱུང་བ་ནས་བཟུང་སྟེ་ཏཱ་ར་ནཱ་ཐ་ཞེས་པའི་མཚན་ཡོངས་སུ་གྲགས། དེ་ནས་ལོ་ངོ་བདུན་ལྷག་གི་རིང་ལ་མཁན་པོ་ལུང་རིགས་རྒྱ་མཚོ་དང་། སློབ་དཔོན་བྱམས་པ་ལྷུན་གྲུབ། ཇོ་ནང་རྗེ་དྲུང་རྗེ་བཙུན་སྦས་པའི་སངས་རྒྱས། བུདྡྷ་གུ་བྷ་ནཱ་ཐ་སོགས་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་གསན། དགུང་ལོ་བཅུ་བདུན་པ་ལྕགས་ཡོས་ཕྱི་ལོ་ ༡༥༩༡ ལོར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ་དང་སློབ་དཔོན་བྱམས་པ་ལྷུན་གྲུབ་ཀྱིས་ལས་སློབ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས། རྒྱ་གར་གྲུབ་ཆེན་སངས་རྒྱས་སྦས་པའི་མགོན་པོ་ལས་རྒྱུད་སྡེའི་དབང་དང་བསྐྱེད་རྫོགས་མཐའ་ཡས་པ་གསན་ཏེ་སྔགས་བླ་མེད་ཀྱི་གཞུང་ལ་བོད་འདིར་སྔོན་མེད་ཀྱི་བློ་སྐྱེད་ལྔ་བརྒྱ་ཙམ་བྱུང་བར་རྗེ་རང་ཉིད་ནས་གསུངས། རྒྱ་གར་གྱི་སློབ་དཔོན་སུ་ནི་རྦ་ཌ་ཤྲཱི་དང་པུརྣ་བཛྲ་སོགས་ལས་ཟབ་ཆོས་མང་པོ་དང་། སྒྲ་སོགས་ཕྱི་ནང་གི་རིག་གནས་མཐའ་ཡས་པ་གསན་བསམ་མཛད་དེ་མཁས་པའི་རྩེར་སོན་ཞིང་། མདོ་སྔགས་ཟུང་གི་ཉམས་ལེན་གནད་དུ་སྦྱངས་པས་ས་ལམ་གྱི་ཡོན་ཏན་ལ་མངའ་བརྙེས་ཏེ་གྲུབ་པའི་དབང་ཕྱུག་ཏུ་གྱུར། དགུང་ལོ་ཉེར་གཅིག་སྐབས་ཇོ་ནང་དུས་ཁྲིད་ཆེན་མོ་བཙུགས་ཏེ་ཆོས་ཁྲིད་རྒྱས་པར་གནང་ནས་རིས་མེད་ཀྱི་བུ་སློབ་མང་པོ་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། དགུང་ལོ་ཞེ་གཅིག་པ་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་གཙང་པ་སྡེ་སྲིད་ཀྱིས་སྦྱིན་བདག་མཛད་ཅིང་། ཇོ་ནང་དགོན་པའི་ཉེ་འདབས་སུ་རྟག་བརྟན་དམ་ཆོས་གླིང་ཕྱག་བཏབ་ནས་གདན་ས་མཛད་དེ་མདོ་སྔགས་བཤད་སྒྲུབ་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། རྒྱལ་དབང་བཞི་པ་ཆེན་པོས་མེ་ཏྲི་བྱ་བའི་མཚན་གསོལ། དེ་རྗེས་སོག་པོ་ཁལ་ཁའི་ཡུལ་དུ་གདན་དྲངས་ཏེ་བསྟན་པ་སྤེལ་ཞིང་དགོན་པ་དུ་མ་བཏབ། སོག་ཡུལ་དུ་རྗེ་བཙུན་དམ་པ་ཞེས་སྙན་གྲགས་ཆེ། རྗེ་འདི་ཉིད་ཀྱི་འཕྲིན་ལས་སྐྱོང་བའི་སློབ་མའི་ཚོགས་གཙོ་བོ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་དང་། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁས་ཆེན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ་སོགས་ཇོ་ནང་པའི་བསྟན་འཛིན་གྱི་སྐྱེས་བུ་དུ་མ་དང་། གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ཡབ་སྲས་དང་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་སོགས་ས་སྐྱོང་སྦྱིན་བདག་མང་དུ་བྱུང་།

རྗེ་བཙུན་མཆོག་གིས་ལྗགས་རྩོམ་གནང་བའི་སྐོར་ལ། སྟོན་པའི་མཛད་བརྒྱ་དང་། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་སྐོར་དང་། ཤེར་སྙིང་། བཟང་སྤྱོད། དུས་འཁོར། བདེ་མཆོག །གསང་འདུས་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་མདོ་སྔགས་ཀྱི་གཞུང་འགྲེལ་སྐོར་དང་། ཐེག་མཆོག་རྒྱལ་བའི་དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་སྐོར་དང་། རྒྱུད་སྡེའི་ཆོ་ག་དུ་མ། བསྟོད་ཚོགས་དང་སྨོན་ལམ་སོགས་ཇོ་ནང་བའི་ལུགས་ཀྱི་བསྟན་བཅོས་པོ་ཏི་བཞི་བཅས་ཁྱོན་གླེགས་བམ་བཞི་བཅུ་ལྷག་མཛད་དེ་ཇོ་ནང་པའི་རིང་ལུགས་ཚང་ལ་མ་ནོར་བར་བསྟན། སྦྱོར་དྲུག་ཉམས་ལེན་གྱི་རྒྱུན་སྤེལ་ཏེ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བསྒྲེངས་པར་མཛད། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཁྱི་ཕྱི་ལོ་ ༡༦༣༤ ལོར་རྟག་བརྟན་དམ་ཆོས་གླིང་དུ་སྐུ་གཤེགས་པ་བཅས་སོ། །[1] ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ། སློབ་དཔོན་དཔལ་ལྡན་ཀླུས་མཛད་པའི་ནག་པོ་ཆེན་པོའི་སྒྲུབ་ཐབས་བོད་ཀྱི་ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོས་བསྒྱུར་བ་སོགས་བསྒྱུར་གཞུང་སོ་གསུམ་ཙམ་བཞུགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༠༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༩ ནས་ ༣༧༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *