ཚད་མ་རྟོག་གེ་ཡིན་མིན་ལ་ཆོས་གཏམ་ལས་འཕྲོས་ཐུབ་པ་ཆེན་པོས་ཀླུ་སྒྲུབ་ལ་གནང་བའི་བཀའ་ཤོག[1]
ཡང་སྐབས་ཤིག་ན། དགེ་འདུན་པ་ཁ་ཤས་ཚད་མ་རྟོག་གེ་ཡིན་པ་སོགས་མང་ཞིག་གླེང་གི་འདུག་པ་ལ། ངས་ནི་འདི་སྐད་བྱས། ཚིག་ལ་བརྟེན་ཚད་རྟོག་གེ་ཡིན་ན་ནི། སྡེ་སྣོད་མང་པོ་ཅིག་ལ་གནོད། དེ་བཞིན་མ་ཡིན་པའི་སྟོན་པ་སངས་རྒྱས་ཀྱི་དམ་ཆོས་ཡིན་ན། ཚད་མ་དང་མཐུན་དགོས། ད་ལྟའི་ཆོས་སྐད་པ་ཁ་ཅིག །
ཚད་མ་ཟེར་བ་དེ་པོ་ཏི་ལོགས་སོ་ཅིག་ལ་མཛུབ་མོ་བཙུགས། ཕར་ཕྱིན་དང་འདུལ་བ་སོགས་ཐ་དད་དུ་འབྱེད་པ་ལ་མ་གཏོགས། ཐམས་ཅད་ཚད་མར་སྒང་བསྒྲིལ་བ་ཞིག་མི་འདུག །
རྟོག་པའི་དྲ་བ་རྣམས་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །
ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །
གསུངས་པའི་ཚིག་འདི་ལས་ཡ་མཚན་པ་རྫོགས་ཆེན་ལའང་མེད་ཟེར་བའི་འཕྲོས་ལ། བྱ་རྒོད་ཕུང་པོའི་རི་ན། བཅོམ་ལྡན་ཐུབ་པ་ཆེན་པོས། སློབ་དཔོན་ཀླུ་སྒྲུབ་ལ་བཀའ་ཤོག་འདི་འདྲ་ཞིག་སྐྱེལ་བར་གནང་བྱུང་། འོད་སྲུངས་ཀྱི་བཀའ། བདེན་པ་གཉིས་ཀྱི་ལུང་། བཀའ་བསྟན་བཅོས་འགྱུར་རོ་ཅོག་གི་ཡི་གེ །འདས་མ་འོངས་ད་ལྟར་གྱི་སངས་རྒྱས་ཀྱི་དགོངས་པ་ཚད་མ་ཡིན་པ་རྣ་བར་ཡང་ཡང་སོན་ཡོད་ལས་ཆེ། སྟོན་པ་བཅོམ་ལྡན་འདས་ངེད་རང་གིས། ཆོས་ཐམས་ཅད་ཚད་མས་གཏན་ལ་ཕབ། རིག་པའི་ལམ་མངོན་སུམ་རྗེས་དཔག །གནས་སྐབས་མཐར་ཐུག་གང་གི་ཐད་དུའང་། བདེན་གཏན་ཚིགས་སོར་བཞག་པའི་བཀའ་དང་། བསྟན་བཅོས་དུ་མ་ཞིག་གསུངས་ནའང་། དམ་བཅའ་ངན་པ་སོར་བཞག་པའི་ཚད་མ་ལས་འགལ་བ་ཞིག །ཁྱོད་རྩོད་པ་བྱེད་མཁན་རྣམས་ཀྱིས་བྱས་བྱུང་བ། ཚད་མ་རྣམ་དག་རྟོག་གེ་ཡིན་ཟེར་བའི་ཚིག་རིགས་བློ་ལ་མ་བབས། ཚད་མའི་མཆོད་བརྗོད་ན།
རྟོག་པའི་དྲ་བ་རྣམས་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །
ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །
ཞེས་པས་རྫོགས་པ་ཆེན་པོ་ནས། ཉན་ཐོས་ཡན་ཚད་མས་གཏན་ལ་འབེབས་དགོས་རྒྱུ་ཡིན། བཅོམ་ལྡན་འདས་ཀྱི་ཡིག་ཚང་ན།
སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་གནས། །
འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་པ་ཡི་བདེན་པའོ། །
ཞེས་གསུངས་ཤིང་། ཚད་མའི་དོན་ཡང་། མངོན་སུམ་དུ་མི་བསླུ་བ་དོན་དམ་པའི་བདེན་པ་དང་། གནས་སྐབས་སུ་མི་བསླུ་བ་འཇིག་རྟེན་པའི་བདེན་པ། མཐར་ཐུག་ཏུ་མི་བསླུ་བ་ཆོས་ཀྱི་སྐུ། གནས་སྐབས་སུ་མི་བསླུ་བ་གཟུགས་ཀྱི་སྐུ་སོགས་མཐའ་ཡས་པའི་ཟབ་རྒྱས་མང་པོའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར། བཀའ་དང་པོ་བདེན་པ་བཞིའི་འཁོར་ལོ། རྗེས་དཔག་གི་ཚད་མ་དང་མཐུན། བཀའ་བར་པ་མཚན་ཉིད་མེད་པའི་འཁོར་ལོ། དོན་དམ་སྟོང་པ་ཉིད་ཀྱི་ཚད་མ་དང་མཐུན། བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ། མངོན་སུམ་གྱི་ཚད་མ་དང་མཐུན། དེས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚད་མ་དང་མཐུན་པ་ཡིན། དེར་མ་ཟད། འཇིག་རྟེན་གྱི་བྱ་བ་ཡང་། ཚད་མ་དང་མཐུན་ན་འགྱེལ་བུབ་ཆུང་བས་ངེས་པ་གྱིས། ཡང་ཁྱོད་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལེན་པ་རྣམས་ཀྱིས་ཀྱང་། ལྟ་བ་མཐའ་བྲལ་ཁས་བླངས། སྒོམ་པ་དམིགས་གཏད་ལ་བྱེད་པ་ཞིག་དང་། སྤྱོད་པ་དུས་ཚོད་བཞི་དང་མ་འབྲེལ་བའི་བྱ་བ་འདི་བཞིན་སྐབས་སུ་བབས་པ་ཞིག་ནི་མི་འདུག །གང་ལྟར་ཡང་འབྲས་བུ་ཆོས་ཀྱི་སྐུ་ཐོབ་མི་ཐོབ་ཁྱོད་རང་ཚོས་ཤེས་པ་དེ་ཡིན། འདོད་ཡོན་བློས་མ་ཐོངས་པའི་བྱ་བ་འདི་བཞིན་ལ། ཐུབ་པ་ཆེན་པོས་ཀྱང་ཡང་དག་ཏུ་མ་གསུངས། སྦྲང་བུ་སྦང་མས་བཟི་བ་འདྲ་བ་གཅིག་དང་། བྱིས་པ་རྩེད་མོས་མགོ་འཁོར་བ་འདྲ་བ་ཞིག་མ་གཏོགས། བསམ་པ་ཡོད་པའི་སེམས་རྒན་འཁོགས་ཀྱི་ཐད་ནའང་མི་འདུག །ཆོས་ཐམས་ཅད་ཀྱི་དོན་དམ་གང་ལའང་མ་ཆགས་པ་དེར་འདུན་པ་སེམས་ཡུལ་དུ་ཞོག །དེ་ལས་སྤྲོས་ན་ཆོས་ལ་བརྟེན་པའི་སྡིག་པའི་ཉེས་དམིགས་ཆེན་པོ་སེམས་འཆི་མེད་ཀྱི་སྟེངས་སུ་འཁུར་དགོས་ཚུལ་སྔ་སོར་ཡང་ཡི་གེ་སོང་ཡོད་པ་བཞིན། ད་དུང་ཡང་སེམས་ཀྱིས་གོ་བར་གྱིས། རྟ་ལོ་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་འོག་མིན་ལྷུན་པོ་རྩེ་ནས་བྲིས། གསུངས་པ་འདུག་གོ། །།
[1] འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༤༠-༡༤༢ བར།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།