ཞ༽ དབྱིག་གཉེན་གྱི་གསུང་བཟང་རྒྱ་ལས་བོད་བསྒྱུར་ཞུ་བསྡད།

ཞ༽ དབྱིག་གཉེན་གྱི་གསུང་བཟང་རྒྱ་ལས་བོད་བསྒྱུར་ཞུ་བསྡད།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་སྟོན་པ་རྒྱན་དྲུག་མཆོག་གཉིས་དང་བཅས་པར་པཎ་གྲུབ་དུ་མའི་ཞིང་བཀོད་ངོ་མཚར་ཐོར་བསྡུས་སྤེལ་བར་རྒྱབ་ཡིག་སྨོན་ལམ་ལས[1]།

ཤེས་བྱ་གཞི་ལྔ་དབྱིག་གི་བང་མཛོད་ནས། །

ལེགས་བཤད་མཆོག་སྦྱིན་ལུས་ཅན་ཀུན་གྱི་གཉེན། །

དགུ་བཅུ་གོ་དགུའི་གཙུག་ལག་དོ་ཤལ་ཕྲེང་། །

སྦུད་པའི་བསྙེམས་པ་རིང་མིན་འཕྲོག་ནུས་ཤོག །

ཅེས་བསྔགས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་གཞུང་ལ་མཚོན་ན། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། བཀའ་འཁོར་ལོ་དང་པོ་བསྟན་པའི་གཞིར་བཤད་ནས་རིགས་པའི་མཚོན་རྣོན་པོས་བཤིག་པ་ཆོས་མངོན་མཛོད་རྩ་འགྲེལ་དང་། འཁོར་ལོ་བར་པའི་དོན་སེམས་ཙམ་དུ་སྟོན་པ་རྒྱལ་བའི་ཡུམ་གྱི་གཞུང་འགྲེལ་དང་། འཁོར་ལོ་མཐའ་མ་ངེས་དོན་དུ་བཤད་པ་རབ་ཏུ་བྱེད་པ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པའི་མདོ་དང་། བློ་གྲོས་མི་ཟད་པས་བསྟན་པ་དང་། ག་ཡ་གོ་རིའི་མདོ་དང་། སྒོ་དྲུག་པའི་གཟུངས་དང་། ཆོས་བཞི་པའི་མདོ་ལ་སོགས་པའི་མདོ་འགྲེལ་མང་པོ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད་དོ། །ཞེས་གསུངས་པ་ལྟར་རབ་ཏུ་བྱེད་པ་སྡེ་བརྒྱད་ནི། ༡ སུམ་ཅུ་པ། ༢ ཉི་ཤུ་པ། ༣ ཕུང་པོ་ལྔའི་རབ་བྱེད། ༤ རྣམ་བཤད་རིགས་པ། ༥ ལས་གྲུབ་པའི་རབ་བྱེད། ༦ མདོ་སྡེ་རྒྱན་གྱི་བཤད་པ། ༧ རྟེན་འབྲེལ་རྣམ་བཤད། ༨ དབུས་མཐའ་རྣམ་འབྱེད་འགྲེལ་པ་བཅས་བརྒྱད་དང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་དེབ་ཐེར་སྔོན་པོ་གསར་མ་ལས[3]། རྒྱ་ནག་གི་སྐད་ཐོག་ཁོ་ནར་བཞུགས་པའི་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་གཞུང་ནི། 1) དམ་པའི་ཆོས་པདྨ་དཀར་པོའི་མན་ངག་དང་། 2) བདེ་བ་ཅན་གྱི་ཞིང་གི་བཀོད་པའི་མདོའི་མན་ངག ། 3) གཙུག་ལག་རིན་པོ་ཆེས་ཞུས་པའི་ཆོས་བཞིའི་མདོའི་མན་ངག་དང་། 4) ཆོས་འཁོར་བསྐོར་བའི་མདོའི་མན་ངག་ 5) འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་ཐེག་པ་ཆེན་པོའི་མདོའི་མན་ངག་དང་། 6) སངས་རྒྱས་ཀྱི་རིགས་ཀྱི་བསྟན་བཅོས་དང་། 7) ཕུན་སུམ་ཚོགས་པ་གསུམ་གྱི་མདོའི་མན་ངག། 8) རྟོག་གེའི་བསྟན་བཅོས་དང་། 9) ཞི་ལྷག་གི་སྒོའི་ཚིགས་སུ་བཅད་པ་སྒོ་དྲུག་གི་མན་ངག་སྒོམ་པའི་བསྟན་བཅོས་སོགས་མང་།

ད་ནི་གོང་གསལ་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་གཞུང་དག་ལ་འགྲེལ་བརྗོད་རགས་བསྡུས་རེ་བྱས་ན། ས་བཅུ་པའི་མདོའི་འགྲེལ་པ་རྒྱ་ནག་ཏུ་འགྲོ་དོན་འཕྲིན་ལས་དར་བས་དེ་ཉིད་གཞི་རྩར་བཞག་པའི་སའི་བསྟན་བཅོས་ཀྱི་ཆོས་བརྒྱུད་བྱུང་། དམ་ཆོས་པད་དཀར་མན་ངག་དང་། བདེ་ཅན་ཞིང་བཀོད་ཀྱི་མདོའི་འགྲེལ་པ་གཉིས་ལ་རྒྱ་ནག་དང་ཉི་ཧོང་དུ་དམིགས་བཀར་གྱིས་ཉམས་ཞིབ་བྱེད་མཁན་ཤིན་ཏུ་མང་། གང་ལགས་ཟེར་ན་མདོ་དེ་གཉིས་གཞིར་རྩར་བཞག་པའི་ཆོས་བརྒྱུད་ཡོད་པའི་རྐྱེན་གྱིས་ཡིན་འདུག །དཔེར་ན་ད་ལྟ་ཉི་ཧོང་ཡུལ་དུ་དམ་ཆོས་པད་དཀར་གྱི་རྗེས་སུ་འབྲངས་པའི་ཉི་ཅི་རན་གྱི་ཆོས་བརྒྱུད་དམ་དམ་ཆོས་པད་དཀར་ཆོས་བརྒྱུད་དང་། བདེ་ཅན་ཞིང་བཀོད་མདོའི་རྗེས་སུ་འབྲངས་པའི་དག་ཞིང་གི་ཆོས་བརྒྱུད་དང་། དག་ཞིང་ཡང་དག་པའི་ཆོས་བརྒྱུད་ཡོད་པར་མ་ཟད། དག་ཞིང་ཡང་དག་པའི་ཆོས་བརྒྱུད་ནི་ཉི་ཧོང་གི་ཆོས་བརྒྱུད་ཆེ་ཤོས་རེད་འདུག །
མདོ་སྡེ་རྒྱན་གྱི་འགྲེལ་པའི་ལེགས་སྦྱར་གྱི་ཕྱི་མོ་བཞུགས།[4] མཁས་པ་ན་རྒ་ཨོའི་མདོ་སྡེ་རྒྱན་གྱི་འགྲེལ་པའི་ལེགས་སྦྱར་ནས་བོད་འགྱུར་དང་། རྒྱ་ནག་འགྱུར་གྱི་ཚིག་བྱང་དང་།[5] བོད་འགྱུར་ནས་ལེགས་སྦྱར་རྒྱ་ནག་འགྱུར་གྱི་ཚིག་བྱང་དང་།[6] བཙུན་པ་ངོ་བོ་ཉིད་མེད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་དང་། སློབ་དཔོན་བློ་གྲོས་བརྟན་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་སོགས་ཀྱང་བཞུགས།

སློབ་དཔོན་དབྱིག་གཉེན་གྱི་དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་དང་།[7] ལེགས་སྦྱར་ནས་བོད་འགྱུར་དང་། བོད་འགྱུར་ནས་ལེགས་སྦྱར་གྱི་ཚིག་བྱང་ཡང་ཡོད། སློབ་དཔོན་བློ་གྲོས་བརྟན་པའི་དབུས་མཐའི་འགྲེལ་བཤད་ཀྱི་ལེགས་སྦྱར་ཕྱི་མོ་ཡང་བཞུགས།[8] ལས་གྲུབ་པའི་རབ་བྱེད་ལེགས་སྦྱར་ཕྱི་མོ་ཡང་ཉེ་ཆར་བོད་ནས་རྙེད་ནས་ནུབ་གླིང་མཁས་པ་ཞིག་གིས་ཞུས་ཆེན་གནང་བཞིན་ཡོད། བོད་ཀྱི་གསུང་རྒྱུན་དུ་ལས་གྲུབ་པའི་རབ་བྱེད་སེམས་ཙམ་པའི་གཞུང་ཡིན་པར་ངོས་འཛིན་བྱས་ཀྱང་། བརྗོད་བྱའི་གཙོ་བོ་ནི་མདོ་སྡེ་པའི་གྲུབ་མཐའ་དང་། ལུང་དྲངས་པའི་མདོ་ཡང་མདོ་སྡེ་དགོངས་འགྲེལ་ཐེངས་གཅིག་ལུང་དྲངས་པ་ཕུད་དེ་མིན་ལུང་དྲངས་པ་རྣམས་ཉན་ཐོས་སྡེ་པའི་མདོ་ཤ་སྟག་ཡིན།

གཞན་ཡང་གཞུང་དེར་མཛོད་གནས་བཞི་པའི་དབུར་གསལ་བའི་བྱེ་བྲག་ཏུ་སྨྲ་བས་འདོད་པའི་དབྱིབས་ཀྱི་རྡུལ་ཕྲ་རབ་བཀག་ཀྱང་ཁ་དོག་གི་རྡུལ་ཕྲ་རབ་མ་བཀག་ཅིང་ཡོད་པར་བསྟན་ཡོད་ལ། ཉི་ཤུ་པར་རྡུལ་ཕྲ་རབ་བཀག་པ་དང་ཆེས་མི་མཐུན། དོན་སྙིང་ལས་གྲུབ་པའི་རབ་བྱེད་དུ་ཁ་དོག་གི་རྡུལ་ཕྲ་རབ་ཡོད་པར་བསྟན་ཡོད་པས་ཕྱི་དོན་ཡོད་པར་ཡང་དོན་ལ་བསྟན་པར་འགྲོ་ཞིང་། ཀུན་གཞི་རྣམ་ཤེས་བསྟན་ཀྱང་དེའི་གོ་དོན་ཐེག་བསྡུས་སོགས་སེམས་ཙམ་པའི་གཞུང་དུ་བཤད་པ་དང་མི་འདྲ། སློབ་དཔོན་བློ་བཟང་ངང་ཚུལ་གྱི་ལས་གྲུབ་པའི་བཤད་པ་བཞུགས་པར་མ་ཟད། ཕ་རན་སི་དང་།[9] ཉི་ཧོང་གི་འགྱུར་ཡང་ཡོད།[10] ཕུང་པོ་ལྔའི་རབ་བྱེད་ཀྱང་གོང་དུ་རྒྱས་པར་ཞུས་ཟིན་པ་ལྟར་ཆོས་ཀྱི་དབྱེ་བ་སེམས་ཙམ་པའི་གཞུང་དང་མཛོད་ཀྱི་བར་དུ་གནས་ལ་སེམས་ཙམ་པའི་གཞུང་གི་སྔོན་འགྲོ་ལྟ་བུར་མངོན། སློབ་དཔོན་བློ་བརྟན་དང་། སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་སའི་རྩ་ལག་བཅས་ཀྱི་ཕུང་པོ་ལྔའི་རབ་བྱེད་འགྲེལ་པ་བཞུགས། རྣམ་བཤད་རིགས་པར་མདོ་དོན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ཚུལ་བཤད་པའི་ཆ་ནས་གལ་ཆེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སེམས་ཙམ་པའི་གཞུང་གལ་ཆེ་ཤོས་ཉི་ཤུ་པ་དང་། སུམ་ཅུ་པ་ཡིན་ལ། ཉི་ཤུ་པ་ལ་རང་འགྲེལ་དང་། དུལ་བ་ལྷའི་ཉི་ཤུ་པའི་འགྲེལ་བཤད་བཞུགས་པར་མ་ཟད། རྡུལ་ཕྲན་ཆ་མེད་འགོག་པའི་རིགས་པ་ཐོག་མར་གསལ་བས་ཤུགས་རྐྱེན་ཆེ། སུམ་ཅུ་པར་རང་འགྲེལ་མ་བཞུགས་རུང་། སློབ་དཔོན་བློ་བརྟན་གྱི་སུམ་ཅུ་པའི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་དང་།[11] སློབ་དཔོན་དུལ་བ་ལྷའི་སུམ་ཅུ་པའི་འགྲེལ་བཤད་བཞུགས་པར་མ་ཟད། ཧྱན་ཙང་གི་འགྱུར་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཞེས་པའི་འགྲེལ་པའང་བཞུགས་ཤིང་། རྒྱ་ནག་དང་ཉི་ཧོང་དུ་ཤིན་ཏུ་ནས་གལ་ཆེ་བའི་གཞུང་ཞིག་རེད་འདུག །ཉི་ཤུ་པ་དང་། སུམ་ཅུ་པའི་ལེགས་སྦྱར་ཕྱི་མོ་དང་།[12] མཚན་ཉིད་གསུམ་དམིགས་བཀར་སྟོན་པའི་གཞུང་རང་བཞིན་གསུམ་ངེས་ཀྱི་ལེགས་སྦྱར་ཕྱི་མོའང་བཞུགས།[13] རྟེན་འབྲེལ་རྣམ་བཤད་ཀྱི་ལེགས་སྦྱར་ཆ་ཤས་ཙམ་བཞུགས་སོ།།[14]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༤༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༤༨ ནས་ ༤༤༩ བར།

[2]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༧

[3]  ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། དེབ་ཐེར་སྔོན་པོ་གསར་མ། ཤོག་ངོས། ༡༧༦-༡༨༤ བར།

[4]  Asanga: Mahayana-Sutralamkara, Expose de la Doctrine de Grand Vehicle selon la System Yogacara, Tome I; Texte, ed par S. Levi, Paris, 1907.

[5]  Index to the Mahayana-Sutramalkara (S. Levi Edition), ed. by Gadjin M. Nagao, Part One Sanskrit-Tibetan-Chinese, Nippon Gakujutsu Shinko-kai(Japan Society for the Promotion of Science), Tokyo, 1958

[6]  Index to the Mahayana-Sutramalkara (S. Levi Edition), ed. by Gadjin M. Nagao, Part Two Sanskrit-Tibetan Chinese-Sanskrit, Nippon Gakujutsu Shinko-kai (Japan Society for the Promotion of Science), Tokyo, 1961

[7]  Madyantavibhaga-Bhasya, A Buddhist Philosophical Treatise, ed. by G. M. Nagao, Tokyo, 1964; Madhyanta-Vibhaga-Sastra. Containing the Karikas of Maitreya, Bhasya of Vasubandhu and Tikka by Sthramati, ed. by R. Pandeya, Delhi, 1971.

[8]  Sthiramati: madhyantavibhagatika, Exposition Systematique du Yogacaravijnaptivada, ed. par S. Yamaguchi, Nagoya, 1934.

[9]  E. Lamotte: le traie de lacte de Vasubandhu, Karmasiddhi-prakarana. Melanges chinois et bouddhiques, IV, 1936.

[10]  S. Yamaguchi: Seshin no Jogo-ron (A Study Vasubandhu’s Karmasiddhi-prakarna with Reference to Sumatisila’s Commentary), Kyoto, hozokan, 1952.

[11]  Vijnap timatrarasiddhi, Deux Traites De Vasunabdhu, Vimsatika (La Vingtaine) Accompagnee D’une Explication en Prose et Trimsika (La Trentaine) Avec le Commentaire de Sthiramati, par S. Levi, Paris, 1925.

[12]  Vijnaptimatratasiddhi, Deux Traites De Vasubandhu, Vimsatika (La Vingtaine) Accompagne D’une Explication en Prose et Trimsika (La Trentaine) Avec le Commentaire de Sthiramati, par S. Levi, Paris, 1925.

[13]  L. de la V. Poussin: Le Petit traite de Vasubandhu-nagarjuna sur les troisnatures (Melanges chinos et bouddhiques, 1993); Sujitkumar Mukhopadhyaya: The Trisvabhavanirdesa of Vasubandhu Sanskrit Text and Tibetan Versions, Visvabharti Series No.4. Visvabharti, 1939.

[14]  G. Tucco: A franment from the Pratityasamutpadadvyakhya of Vasubandhu, Journal of the Royal Asiatic Society of Great Britain and Ireland, London, 1930, pp. 611-623; E. Fraudwallner: Die Philosophie des Buddhismus, Berlin, 1969, s. 43-49.

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༣ ནས་ ༢༠༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *