ལེའུ་བཅོ་ལྔ་པ། དཔལ་ནཱ་ལེནྡྲ་གཏོར་བཤིག་དང་ཉམས་གུད། ཀ༽ ནཱ་ལེནྡྲ་གཏོར་མཁན་ཏུ་རུཥྐ་ངོས་འཛིན་ཚུལ།

ལེའུ་བཅོ་ལྔ་པ། དཔལ་ནཱ་ལེནྡྲ་གཏོར་བཤིག་དང་ཉམས་གུད།

ཀ༽ ནཱ་ལེནྡྲ་གཏོར་མཁན་ཏུ་རུཥྐ་ངོས་འཛིན་ཚུལ།

དེ་ཡང་ཏུ་རུཀྵ་ཞེས་པ་ནི་ལེགས་སྦྱར་སྐད་དང་། གར་ལོག་གི་མིང་ཡིན་ཚུལ་དང་། ཧོར་དང་སོག་པོའི་མིང་ལ་འཇུག་ཚུལ་སཾ་བོད་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སུ་གསལ་ལ། སྐྱོགས་སྟོན་ལོ་ཙཱ་བ་རིན་ཆེན་བཀྲ་ཤིས་ (དུས་རབས་15པ།) ཀྱིས་མཛད་པའི་དག་ཡིག་ལི་ཤིའི་གུར་ཁང་ལས[1]།

ཏུ་རུ་ཥྐ་ཞེས་པ་གར་ལོག་གི་སྐད་དོད་ཡིན་པ་མ་ཤེས་པར། ངན་པ་ཙམ་གྱི་དོན་དུ་བསམས་ཏེ་བསྐལ་པ་དུ་རུ་ཀ་དང་། མེ་དུ་རུ་ཀ་དང་། ཆུ་དུ་རུ་ཀ་དང་། ས་དུ་རུ་ཀ་སོགས་ཟེར་བ་དང་། ཞེས་གར་ལོག་གི་སྐད་དོད་ཡིན་པར་གསུངས་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། ཏུ་རུ་ཥྐ། ཀླ་ཀློ་ཞེས་པ་སྟེ། སྔར་སངས་རྒྱས་ཆོས་ལུགས་ལ་མི་དགའ་བའི་ཕྱི་རྒྱལ་གྱི་མི་ཡི་སྤྱི་མིང་། ཞེས་གསུངས་ཤིང་། ལ་ལས་ཏ་ཟིག་གི་རྒྱལ་པོ་ཏུ་རུཥྐས་དབང་བསྒྱུར་བའི་ཡུལ་ཏེ། ཏ་ཟིག་གི་ཡུལ་གྱི་མིང་ལ་ངོས་འཛིན་པ་དང་། རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས[3]། གར་ལོག་ནི། ཨབ་གྷ་ནི་སི་ཐན་གྱི་ནུབ་བྱང་དུ་ཡོད་ཟེར། དེ་སྔོན་བོད་པས་གར་ལོག་ཕྱི་རོལ་པ་མུ་སྟེགས་ཧིན་དུ་ཁོ་ན་ལ་ངོས་འཛིན་པ། དེ་སྔོན་བོད་པས་ནུབ་ཕྱོགས་པ་ཐམས་ཅད་ཨིན་ཅི་དང་ཕྱི་གླིང་པ་ཟེར་བ་ལྟ་བུ། དོན་ལ་ནི་ཏུར་ཀིའི་མུ་སུལ་མན་ཁ་ཆེས་རྒྱ་གར་གྱི་ཕྱི་ནང་གཉིས་ཀའི་བསྟན་པ་བསྣུབ་རྒྱུའི་འགོ་བརྩམས་པའི་སྐབས་ཡིན་འདུག །ཅེས་གསུངས་སོ།།

རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། མ་ཁའི་གྲོང་ཁྱེར་དང་ཉེ་བའི་ཡུལ་དུ་སོང་ནས། བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་ལོག་བསྟན་པས་སྭཻ་ཏཱ་དང་ཏུ་རུཥྐིའི་རྒྱལ་པོའི་རིགས་རྣམས་བྱུང་ངོ་། །སྟོན་པ་དེ་ནི་ཨརྔྙོ་ཞེས་གྲགས་ལ། ཀླ་ཀློའི་ཆོས་ལུགས་བྱུང་ཚུལ་གྱི་དང་པོ་ནི་དེ་ལྟར་ཡིན་ནོ། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་ཀྱི་གཏམ་གྱི་སྐབས་སུ་ཀླ་ཀློའི་ཡུལ་གྱི་མིང་ལ་འཇུག་པ་དང་། ཡང་དེ་ཉིད་ལས[5]། དེའི་ཚེ་ཁ་ཆེའི་ཡུལ་ན་རྒྱལ་པོ་ཏུ་རུཥྐ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ་། །ཞེས་དམ་པའི་ཆོས་ལ་དགྲ་བར་པ་བྱུང་ཞིང་སླར་ཡང་སོར་ཆུད་པའི་སྐབས་སུ་ཀསྨིར་རམ་ཁ་ཆེའི་ཡུལ་གྱི་ཚེ་ལོ་བརྒྱ་ཐུབ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་གི་མིང་ཡིན་ཚུལ་གསལ་ལོ།།

ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[6]། ཏུར་ཀི་༼ཏུ་རུ་ཀྵ་༽ཞེས་ (Turkey/Turks) ཏུར་ཀི་དང་ཏུ་རུཀྵ་གཉིས་དོན་གཅིག་པར་བྱས་འདུག་པས་ཏུ་རུཥྐ། ཏུ་རུ་ཀ །ཏུ་རུ་ཁ། ཏུ་རུཥྐ། ཏུ་རུསྐ། དུ་རུ་ (ཐ་མ་གསུམ་པོ་འདི་སྤོས་ཀྱི་བྱེ་བྲག་གི་མིང་ཡིན་པར་སཾ་བོད་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ།) རྣམས་དག་མ་དག་གི་འབྲི་ཚུལ་སྣ་ཚོགས་ཀྱི་དབང་གིས་གོ་བ་ལེན་ཚུལ་སྣ་ཚོགས་ཤིག་བྱུང་སྣང་ཡང་། ངེས་དོན་དུ་གཉིས་སུ་འདུ་བར་སེམས་ཏེ། ཏུ་རུཥྐ་གར་ལོག་གི་མིང་དང་། རུ་ཏུ་ཀ་སྤོས་ཀྱི་བྱེ་བྲག་གི་མིང་གཉིས་སུ་འདུས་པར་སེམས་སོ། །[7]ཞེས་པ་ལྟར་ཏུ་རུཥྐ་དང་གར་ལོག་གཉིས་མིང་གི་རྣམ་གྲངས་ཡིན་པར་གསལ་བ་ལྟར། གར་ལོག་ནི་ཤིན་ཅང་གི་ས་ཁུལ་ཞིག་གི་མིང་ཡིན་པར་ངོས་འཛིན་གནང་བཞིན་ཡོད།

དེ་ཡང་གར་ལོག་ནི། (Qarlug or Karlug) ལོ་རྒྱུས་སྨྲ་བ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས[8]། གར་ལོག་གི་ཡུལ་གང་དུ་ཡོད་རྩད་དཔྱོད་བྱ་ཕྱིར་ཧིལ་ཕུག་ཧོབ་མན་གྱི་དབྱིན་དེབ་ (Die Qarlug inder Tibetischen Literatur Oriens. (P. 3 (London. 1950) pp.190-208) ཞེས་པའི་ནང་ལ་ཡར་ཁྱེན་གྱི་ཕྱོགས་སུ་ངོས་འཛིན་བྱས་འདུག་ཅིང་། ང་རང་གིས་ཀྱང་དེ་ལྟར་ཡིན་པར་སེམས་སོ། །ཞེས་ཡར་ཁྱེན་གྱི་ཕྱོགས་ལ་ངོས་འཛིན་གནང་ཞིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[9]། གར་ལོག་ནི། དེབ་ཐེར་དམར་པོའི་ནང་དབུས་ཀྱི་མཁས་པ་མི་གསུམ་ཐོག་མར་མངའ་རིས་སུ་བྱོན། དེ་ནས་གར་ལོག་གི་ཡུལ་བསྐོར་ནས་ཧོར་ཡུལ་དང་། དེ་ནས་མདོ་སྨད་དུ་བྲོས་ཕེབས་པར་གསུངས་པ་དེ་མངའ་རིས་ཀྱི་ནུབ་བྱང་བརྒྱུད་དུ་ཡོད་པའི་ཡུལ་ཞིག་ལ་ངོས་འཛིན་དགོས་པ་ལྟར་སྣང་ཞིང་། འབྲོམ་སྟོན་པས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་རྒྱས་པའི་ནང་འཁོད་དོན་དུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་འདྲེན་པའི་ཆེད་དུ་གསེར་འཚོལ་དུ་བྱོན་པས། གར་ལོག་གི་རྒྱལ་པོས་བཙོན་དུ་བཟུང་བར་གསུངས་ཀྱང་། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་ལོ་ཙཱ་བའི་ཡིག་འབྲི་བ་ཆོས་དཔལ་དར་དཔྱང་གིས་མཛད་པ་དེའི་ནང་། ལོ་ཙཱ་བ་རྒྱ་གར་ཡངས་པ་ཅན་དུ་བཞུགས་སྐབས། གར་ལོག་གི་དམག་འོངས་ནས་མི་ཐམས་ཅད་ཕྱོགས་གཞན་དུ་བྲོས་པར་གསུངས་པ་བཅས་གོ་བསྡུར་གྱིས་ཞིབ་འཇུག་བྱེད་སྐབས། བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བའི་གར་ལོག་ཅེས་པའི་སྒྲ་དེ་ནི། དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་མི་རབས་གཉིས་པ་ཀ་ལིབ་ཨུ་མར་གྱིས་ཕྱི་ལོ་ ༦༣༤ ནས་ ༦༤༤ བར་ལོ་བཅུ་གཅིག་ཙམ་སྲིད་དབང་བཟུང་ཞིང་། ཨ་ཧྥེ་རི་ཀའི་བྱང་ཕྱོགས་ཀྱི་ཨེ་ཇིད་དང་། སི་རི་ཡ། ཨ་རབ་སོགས་དབང་འོག་ཏུ་བསྡུས་པ་དེར་རྒྱ་གར་གྱི་ལོ་རྒྱུས་ཐོག་ཀ་ལིབ་ཀྱི་རྒྱལ་ཁབ་ཏུ་འདོད་ཅིང་། ཀ་ལིབ་ཅེས་པའི་སྒྲ་དེ་ནི་ཨ་རབ་ཀྱི་སྐད་ཡིན་པ་དང་། གོ་དོན་ནི་སྐུ་ཚབ་དང་། རྒྱུད་འཛིན་པ་ཞེས་པའི་དོན་ཡིན། སྒྲ་དེ་རྒྱ་གར་སྐད་ནས་བོད་སྐད་དུ་སྒྱུར་སྐབས་ཟུར་ཆག་ནས་གར་ལོག་ཅེས་འབོད་པ་དང་། དེ་ནི་ཐོག་མར་ཏུར་ཀིའི་མི་རིགས་དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་གཙོ་བདག་གི་མིང་ཡིན་པ་ནས། རིམ་བཞིན་ཆོས་ལུགས་དེ་ལ་དད་པ་བྱེད་མཁན་ཚང་མའི་མིང་དུ་འགྱུར་ལྡོག་བྱུང་བ་ཞིག་མིན་ནམ་སྙམ་པ་ཁོ་བོའི་བསམ་ཚུལ་ལགས་ཤིང་། སྐབས་འདིར་མཁས་པ་མི་གསུམ་དབུས་གཙང་ནས་མངའ་རིས་དང་། དེ་ནས་གར་ལོག་བརྒྱུད་མདོ་སྨད་དུ་ཕེབས་པར་གསུངས་པའི་གར་ལོག་གི་ཡུལ་ནི། བོད་ཀྱི་ནུབ་བྱང་མཚམས་སུ་ཡོད་པའི་གྲུ་གུའི་ཡུལ་ལ་ངོས་འཛིན་དགོས་པ་དང་། ཡུལ་དེ་ནི་ཨ་རབ་ཡུལ་དུ་དུས་རབས་བརྒྱད་པའི་འགོ་ (701-732) ནས་དབྱི་སི་ལན་གྱི་ཆོས་ལུགས་དར་རྒྱས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཟིན་པ་དང་། ས་གནས་དེ་ནས་མདོ་སྨད་ཕྱོགས་སུ་འགྲོ་བའི་ལམ་ཡོད་པ་དེར་ཟེར། ཞེས་བྱུང་ཡང་། དུང་དཀར་ཚིག་མཛོད་ཆེན་མོར་གྲུ་གུའི་སྐབས་སུ་གར་ལོག་དང་མིང་གི་རྣམ་གྲངས་ཡིན་ཚུལ་མི་གསལ་བས་དཔྱད་དགོས་སོ།།

(དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཞིག་རལ་དུ་སོང་བའི་རྗེས་ཤུལ། ཕྱི་ལོ་ ༡༨༧༢ ལོར་པར་བླངས།)

འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་བསྟན་པ་སྐྱོང་བའི་སྐུ་དུས་སུ་ཀླ་ཀློའི་ཆོས་ལུགས་ཐོག་མར་ཇི་ལྟར་བྱུང་བ་དང་། ཏུ་རུཀྵའི་རྒྱལ་པོའི་རིགས་རྣམས་བྱུང་ཚུལ་བཅས་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་བའང་ཡིན་ཏེ། ཁ་ཅིག་ཁ་ཆེའི་ཡུལ་དུ་བཙུན་པ་དཔལ་ལེན་འདས་པའི་དུས་སུ་བྱུང་ཞེས་ཟེར་ལ། འགའ་ཞིག་བཙུན་པ་ཀུ་ན་ལའི་སློབ་མ་ཡིན་ཡང་ཟེར་ཏེ། མདོ་སྡེ་འཛིན་པ་མང་དུ་ཐོས་པ་ཡིན་ཡང་དད་པ་མེད་པ་གཞོན་ནུའི་སྡེ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བསླབ་པ་འཆལ་བ་དགེ་འདུན་གྱིས་གནས་དབྱུང་བྱས་པས་ཆེར་འཁྲུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་འགྲན་པར་ནུས་པའི་ཆོས་རྩོམ་མོ་ཞེས་ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་བྱ་བའི་ཡུལ་དུ་སོང༌། མིང་མཱ་མཐར་ཞེས་པར་སྤོས། ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་ཆོས་བརྩམས་ཏེ། ལྷ་མིན་གྱི་རིགས་ཀྱི་གདོན་ཆེན་པོ་བི་ཥླི་མི་ལླིའི་གནས་སུ་སྦས་ཤིང་གཏད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་ཏེ་གཡུལ་ལས་རྒྱལ་བ་ལ་སོགས་པའི་རིག་སྔགས་མང་པོའང་གྲུབ་བོ། །དེའི་ཚེ་ཁོ་རཱ་སཱ་ནའི་ཡུལ་ན་བྲམ་ཟེའི་རིགས་ཀྱི་བུ་མོ་ཞིག་ཉིན་རེར་མེ་ཏོག་མང་པོ་འཐུས་ཏེ་ཕུང་པོར་བྱས་ནས་ལྷ་ལ་ཡང་མཆོད། གཞན་ལ་ཡང་འཚོང་བ་ལས། ལན་ཅིག་མེ་ཏོག་གི་ཕུང་པོའི་དབུས་ནས་བྱི་ལ་ཞིག་བྱུང་སྟེ་ལུས་ལ་ཐིམ་པ་དང་སྦྲུམ་མར་གྱུར། ལོ་དུས་སུ་ཁྱེའུ་སྟོབས་དང་ལྡན་པ་ཞིག་བཙས་ཏེ། ཆེར་སྐྱེས་པ་ན་བྱིས་པ་ན་མཉམ་ཐམས་ཅད་ལ་བརྡེག་ཅིང་སྲོག་ཆགས་ཐམས་ཅད་གསོད་དོ། །དེར་ཡུལ་དཔོན་གྱིས་ནགས་ཚལ་དུ་བསྐྲད། དེར་ཡང་སྐྱེ་བོ་བྱུང་ཚད་ཁ་བཏགས་ཏེ་འགའ་ཞིག་རང་གི་གཡོག་ཏུ་བྱས། ནགས་ཀྱི་གཅན་གཟན་དང་སྲོག་ཆགས་སྣ་ཚོགས་པ་དག་བསད་དེ། ཤ་རུས་པགས་པ་དག་སྐྱེ་བོ་དག་ལ་སྦྱིན་པར་བྱེད་དོ། །དེ་ནས་རྒྱལ་པོས་ཚོར་ཏེ་དེ་ཉིད་ལ་བརྟགས་ཤིང་དྲིས་པས། བདག་ནི་བྲམ་ཟེ་མ་ཡིན། རྒྱལ་རིགས་དང༌། རྗེ་རིགས་དང༌། དམངས་རིགས་ཀྱང་མ་ཡིན་པས་བདག་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་མ་བྱུང་སྟེ། དེའི་ཕྱིར་ཁྲོ་བས་བརྡེག་པ་ཡིན་ནོ། །གལ་ཏེ་རིགས་ཀྱི་ཆོས་སྦྱིན་པ་ཞིག་ཡོད་ན་དེའི་བྱ་བ་བྱའོ་ཟེར་བ་ལས། ཁྱོད་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་སུ་ཡིན་དྲིས་པས་ཁོ་བོ་ཉིད་ཀྱིས་བཙལ་བས་བྱའོ་ཞེས་ཟེར། དེའི་རྨི་ལམ་དུ་བདུད་ཀྱིས་ལུང་བསྟན་ཏེ་སྔར་སྦས་པའི་གླེགས་བམ་རྙེད་དོ། །དེ་བཀླགས་པས་དེ་ལ་མོས་ནས་འདི་ལྟ་བུ་སུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་ན། བདུད་ཀྱིས་ལུང་བསྟན་ཏེ་མཱ་མ་ཐ་ང་ཉིད་དང་འཕྲད་དེ་ལུང་མནོས་སོ། །དེ་ཙམ་གྱིས་རིག་སྔགས་རྣམས་ཀྱང་གྲུབ་སྟེ། དེ་ཉིད་འཁོར་སྟོང་དང་བཅས་པ་བཻ་ཁམ་པ་ཞེས་བྱ་བ་ཀླ་ཀློའི་དྲང་སྲོང་དུ་གྱུར་ཏོ། །དེ་མཁའི་གྲོང་ཁྱེར་དང་ཉེ་བའི་ཡུལ་དུ་སོང་ནས། བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་ལོག་བསྟན་པས་སཻ་ཏཱ་དང་ཏུ་རུཥྐའི་རྒྱལ་པོའི་རིགས་རྣམས་བྱུང་ངོ༌། །སྟོན་པ་དེ་ནི་ཨརྔྙོ་ཞེས་གྲགས་ལ། ཀླ་ཀློའི་ཆོས་ལུགས་བྱུང་ཚུལ་གྱི་དང་པོ་ནི་དེ་ལྟར་ཡིན་ནོ། །ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༠

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༥༨

[3] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༣

[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༠༥

[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢༡

[6] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ། ༼༡༽ ལྡི་ལི་ལཀྵྨི་པར་ཁང་། ༡༩༧༦ ལོ། ཤོག་གྲངས་ ༢༦༥

[7] སྒོམ་སྡེ་ཚིག་མཛོད་ཆེན་མོ། དེབ། ༼༢༽ ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༡༤༥

[8] བོད་ཀྱི་སྲིད་དོན་རྒྱལ་རབས། གླེགས་བམ། ༼༡༽ ལྡི་ལི་ལཀྵྨི་པར་ཁང་། ༡༩༧༦ ལོ། ཤོག་གྲངས་ ༢༤༣

[9] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༩༢

[10] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༠༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩༧ ནས་ ༥༠༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *