ལེའུ་གཉིས་པ། ནཱ་ལེནྡྲ་གང་དུ་ཆགས་པའི་གནས།
ཀ༽ དཔལ་ནཱ་ལེནྡྲ་གང་དུ་ཆགས་པའི་གནས།
དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[1]།
སངས་རྒྱས་གསུང་རབ་དགྲ་བཅོམ་ཐུགས་མངའ་རྣམས། །རྒྱལ་ཚབ་འོད་སྲུང་ཆེན་པོ་གཙོར་མཛད་པས། །
བཀའ་ཡི་བསྡུ་བ་དང་པོ་མཛད་པ་ཡི། །སྙན་པས་སྲིད་རྩེར་ཁྱབ་པ་ལ་ཕྱག་འཚལ། །
དེ་ལྟར་རཱ་ཛ་དགྱེས་པའི་དགའ་ཚལ་ནས། །གནོད་སྦྱིན་ཕྱོགས་སུ་ཉེ་བར་ཕྱིན་པ་ན། །
ཤྲཱི་ནཱ་ལེནྡྲ་ཞེས་བྱ་བ་ཡི། །སྤྲུལ་པའི་ཆོས་སྡེ་ཆེན་པོ་ལ་ཕྱག་འཚལ། །
ཞེས་རྒྱལ་པོའི་ཁབ་ནས་གནོད་སྦྱིན་གྱི་ཕྱོགས་སུ་ཕྱིན་ན་དཔལ་ནཱ་ལེནྡྲའི་སྤྲུལ་པའི་ཆོས་སྡེ་ཆེན་པོར་སླེབས་པར་གསུངས་པ་ལྟར། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་འགྱུར་བྱང་ལས་[2]ཀྱང་།
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས།།
དེ་ཡི་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།།
ཉེ་བར་མཁོ་བ་ཐམས་ཅད་ལེགས་པར་སྐྲུན་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་དངོས་པོ་མཐའ་དག་དང་ལྡན་པ་ས་གཞིའི་ཡོན་ཏན་དང་། རིག་པའི་གནས་མཐའ་དག་གི་འབྱུང་གནས་སུ་གྱུར་པ་སྦྱང་ཞིང་སྒྲིན་ལ། སྐྱེ་བོ་ཐམས་ཅད་བློ་དང་ལྡན་པས་ཛམྦུའི་གླིང་གི་ཡུལ་རྣམས་ཀྱི་མིག་ཏུ་དགོངས་ནས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་པ་ནི། ཀླུང་ཆེན་པོ་འབབ་པ་ཆུ་བོ་གངྒཱའི་འགྲམ་གྱིས་བསྡུས་པ་ཆེས་ཡངས་པར་གྱུར་པ་རྒྱ་གར་གྱི་ཡུལ་ལོ། །དེའི་ཡང་དབུས་སུ་གཏོགས་པ་ལས་ཤར་གྱི་ཆ་ཡུལ་ཆེན་པོ་ཤར་ཕྱོགས་བ་ (ནཱ་ལེནྡྲ་) ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཆེན་པོ་སྟོན་པའི་བསྟན་པའི་མིག་དང་། རྩ་བ་དང་། གཞིར་གྱུར་པ། དཔལ་དང་ལྡན་པའི་རྒྱལ་པོའི་སྲས་ཕུན་སུམ་ཚོགས་པའི་དཔལ་གྱིས་གཞན་ལས་མཐོ་བས་མངའ་ཐང་ཆེར་སྒྱུར་བའི་སའི་བདག་པོ་ནེ་བཻ་པཱ་ལ་ཞེས་བྱ་བས་མཐོ་རིས་དང་ཐར་པའི་ཐེམ་སྐས་མཁས་ཤིང་། བཙུན་ལ་དུལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་བཞུགས་གནས་སུ་མཛད་པའི་གཙུག་ལག་ཁང་ཛ་གདྡཱ་ལ་ན་མཁས་པའི་སྐྱེ་དགུ་པཎྜི་ཏ་རྣམས་མང་དུ་བྱུང་ཞིང་། མང་གིས་ཀྱང་ཆེན་པོ་ལས་ཆེན་པོར་གྱུར་པ། ལྔ་བརྒྱ་པའི་ཐམས་ཅད་མཁྱེན་པར་འཇིག་རྟེན་ལས་སྒྲོགས་པ། སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་དང་མཚུངས་པ་ཡིན་ཞེས་བྱ་བའི་བསྔགས་པས་པཎྜི་ཏ་རྣམས་ཀྱིས་བསྔགས་པར་མཛད་པ། ཞེས་སོགས་བྱུང་བ་ལྟར་དཔལ་ནཱ་ལེནྡྲ་ཞེས་མཚན་སྙན་གྱི་གྲགས་པ་འབར་བའི་གཙུག་ལག་ཁང་འདི་ཉིད་ནི་རྒྱ་གར་འཕགས་ཡུལ་གྱི་དབུས་འགྱུར་འཆང་གི་ཁོངས་སུ་ཆགས་ཡོད།
དེ་ཡང་རྒྱ་གར་འཕགས་ཡུལ་ཞེས་པ་ནི། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན་ལས[3]། རྒྱ་གར་ནི་ས་ཚིགས་ཀྱིས་ལྷོར་ཡོད་ཀྱང་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པས། དེ་ལ་རང་ཅག་གི་སྟོན་པ་མཉམ་མེད་བུ་རམ་ཤིང་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བའི་གནས་ནི། རིམ་པར་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་དང་། བྱ་རྒོད་ཕུང་པོའི་རི་དང་། ཡངས་པ་ཅན་སོགས་ཡིན་ནོ། །དེས་ན་འཛམ་གླིང་གི་གནས་ཁྱད་འཕགས་ལྔར་གྲགས་པའི་གཙོ་བོ་ནི་རྒྱ་གར་དབུས་ཀྱི་རྡོ་རྗེ་གདན་ཡིན། དེའི་ཤར་དུ་འཇམ་དབྱངས་སྨྲ་སེང་གི་ཞིང་རྒྱ་ནག་རི་བོ་རྩེ་ལྔ་དང་། ལྷོར་རྒྱ་མཚོའི་ནང་གི་གླིང་ཕྲན་སྤྱན་རས་གཟིགས་དང་སྒྲོལ་མའི་གནས་རི་བོ་པོ་ཏ་ལ་དང་། ནུབ་ཏུ་དཔའ་བོ་མཁའ་འགྲོའི་གནས་ཨོ་ཊི་ཡ་ན་དང་། བྱང་དུ་ཆོས་རྒྱལ་རིགས་ལྡན་གྱི་ཡུལ་ཤམྦྷ་ལ་ཡིན་ནོ།།
དེ་ནས་དབུས་རྒྱ་གར་གྱི་ཡུལ་སོ་སོ་དང་གྲོང་ཁྱེར་དང་དགོན་སྡེ་སོགས་མདོར་བསྡུས་ཙམ་སྨོས་ན། དེ་ལ་རྒྱ་གར་ཞེས་པ་ཁ་ཆེ་བལ་བོད་སོག་པོ་ཞེས་པ་ལྟ་བུ་འདོད་རྒྱལ་དུ་བཏགས་པའི་མིང་ཞེས་ཀྱང་རུང་ལ། གལ་ཏེ་སྒྲ་བཤད་བྱེད་ན་རྒྱ་གར་གྱི་ཡུལ་ན་སྣོད་བཅུད་ཀྱི་ཁྱད་ཆོས་ཕུལ་དུ་བྱུང་བ་མང་བའི་སྒོ་ནས་ཡུལ་གཞན་ལས་ལྷག་སྟེ་གར་བ་ལྟ་བུར་སྣང་བ་དང་། ཡང་གངས་ཅན་གྱི་ཡུལ་ལས་ལྷོ་ངོས་སུ་གར་ནས་ཡོད་པ་དང་། ཡུལ་དེ་ན་རི་ཉུང་བས་རི་སོ་སོར་ཚོམ་བུ་ལྟར་གར་ནས་ཡོད་པའི་སྒོ་ནས་ཀྱང་དེ་སྐད་བརྗོད་འོས་སོ།།
འཕགས་ཡུལ་ཞེས་པ་ནི། རྣམ་གྲངས་གཅིག་ནས་བསྐལ་བཟང་གི་རྣམ་འདྲེན་སྟོང་ནི་དེར་གསར་དུ་སངས་རྒྱས་འཕགས་པར་གྱུར་ཚུལ་བསྟན་པ་དང་། བྱང་སེམས་ཉན་རང་འཕགས་པ་གྲངས་ལས་འདས་པ་བྱུང་བའི་ཡུལ་ཡིན་པ་དང་། གཉིས་སུ་ན་ཡུལ་དེའི་མི་རྣམས་ནི་མིའི་གཟུགས་པོ་བཟང་པོའི་མཚན་ཉིད་དང་དབང་པོ་གསལ་བ། ལྕེ་བདེ་བ་མིག་གསལ་བ། ཤེས་རབ་དང་སྙིང་སྟོབས་ཆེ་ལ། རང་བཞིན་དྲང་བ། རྣམ་རྟོག་ངན་པ་མི་མང་བ། གླེན་དིག་འོན་སོགས་ཀྱི་སྐྱོན་ལྔ་ཉུང་བ་སོགས་ཡོན་ཏན་དུ་མས་ཡུལ་གཞན་གྱི་མི་ལས་ཁྱད་དུ་འཕགས་པས། སངས་རྒྱས་སྟོང་ཡང་དེར་མིའི་གར་གྱི་རྣམ་པར་འཁྲུངས་པ་དང་། ས་ཡང་ཁད་ཡངས་ལ་ལག་མཐིལ་ལྟར་ཁོད་སྙོམས་ཤིང་། ཀྲི་སྙན་ས་ལ་དང་གླང་ཆེན་དང་བསེ་རུ་སོགས་རི་དྭགས་མང་བ་དང་། གངྒཱ་ལ་སོགས་པའི་ཆུ་ཀླུང་དུ་མས་བརྒྱན་པ་དང་། ཙནྡན་ཨ་ག་རུ་ལྷ་ཤུག་ཏ་ལ་ཨ་བར་སྐྱུ་རུའི་ཤིང་དང་བཟའ་ཤིང་བཟང་པོ་མང་བ་དང་། ཙམ་པ་ཀ་པདྨ་ཨུཏྤལ་ལ་སོགས་པའི་མེ་ཏོག་དང་ཀུ་ཤ་དུར་བ་སོགས་ཀྱི་རྩྭ་རིང་ཐུང་དུ་མས་ཁྱབ་པ་དང་། དེ་དག་དང་ཆུ་རྒྱུན་འབབ་པའི་དགའ་ཚལ་མང་ཞིང་དེར་ངང་པ་ངུར་པ་བཞད་ཁུ་བྱུག་རྨ་བྱ་དང་ཕྱེ་མ་ལེབ་ཁ་དོག་སྣ་ཚོགས་པ་དང་། རྐང་དྲུག་སོགས་ཀྱི་སྐད་སྙན་ཕན་ཚུན་འགྲན་པ་ལྟར་འབྱིན་པས་གང་བ་དང་། གྲོང་དང་ཁྲོང་ཁྱེར་ཀུན་ཏུ་རིན་པོ་ཆེ་སྣ་ཚོགས་དང་གསེར་གྱི་ཀརྵ་པ་ཎི་དང་དངུལ་ཊཾ་ཁ་དང་གོས་རས་དང་མགྲོན་པོ་སོགས་ཀྱི་ཚོང་མོད་པ་དང་། གནས་ཆེན་ཁྱད་འཕགས་དུ་མ་མཆིས་ཤིང་། དེར་གྲུབ་པ་ཐོབ་པས་ཡུལ་དེ་ཁྱབ་པ་སོགས་ཀྱི་སྒོ་ནས་ཀྱང་ལྗོངས་གཞན་ལས་སྣོད་བཅུད་ཀྱི་ཕུན་ཚོགས་འཕགས་པའམ་ལྷག་པས་ན་འཕགས་ཡུལ་ཞེས་པའོ། །ཞེས་བྱུང་བ་ལྟར་རོ།།
དེ་ལྟའི་ཁྱད་འཕགས་ཕུལ་བྱུང་གི་ཡུལ་དབུས་སུ་གནའ་བོའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ཉིད་ནི། དེང་གི་བརྩི་སྲོལ་ལྟར་ན་བི་ཧཱར་མངའ་སྡེའི་ཁོངས་སུ་ཆགས་ཤིང་། བི་ཧཱར་མངའ་སྡེ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་ལས[4]། བི་ཧཱར་གྱི་ལྷོའི་ཆ་རྣམས་མགྷ་དྷར་གྲགས་སོ། །དེ་ལྟར་ན་འཛམ་བུ་གླིང་གི་སའི་སྙིང་པོ། རིག་པའི་འབྱུང་གནས། ཕྱི་ནང་གི་སྟོན་པ་ཆེན་པོ་རྣམས་ཀྱི་ཕ་ཡུལ། སྒྲུང་དང་རྒྱལ་རབས་ཁྲི་ཕྲག་གི་བརྩམ་གཞི། བདེན་རྫུན་གྱི་ཆོས་ལུགས་སྟོང་གི་ཨ་མའི་ཁྱིམ་ལྟ་བུར་གནས་པ་ནི་ཡུལ་གྱི་དབུས་བི་ཧཱར་ཉིད་ཡིན་ཅིང་། དེ་ལས་ཀྱང་འཛམ་བུ་གླིང་དུ་དམ་པའི་ཆོས་ཀྱི་ཉི་མ་ཐོག་མར་ཤར་བའི་ཡུལ་གནས་ནི་མ་གྷ་དྷ་ཉིད་ཡིན། ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། རྒྱ་གར་འཕགས་ཡུལ་ཞེས་མཚན་ཐོགས་པའི་དབུས་འགྱུར་འཆང་བྷི་ཧར་མངའ་སྡེའི་སྙིང་དབུས་ལྟ་བུར་གནས་ལ། ལྷག་པར་བཀའ་བསྡུ་དང་པོ་མཛད་ཡུལ་རྒྱལ་པོའི་ཁབ་ནས་གནོད་སྦྱིན་གྱི་ཕྱོགས་སུ་བསྐྱོད་པ་ན། སྔོན་འཕགས་པ་ཤཱ་རིའི་བུ་ཐོག་མར་སྐུ་འཁྲུངས་ཤིང་། མཐར་མྱ་ངན་ལས་འདས་པ་གཉིས་ཀའི་ཡུལ་ནཱ་ལེནྡྲའི་གྲོང་གི་དབུས་སུ་ཆགས་པའི་གཙུག་ལག་ཁང་དེ་ཉིད་ཡིན་ལ། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) མཆོག་གིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས་[5]ཀྱང་། རིའི་མཁར་གྱི་བྱང་ཕྱོགས་སུ་རྒྱང་གྲགས་[6]གཅིག་ཙམ་གྱི་སར་འོད་མའི་ཚལ་དང་། དེ་ནས་བྱང་དུ་ཚ་ལམ་གཅིག་གི་སར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཡོད། ཅེས་གསུངས་པ་ལྟར་རོ།།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། རྒྱ་གར་འཕགས་ཡུལ་གྱི་བྷི་ཧར་མངའ་སྡེའི་ཁོངས་དབུས་འགྱུར་འཆང་མ་ག་དྷའི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཆགས་པའི་གཙུག་ལག་ཁང་སྙན་གྲགས་ཅན་ཞིག་ཡིན་ལ། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[7]། དེ་ནས་ན་ལེནྡཱའི་གྲུ་ཟན་ལ་སླེབས། རྐང་ཐང་ལ་ཅུང་ཟད་སོང་ན་སྔོན་གྱི་དགོན་ཤུལ་རྒྱ་ཆེན་པོ་ཡོད། ཅེས་གསུངས་ཤིང་། སྤྱིར་རྒྱ་གར་འཕགས་ཡུལ་འདི་རྒྱལ་སྤྱིའི་ས་ཚད་ལྟར་ན་འཛམ་གླིང་ས་ཁྲའི་གཞུང་ཐིག་ ༦༨-༩༨ དང་། འཕྲེད་ཐིག་ ༨-༣༨ བར་དང་། ལྷག་པར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆགས་ཡུལ་གྱི་བི་ཧར་མངའ་སྡེ་ནི། གཞུང་ཐིག་ ༨༣-༨༩ དང་། འཕྲེད་ཐིག་ ༢༥-༢༨ བར་དུ་གནས་ཡོད་པར་མ་ཟད། དཔལ་ནཱ་ལེནྡྲ་ནི་བི་ཧཱར་ (Bihar) མངའ་སྡེའི་རྒྱལ་ས་པ་ཊ་ཎ་ (Patna) སྟེ་སྐྱ་ནར་བུའི་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་ས་ཁྲ་ལྟར་ན་ནཱ་ལེནྡྲ་བར་སྤྱི་ལེ་ (km) ༦༧ དང་། རྒྱལ་པོའི་ཁབ་ (Rajgir) ཀྱི་ནུབ་བྱང་ཕྱོགས་སུ་ས་ཁྲ་ལྟར་ན་རྒྱང་ཐག་སྤྱི་ལེ་ ༡༤ སར་ཆགས་ཤིང་། དེ་བཞིན་ནཱ་ལེནྡྲ་ནི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༡༠༥ དང་། གྷ་ཡ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་ ༩༤ ཙམ་དང་། གནས་མཆོག་རྡོ་རྗེ་གདན་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་ ༨༠ ཙམ་ན་རཱ་ཇི་གིར་ཏེ་ (Rajagriha) རྒྱལ་པོའི་ཁབ་དང་། དེ་ནས་སྤྱི་ལེ་ ༢༠ ཙམ་གྱི་ས་ན་ནཱ་ལེནྡྲའི་གྲོང་དབུས་སུ་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་ཆགས་ཡོད་ཅིང༌། དེང་སྐབས་ཡོངས་གྲགས་སུ་ནཱ་ལནྡཱ་ (Nalanda) ཞེས་པའི་མཚན་རང་འཇགས་སུ་གནས་ཤིང་། ལྡི་ལི་ནས་གནས་འདིར་ཕེབས་ན་མེ་འཁོར་ཨང་གྲངས་ ༢༣༩༡ དང་། ༢༣༩༢ (Shramjeevi Express) ནང་འགྲོ་དགོས་ལ། དེ་མིན་མེ་འཁོར་འབབ་ཚུགས་མང་དུ་ཡོད་ཅིང་། མེ་འཁོར་འབབ་ཚུགས་ནས་ནཱ་ལེནྡྲའི་དགོན་ཤུལ་བར་སྤྱི་ལེ་ ༣ ཙམ་ཡོད། ཡང་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཆགས་ཡུལ་ (Biharshariff) ནས་ནཱ་ལེནྡྲ་བར་གཞུང་ལམ་འཁེལ་བས་སྤྱི་སྤྱོད་རླངས་འཁོར་ཡང་ཧ་ཅང་འབེལ་པོ་ཡོད།
ནཱལནྡཱ་ཞིབ་འཇུག་ལས[8]། ཞིབ་ཏུ་བཤད་ན་གནའ་བོའི་རྒྱ་གར་གྱི་དགོན་སྡེ་ཕལ་མོ་ཆེ་ཐང་རང་དུ་ཡོད་པ་ལྟར་ནཱལཱནྡཱའི་དགོན་སྡེ་ཡང་རི་ཐང་གཉིས་ལས་ཐང་ལ་ཡོད་པ་ཞིག་ཡིན། དགེ་ཆོས་ཀྱི་གསེར་ཐང་ནང་[9]། བསྟན་པ་ཕྱི་དར་གྱི་འགོ་ལ་བརྩིགས་པའི་དགོན་གནས་དང་ལྷ་ཁང་རྣམས་རྟག་ཏུ་ཐང་དཀྱིལ་ཁོ་ནར་འདུག་ཅིང་། དུས་ཕྱིས་རིམ་གྱིས་དགོན་གནས་ཐམས་ཅད་རིའི་རྩེ་ལ་ཡར་ཡར་འཕགས་པ་ལྟ་བུར་འདུག །རྒྱ་གར་ན་རི་ཉུང་བས་ནཱལནྡྲ་དང་བྱང་ཆུབ་ཆེན་མོ་སོགས་དགོན་གནས་ཐམས་ཅད་ཐང་ལ་ཡོད་པ་དེ་འདྲ་ལ་དཔེ་མཛད་པར་སེམས། ཞེས་གསུངས་པ་ལྟར་སངས་རྒྱས་ཞལ་བཞུགས་པའི་དུས་ཀྱི་དགོན་སྡེ། རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། མཉན་ཡོད་ཀྱི་རྒྱལ་བྱེད་ཚལ། ཡངས་པ་ཅན། ལུམྦིནིའི་ནྱགྲོ་དྷའི་སྐྱེད་ཚལ། ཀོའུ་ཤམ་བྷིའི་བློན་པོ་གདངས་ཅན་གྱི་ཀུན་དགའ་ར་བ་བཅས་ཚང་མ་ཐང་ལ་ཡོད་ཁར། ད་དུང་ཕྱིས་སུ་རྩྭ་མཆོག་གྲོང་དང་། ཝཱ་རཱ་ཎ་སཱི། དཔལ་ལྡན་འབྲས་སྤུངས་མཆོད་རྟེན། ནཱལཱནྡཱ། རྡོར་གདན། བི་ཀྲ་མ་ཤཱི་ལ། བཅོམ་བརླག །ལ་ཧོར་སོགས་ཀྱི་དགོན་སྡེ་ཆ་ཚང་ཐང་རང་ལ་ཡོད་པ་ཤ་སྟག་ཡིན། དེའི་རྒྱུ་མཚན་གཙོ་བོ་གཅིག་རྒྱ་གར་ན་རི་ཉུང་བས་ཡིན་སྟབས། རྩེད་མོ་ལྟ་བུར་ཞུས་ན། གནའ་སྔ་མོར་དགོན་སྡེ་ཞིག་བཞེངས་སྐྲུན་བྱེད་པའི་མཐུན་རྐྱེན་ལས་ཀྱང་རི་ཞིག་རྙེད་དཀའ་བ་ལྟ་བུ་ཡིན་ཚོད།
ཡིན་ན་ཡང་། དུས་ཕྱིས་ལྷོ་ཕྱོགས་དཔལ་རིའི་དགོན་སྡེ་དང་། ཨོ་ཏནྟ་པུ་རི་སོགས་དགོན་པ་འགའ་རེ་རི་མགོར་བཞེངས་སྟབས། དེ་ལ་དཔེ་བལྟས་ནས་རང་རེ་བོད་ཀྱི་དགོན་སྡེ་རྣམས་ཀྱང་ག་ལེར་ཐང་ནས་རི་མགོར་སྤོས་པ་ཞིག་བྱུང་མེད་དམ་སྙམ། གང་ལྟར་ཐང་སན་ཙང་གི་ལམ་ཡིག་[10]ཏུ་རྒྱལ་པོའི་ཁབ་ནས་ནཱལཱནྡཱ་བར་དུ་རྒྱང་གྲགས་[11]སུམ་ཅུ་ཡོད་ཅེས་བྲིས་ཡོད་ལ། སཾ་སྐྲི་ཏའི་སྐད་ཡིག་ནང་ཡོད་པའི་གཞུང་རྣམས་སུ་རྒྱལ་པོའི་ཁབ་ནས་ནཱལཱནྡཱ་བར་དུ་ཡོ་ཇི་ན་སྟེ་དཔག་ཚད་ཕྱེད་ཀ་ཡོད་ཚུལ་བྲིས་ཡོད་འདུག །ཡང་ཕྱི་ལོ་ ༤༠༥ ཡས་མས་སུ་ནཱལཱནྡཱར་ཕེབས་མཁན་ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་གྱི་ལམ་ཡིག་[12]ནང་། དབང་པོའི་བྲག་ཕུག་གི་རི་ཕྲན་ནས་ནཱལཱནྡཱ་བར་དུ་དཔག་ཚད་གཅིག་དང་། ཡང་ནཱལཱནྡཱ་ནས་དཔག་ཚད་གཅིག་གི་སར་མ་སྐྱེས་དགྲས་བརྩིགས་པའི་རྒྱལ་པོའི་བཞུགས་གནས་གྲོང་ཁྱེར་གསར་པ་ཡོད་པ་སོགས་གསལ།
ནཱལཱནྡཱ་དང་ཐག་ཉེ་ཤོས་ཀྱི་གྲོང་གསེབ་ནི་བྷར་གྷའོན་ (Bargaon) ཟེར་བ་དེ་ཡིན་སྟབས། ནཱལཱནྡཱའི་གཙུག་ལག་ཁང་གི་མཐའ་འཁོར་གྱི་ས་ཆ་མང་པོ་ཞིག་ཁོ་ཚོའི་ས་ཞིང་དུ་བེད་སྤྱོད་བྱས་ནས་ཡོད་པས། དེང་སང་རྙེད་སོན་བྱུང་བའི་ནཱལཱནྡཱའི་ས་ཁྱོན་དང་། ཐང་སན་ཙང་གིས་བཤད་པའི་ནཱལཱནྡཱའི་ས་ཁྱོན་གཉིས་བསྡུར་ན་ད་དུང་ས་ཆའི་རྒྱ་ཁྱོན་བརྒྱ་ཆ་དགུ་བཅུ་རྙེད་སོན་བྱུང་མེད་ཚུལ་འདུག །ཡུལ་མིའི་ངག་རྒྱུན་དུའང་ནཱལཱནྡཱ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་དྲུག་གི་སར་དེ་བ་ནཱ་གྷར་ཟེར་བའི་གྲོང་གསེབ་ཅིག་ཡོད་པ་དེར་སྔར་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྒོ་ཡོད་ཟེར་བ་ལྟར། རྒྱ་ནག་ཆོས་འབྱུང་[13]དུ་ནཱལཱནྡཱའི་མཐའ་ཆུས་བསྐོར་ནས་ཡོད་པ་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་སྐྱེད་ཚལ་ཡིད་དུ་འོང་བ་ཡོད་ཚུལ་གསུངས་པར་བརྟེན། དེ་ལྟའི་སྐྱེད་ཚལ་གྱི་ཤུལ་དེ་ཚོ་ཕལ་ཆེར་ད་ཆ་ཞིང་སར་གྱུར་ཡོད་ངེས། གང་ལྟར་གནས་དེར་རྒྱལ་པོའི་ཁབ་ནས་སྤྱི་ལེ་བཅུ་གཅིག་ (miles 11) དང་། རྡོ་རྗེ་གདན་ནས་སྤྱི་ལེ་བརྒྱ་དང་ལྔ། (miles 105) པ་ཊ་ཎ་ནས་སྤྱི་ལེ་དགུ་བཅུ། (miles 90) ནཱལཱནྡཱའི་མེ་འཁོར་འབབ་ཚུགས་ནས་སྤྱི་ལེ་གཉིས་ (mile 2) བཅས་ཡོད། གཞུང་ལམ་གྱི་ཕྱོགས་གཅིག་ཏུ་ནཱལཱནྡཱའི་དགོན་ཤུལ་དང་། ཕྱོགས་གཅིག་ཏུ་ནཱལཱནྡཱའི་དགོན་ཤུལ་ནས་རྙེད་པའི་དངོས་རྫས་དང་། ཡིག་རྙིང་དེ་ཚོའི་འགྲེམས་སྟོན་ཁང་ཞིག་ཡོད། ཅེས་གསལ་བ་ལྟར་དང་། མཐའ་སྐོར་ཆུས་བསྐོར་བ་ཡང་དེང་སྐབས་ནཱ་ལེནྡྲའི་གཡས་གཡོན་དུ་མཚེའུ་མང་དུ་ཡོད་དོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།
[2] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་ ༧༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༣༧
[3] འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན། དཔེ་རིང་། ཤོག་གྲངས་ ༥ན༦
[4] གཏམ་རྒྱུད་གསེར་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༩༤
[5] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༤
[6] རྒྱང་གྲགས། མི་ཡི་ནང་ནས་སྐད་ཤུགས་ཆེ་ཤོས་ཤིག་གི་སྐད་བཏང་ན་གོ་ཐུབ་པའི་ཚོད་ཀྱི་ཐག་རིང་ཐུང་གི་ཚད་དེ་ལ་ཟེར་ཞིང༌། རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་མངོན་པ་མཛོད་ལས་བཤད་པའི་ས་ངོས་ཀྱི་རྒྱང་ཐག་རིང་ཐུང་འཇལ་བྱེད་ཀྱི་ཚད་གཞི་རིམ་པ་བཅོ་བརྒྱད་ཡོད་པའི་ནང་གི་གྲས་ཤིག་ཡིན། དེ་ཡང་རིམ་པ་མཐོ་ཤོས་ཀྱི་མིང་ལ་དཔག་ཚད་ཟེར་ཞིང༌། དེ་ལ་རྒྱང་གྲངས་བརྒྱད་ཡོད། རྒྱང་གྲགས་གཅིག་ལ་མིའི་ཚད་ལྡན་གྱི་འདོམ་ལྔ་བརྒྱ་ཐམ་པའམ་གཞུ་ལྔ་བརྒྱ་ཐམ་པ་ཡོད་ཅིང༌། རྒྱ་གར་སྐད་དུ་ཀྲོ་ཤ་ཟེར། འདོམ་གང་ལ་སྤྱི་ཁྲེ་གཉིས། འདོམ་ལྔ་བརྒྱ་ནི་སྤྱི་ཁྲེ་ཆིག་སྟོང་སྟེ་སྤྱི་ལེ་གཅིག་ (ཧྲི་ལེ་གཉིས་) གི་རིང་ཐུང་དང་མཉམ། འོན་ཀྱང་བོད་རྒྱ་ཚིག་མཛོད་ཆེན་མོ་ (སྟོད་ཆ་ཤོག་ ༥༤༢) ལས། རྒྱང་གྲགས་ཞེས་པའི་གོ་དོན་འགྲེལ་བཤད་རྒྱ་ཡིག་ཐོག་བྲིས་པ་དེའི་ནང་དེ་ནི་ཧྲི་ཁྲེ་ཉིས་བརྒྱ་ལྔ་བཅུའི་ཚད་དང་མཉམ་ཞེས་གསལ་བ་དེ་ནོར་འཁྲུལ་ཡིན་ཏེ། དེ་ལྟར་ན་ཧྲི་ཁྲེ་གཅིག་ལ་འདོམ་གཉིས་ཡོད་དགོས་པ་དང༌། ཧྲི་ཁྲེ་གསུམ་ནི་སྤྱི་ཁྲེ་གཅིག་ཡིན་པས། འདོམ་དྲུག་དང་སྤྱི་ཁྲེ་གང་ཚད་མཉམ་དགོས་ཤིང༌། སྤྱི་ཁྲེ་གང་ལ་འདོམ་དྲུག་ལྟ་ཅི་འདོམ་གང་ཡང་ལོངས་མེད་པ་མངོན་སུམ་གྱིས་གྲུབ་པས། གོང་གསལ་བོད་རྒྱ་ཚིག་མཛོད་ཆེན་མོར་གསལ་བའི་འགྲེལ་བཤད་དེ་འདིར་ལེགས་བཅོས་བྱ་དགོས་བྱུང་ལགས། སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ལས། གཞུང་འདོམ་ལྔ་ལ་སྲོག་ཤིང༌། སྲོག་ཤིང་ཉི་ཤུ་ལ་ངལ་གསོ། ངལ་གསོ་བརྒྱད་ཅུ་ལ་རྒྱང་གྲགས་ཞེས་བཤད་པ་ལྟར་ན། རྒྱང་གྲགས་གཅིག་ལ་གཞུ་འདོམ་བརྒྱད་སྟོང་སྟེ། འདུལ་བའི་ལུགས་ཀྱི་གཞུ་འདོམ་བཅུ་དྲུག་ལ་མངོན་པའི་གཞུ་འདོམ་གང་ཡིན་པ་དང་། འདུལ་བའི་ལུགས་ཀྱི་གཞུ་འདོམ་བཞི་ལ་མངོན་པའི་ལུགས་ཀྱི་ཁྲུ་གང་བརྩིས་པ་སོགས་ཡིན། དུས་འཁོར་གྱི་གཞུང་ལས། གཞུ་འདོམ་ཉིས་སྟོང་ལ་རྒྱང་གྲགས་གཅིག་ཏུ་བརྩི་བའི་སྲོལ་ལྟར་ན། དུས་འཁོར་ལུགས་ཀྱི་འདོམ་བཞི་ལ་མངོན་པའི་ལུགས་ཀྱི་འདོམ་གང་སྟེ། དུས་འཁོར་ལུགས་ཀྱི་འདོམ་གང་དང༌། མངོན་པའི་ལུགས་ཀྱི་ཁྲུ་གང་ཚད་མཉམ་པར་འབྱུང་བ་ལྟ་བུ་ཡིན། ཞེས་དུང་དཀར་ཚིག་མཛོད་ཆེན་མོ་ (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༦༤༨) ལས་བྱུང་ངོ་།།
[7] རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༩༧
[8] ནཱལཱནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༥༠
[9] གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩
[10] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢
[11] དུང་དཀར་ཚིག་མཛོད་ཆེན་མོ་ (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༧༥༠) ལས། རྒྱའི་ལེ་དབར། ཆོས་འབྱུང་མཁས་པའི་དགའ་སྟོན་ (སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༡༠༠༣) ལས། གོམ་པ་སུམ་བརྒྱ་དྲུག་ཅུ་ལ་ས་ལེ་དབར་རེ་རྩིས་པར་བཤད། ཐང་སན་ཙང་གི་ལམ་ཡིག་བོད་སྐད་དུ་བསྒྱུར་བའི་མཇུག་ཏུ་ཡོངས་གྲགས་ཀྱི་རྒྱང་གྲགས་གཅིག་དང་། རྒྱའི་ལེ་དབར་གཅིག་གོ་དོན་གཅིག་མཚུངས་ཡིན་པར་བཤད་པ་དེ་གཉིས་ཀྱི་ལེ་དབར་ནི་གོ་དོན་མི་འདྲ་སྟེ། མཁས་པའི་དགའ་སྟོན་ནང་བཤད་པའི་ལེ་དབར་ནི། རྒྱ་མི་རིགས་ཀྱི་ཡུལ་སྲོལ་ལེ་དབར་ཏེ་ཧྲི་ལེ་ཞེས་པ་དེ་ལ་གོ་དགོས་ཤིང༌། དེ་ལ་འདོམ་ཉིས་བརྒྱ་ལྔ་བཅུ་སྟེ་རྒྱང་གྲགས་ཕྱེད་ཡོད། ཐང་སན་ཙང་གི་ལམ་ཡིག་ནང་བཤད་པའི་རྒྱའི་ལེ་དབར་ཞེས་པ་ནི། རྒྱ་གར་ལུགས་ཀྱི་ལེ་དབར་ཏེ་དེང་སང་སྤྱི་ལེ་ཞེས་འབོད་པ་དེ་ཡིན་པས་སོ་སོར་མ་འདྲེས་པར་གོ་བ་ལེན་དགོས། ཞེས་གསལ་ལོ། །ཡང་ (ནཱ་ལནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་ ༥༡) ལས། ཐང་སན་ལམ་ཡིག་བོད་འགྱུར་གྱི་མཇུག་ཏུ་ཆ་ཀན་ཞབས་དྲུང་པས་ཟུར་མཆན་ཞིག་བཏབ་པའི་ནང་། རྒྱང་གྲགས་ནི་རྒྱའི་ཐ་སྙད་ཀྱི་ལེ་དབར་ཡིན་ཞེས་གསལ་བ་དང་། ཡང་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་དང་། རཀཿར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར་གཉིས་ཀྱིས་བོད་བསྒྱུར་མཛད་པའི་ཧྥ་ཤཱན་ལམ་ཡིག་གི་མཇུག་ཏུ་ལེ་དབར་གཅིག་ནི་དེང་སང་གི་ miles གཅིག་གི་སུམ་ཆ་ཡིན་ཞེས་གསུངས། དེས་ན་རྒྱང་གྲགས་དང་ལེ་དབར་དོན་གཅིག་པས་ miles གཅིག་ལ་རྒྱང་གྲགས་གསུམ་ཡོད་པ་ཧ་ཅང་གསལ་པོ་རེད་སྙམ། གང་ཡིན་ཟེར་ན་ཐང་སན་ལམ་ཡིག་ནང་རྒྱལ་པོའི་ཁབ་ནས་ནཱལཱནྡཱ་བར་རྒྱང་གྲགས་སུམ་ཅུ་ཙམ་ཡོད་ཅེས་བཤད་པ་དང་། དེང་གི་ལམ་ཚད་འཇལ་བྱེད་ལྟར་ན་རྒྱལ་པོའི་ཁབ་ནས་ནཱལཱནྡཱ་བར་ miles བཅུ་གཅིག་ཙམ་ཡོད་པ་ཕན་ཚུན་བསྡུར་ཚེ་ལེ་དབར་དང་རྒྱང་གྲགས་དོན་གཅིག་ཡིན་པ་དང་། རྒྱང་གྲགས་གཅིག་ལ་དེང་གི་ miles གསུམ་ཡོད་པའི་གསུང་ཚུལ་ཆ་ཚང་ཏག་ཏག་མཐུན་པར་ངེས་སོ། །ཞེས་བྱུང་ངོ་།།
[12] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༦༦
[13] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༣༩
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༡ ནས་ ༥༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།