ག༽ རྒྱལ་སྲས་ཞི་བ་ལྷ་དུས་ནམ་ཞིག་ལ་བྱོན་མིན།
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]།
ཞི་བ་ལྷ་དང་ཙནྡྲ་གོ་མི་ལ། །རྨད་བྱུང་སློན་དཔོན་གཉིས་ཞེས་མཁས་རྣམས་སྒྲོག །
ཅེས་གསུངས་པ་ལྟར་རྨད་བྱུང་སློབ་དཔོན་གཉིས་ཀྱི་ཡ་གྱལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དུས་ནམ་ཞིག་ལ་བྱོན་ནམ་ཞེ་ན། དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། ཙནྡྲའི་རིགས་ཀྱི་རྒྱལ་པོ་སིང་ང་ཙནྡྲ་ཞེས་པ་རྒྱལ་སྲིད་ལ་འཁོད་དེ། ཤུགས་ཆུང་ངུར་ཡོད་པས་རྒྱལ་པོ་སེང་གེ་དང༌། གྷརྴའི་ལུང་ལེན་དགོས་པར་བྱུང༌།
འདི་སྐབས་ལེགས་ལྡན་དང༌། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང༌། སློབ་དཔོན་ཞི་བ་ལྷ་དང༌། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །ཞེས་རྒྱལ་པོ་ངང་ཚུལ་གྱི་དུས་ཀྱི་གཏམ་སྐབས་སུ་བྱུང་ལ། མཁས་བཙུན་བཟང་པོས་མཛད་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[3]། དུས་རབས་ནི། བི་རུ་པས་ཀླུའི་བྱང་ཆུབ་ལས་གཤིན་རྗེ་གཤེད་ཀྱི་གདམས་པ་གསན་པར་བཤད་ཀྱང་། ཀླུ་བྱང་ནི་སྐུ་ཚེར་རང་དབང་ཐོབ་ནས་བཞུགས་པར་བཤད་པ་སོགས་གོང་འོག་ལ་དཔྱད་ན་ (A.D.) བརྒྱ་ཕྲག་བརྒྱད་ནང་ཙམ་ལའང་འཇིག་རྟེན་འདིར་སྣང་བ་ནི་སྲིད་དམ་སྙམ་ཞེས་དང་། ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་20པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[4]། རྒྱལ་སྲས་ཞི་བ་ལྷ་ནི་བརྒྱ་ཕྲག་བདུན་པའི་ནང་བྱུང་ཞིང་། དཔལ་ལྡན་དགའ་བའི་ལྷའི་སྲས་ངང་ཚུལ་གྱི་སྐབས་ཡིན་ཅིང་། ལྷོ་ཕྱོགས་སུ་ཅཱལུཀྱའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་པུལཀེསིན་གཉིས་པའམ། ཡང་ན་དེའི་སྲས་རྣམ་གནོན་ཉི་མའི་སྲིད་དུས་ཡིན་སྲིད། ཅེས་དུས་རབས་བདུན་པར་བྱོན་པར་གསལ་ལོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་ཞིག་སྟེ། ཕྱི་ལོའི་དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། ཞེས་སོགས་གསུངས་པ་ལྟར་དུས་རབས་བདུན་པ་བརྒྱད་པའི་ནང་དུ་བྱོན་པར་གསུངས་ལ། དེང་སྐབས་ཞིབ་འཇུག་པ་ལ་ལས་ཕྱི་ལོ་ 650-700 དང་། ཡང་འགའ་ཞིག་གིས་ཕྱི་ལོ་ c.685-763 བར་བྱོན་པར་འདོད་པ་སོགས་གཅིག་མཐུན་ཞིག་མེད་ཀྱང་། སྤྱིའི་ཆ་ནས་དུས་རབས་བདུན་པ་བརྒྱད་པར་བྱོན་པ་གཅིག་མཚུངས་སུ་བཞེད་དོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༧
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༨༡
[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༤༩༨
[4] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥
[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧༦༩
༦ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡ ནས་ ༢༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།