འ༽ དབུ་ཚད་སེངྒེ་མཇིང་བསྣོལ་གྱི་སྲོལ་གཏོད་ཚུལ།
དེ་ཡང་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་པ་ནི། དབུ་མ་པས་དོན་དམ་སྒྲུབ་བྱེད་ཀྱི་རིགས་པ་དང་། ཚད་མ་པས་རྟགས་ཀྱི་རྣམ་གཞག་གཉིས་ཟུང་དུ་འབྲེལ་ནས་ཕྱིའི་ཕས་ཀྱི་རྒོལ་བ་གང་གིས་ཀྱང་མི་ཚུགས་པ་སྟེ། དཔེར་ན། སེངྒེ་གཉིས་མཇིང་པ་བསྣོལ་ནས་གནས་ཚེ་རྒྱབ་མདུན་གཉིས་སམ་ཕྱོགས་བཞིར་ལྟ་ཐུབ་པས་འཇིགས་པ་མཐའ་དག་སྲུང་ཐུབ་པ་ལྟར་ཡིན་པས་སེངྒེ་མཇིང་བསྣོལ་ཞེས་ཞུའོ།།
དེ་ཡང་བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]། །སྒྲ་ཚད་ལུང་རིགས་བསྟན་བཅོས་མཁས། །རིག་འཛིན་ཚེ་ཡི་དངོས་གྲུབ་བརྙེས། །ཀ་མ་ལ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། མུ་སྟེགས་རིགས་ལ་སྒྲ་ཚད་མཁན། །ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས། །དྷརྨ་ཀཱི་རྟི་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱུང་བ་ལྟར། རྒྱ་གར་འཕགས་ཡུལ་དུ་ཐོག་མར་སྒྲ་ཚད་སེངྒེ་མཇིང་བསྣོལ་ཞེས་གྲགས་ཀྱང་། མཁན་ཆེན་ཞི་འཚོས་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་ལམ་སྲོལ་སྲོལ་བཟང་བཏོད་པར་གསུངས་ཏེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[2]།
གཞལ་བྱ་བདེན་པ་གཉིས་ཀྱི་ཆོས་ཚུལ་ཀུན། །ཡང་དག་རིགས་པའི་ལམ་ནས་གསལ་མཛད་པའི། །
ཤེས་རབ་ཉི་ཟླའི་འོད་ཀྱིས་ས་སྟེང་ཁྱབ། །མཁས་པའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་དེ་ཡང་བརྗོད་བྱ་སྟོན་ཚུལ་གྱི་སྒོ་ནས་དབུ་མ་ནི་ཕར་ཕྱིན་གྱི་ལྟ་བ་དང་། ཚད་མ་ནི་ཕར་ཕྱིན་གྱི་རིགས་ལམ་དུ་གསུངས་ཤིང་། ལྟ་སྒོམ་སྤྱོད་གསུམ་གྱི་དབང་དུ་བཏང་ཚེ། ལྟ་བ་གཏན་ལ་འབེབས་བྱེད་ཀྱི་དབུ་ཚད་གཉིས་དང་། བསླབ་པ་གསུམ་གྱི་དབང་དུ་བཏང་ཚེ། དབུ་ཚད་གཉིས་ཀྱིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པས་སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་ཤིང་། གཞུང་ཆེན་བཀའ་པོད་ལྔའི་དབང་དུ་བཏང་ན། དབུ་མ་འཇུག་པ་སོགས་རྩ་བར་བྱས་ཏེ་དབུ་མའི་གཞུང་ལ་ལེགས་པར་སྦྱངས་ཚེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་པ་རྟོགས་པའི་དབུ་མའི་ལྟ་བ་གཏན་ལ་འབེབས་ཐུབ་པ་དང་། ཚད་མ་རྣམ་འགྲེལ་སོགས་རྩ་བར་བྱས་ཏེ་ཚད་མ་རིག་པའི་གཞུང་ལུགས་ཀུན་ལ་སྦྱངས་ན་རིག་པའི་སྒོ་འཕར་ཡངས་པོར་ཕྱེ་སྟེ་ལེགས་ཉེས་རྣམ་པར་འབྱེད་པའི་རིག་པ་རྣོ་ཞིང་གསལ་བར་བྱེད་པ་སོགས་དབུ་ཚད་གཉིས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་ཁྱད་ཆོས་ལ་དམིགས་ནས་དབུ་ཚད་གཉིས་ཕྱོགས་གཅིག་ཏུ་བསྡོམས་པ་ལ་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་གྲགས་པའང་རྒྱུ་མཚན་དོན་ལ་གནས་པ་སྟེ། དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་བའི་ (1405-1477) གྲུབ་མཐའ་ཀུན་ཤེས་ལས[3]། དེ་ཡང་བོད་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ནི། མཁན་པོ་ཞི་བ་འཚོ་ཡིན་ལ། དེས་དབུ་མ་རྒྱན་དང་། ཚད་མའི་དེ་ཉིད་བསྡུས་པ་དང་། དོན་དམ་གཏན་ལ་དབབ་པ་སོགས་ཀྱི་བསྟན་བཅོས་དུ་མར་དབུ་ཚད་སྦྲེལ་ནས་རང་རྒྱུད་མཛད་པས། བོད་དག་དེ་ལ་འཇུག་པ་ནི་འཇིག་རྟེན་ལུགས་དང་ཡང་མཐུན་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས[4]། རྨི་ལམ་དང་སད་པའི་རྟ་གླང་རྣམས་འཁྲུལ་རྒྱུ་མ་ཟད་ཀྱི་བར་དུ་ཡོད་མཚུངས་དང་། ཟད་ནས་མེད་མཚུངས་སུ་ལན་མང་དུ་གསུངས་པས་དབུ་མ་རང་ལུགས་ལ་ཡང་ལོག་མེད་པར་སྨྲས་པ་ནི་དོན་ལ་ཞུགས་པ་ཡིན་པས། འཐད་པ་དེ་མ་དོར་བར་དབུ་མ་རང་ལུགས་ལ་ཚད་མ་དང་ཚད་མིན་ཀུན་རྫོབ་གཞིར་བྱས་ལ་མེད་པར་འདོད་པར་བྱའོ། །དེས་ན་རང་རྒྱུད་པ་མི་འདོད་པའི་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་དགོས་པ་དང་། ཐལ་འགྱུར་བ་མི་འདོད་པའི་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་སྙན་མིང་ཡང་དང་དུ་བླངས་པ་འདིས་ནི་ལེགས་ཆ་བསྡུས་པར་བྱས་པས་འགལ་བ་མང་པོ་འདུས་པ་ཡིན་ནོ། །ཞེས་བྱུང་བ་ལྟར་དབུ་མ་དང་ཚད་མའི་གཞུང་ལུགས་གཉིས་སེངྒེ་མཇིང་པ་བསྣོལ་བ་ལྟར་སྦྲེལ་ནས་དབུ་མ་རང་རྒྱུད་པ་སྲོལ་བཏོད་པས་དེ་ནས་བཟུང་སྟེ། དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་པའི་མཚན་ཡང་བྱུང་བར་གྲགས་ལ། དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་པའི་ཐ་སྙད་འདི་ཉིད་འཁོད་པའི་ཡིག་ཆ་སྔ་ཤོས་ཀྱང་འདི་ཉིད་ཙམ་ཡིན་འདུག་གོ།
འཇམ་མགོན་མི་ཕམ་རིན་པོ་ཆེས་ (1846-1912) མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས[5]། ཚུལ་གཉིས་ཟུང་དུ་འཇུག་པའི་ཐེག་ཆེན་སྤྱིའི་ལམ་སྲོལ་དེ་ལྟར་ཕྱེས་ནས་དོན་གྱི་བདེན་གཉིས་ཟུང་འཇུག་རབ་ཏུ་མི་གནས་པའི་དབྱིངས་ལ་གནད་མཐུན་པར་གྱུར་པ་ལ་ཁྱད་པར་གང་ཡང་མེད་པའི་ཕྱིར་རོ། །དེས་ན་དཔལ་ལྡན་ཟླ་བའི་དགོངས་པ་སྣང་བ་འདི་ཀུན་ཐད་ཀ་རང་སར་དག་པས་ཐ་སྙད་ཀྱི་རྫུན་རིས་དབྱིངས་སུ་ཡལ་བའི་ཟབ་མོའི་ལྟ་བ་ནི། རྫོགས་ཆེན་གྱི་གཞུང་ནས་ཀ་དག་གཏན་ལ་འབེབས་ཚུལ་དང་མཚུངས་པ་དེ་ཉིད་ཀྱི་ཕྱིར་ན། རིག་འཛིན་བརྒྱུད་པའི་རང་ལུགས་སུ་དོན་གྱིས་མཛད་པ་ཡིན་པས་དམན་པ་བདག་ཀྱང་དེ་ཁོ་ན་ལྟར་སྨོན་ནའང་། འདི་ལྟ་བུའི་གཞུང་ནི་ཐེག་ཆེན་སྤྱིའི་ལམ་པོ་ཆེ་ཡིན་ཏེ། ཤིང་རྟ་རྣམ་པ་གཉིས་ཀྱི་གཞུང་དགོངས་པ་ཆུ་བོ་གཅིག་འདྲེས་སུ་སྦྱར་ཞིང་། ཁྱད་པར་དོན་དམ་པའི་ཚད་མ་དཔལ་ལྡན་ཀླུ་ཡིས་ཇི་ལྟར་བཞེད་པ་དང་། ཐ་སྙད་ཀྱི་ཚད་མ་དཔལ་ཆོས་ཀྱི་གྲགས་པས་ཇི་ལྟར་བཞེད་པ་གཉིས་རིགས་པའི་རྒྱ་མཚོ་ཆེན་པོར་རོ་གཅིག་ཏུ་བསྐྱིལ་ཞིང་། མཐར་ཐུག་མཐའ་བཞི་སྤྲོས་བྲལ་གྱི་དབུ་མ་ཆེན་པོར་སྐྱེལ་བའི་གཞུང་འདི་ལ་བཀའ་ཐེག་ཆེན་གྱི་དོན་རྒྱན་དྲུག་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཟབ་གནད་མ་ཚང་བ་མེད་པར་རྫོགས་པས། སའི་སྟེང་ན་འགྲན་ཟླ་དང་བྲལ་བའི་ལེགས་བཤད་ཆེན་པོ་འདི་ཕྱོགས་རེ་རེ་བ་འཛིན་པ་ཀུན་གྱིས་ཀྱང་སྤྱི་པ་ཉིད་དུ་ཅིའི་ཕྱིར་མི་བཀུར་ཏེ་སྒོ་ཀུན་ནས་འབད་པས་འཇུག་པར་གྱིས་ཤིག །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པའི་བབས་སོ་ཆེན་པོ། ཤིང་རྟ་མཆོག་གི་ལུགས་སྲོལ་མ་ལུས་པ་འཁྱིལ་བའི་རྒྱ་མཚོ་ནི་འདི་ཡིན་པས་ན། ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པའི་མཉམ་གཞག་གི་མྱོང་བ་ཐུན་གཅིག་ལ་གནས་པ་ལྟ་ཅི། ཐོས་བསམ་གྱི་དུས་ན་དགག་སྒྲུབ་ཀྱི་རིགས་པ་ཤིན་ཏུ་ཕྲ་བའི་གནད་ཀྱང་མ་ཟིན་པར། ཐལ་འགྱུར་ཞེས་མཐོ་སྙེགས་བྱས་པ་ཙམ་གྱིས་ཕན་དཀའ་བས། གཞུང་འདི་ལྟ་བུའི་ལམ་ནས་དབུ་མའི་གནད་ཟིན་པ་ལ་མཁས་པར་བྱའོ། །
དེས་ན་འདི་ལྟ་བུའི་གཞུང་ལ་སྦྱངས་པ་ལེགས་པར་ཐོན་ན་དབུ་ཚད་སེངྒེ་མཇིང་བསྣོལ་ཞེས་བོད་ལ་གྲགས་པ་ལྟར་མིང་དོན་དང་ལྡན་པར་ཐོབ་ལ། བདེན་པ་གཉིས་ཀྱི་ཚད་མ་གཅིག་གྲོགས་སུ་གཅིག་འཆར་བའི་ལེགས་བཤད་འགྲན་མེད་དུ་སྨྲ་བའི་དབང་ཕྱུག་ཆེན་པོའི་གོ་འཕང་གི་མཆོག་སྦྱིན་པའི་གཞུང་དག་ནི་འཕགས་ཡུལ་དུའང་འདི་ཁོ་ན་ཙམ་ཡིན་ཏེ། ཅིའི་ཕྱིར་ན་ཤིང་རྟའི་ལུགས་སྲོལ་སོ་སོ་བ་གཅིག་ཏུ་བསྡུས་པའི་རིགས་པའི་སྙིང་པོ་མཆོག་དམ་པ་འདི་གཅིག་པུ་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ། །དེ་ལྟར་ཚུལ་གཉིས་ཀྱི་དོན་དེ་གཞུང་གིས་ཇི་ལྟར་སྟོན་པ། གཞུང་འཆད་པའི་བསྡུས་དོན་གྱིས་གསལ་བར་བཤད་པ་དེ་ལྟ་བུ་ནི་འདིའི་དབུ་ཞབས་ཀྱི་དོན་ཏོ། །ཞེས་གསུངས་པ་ལྟར་རོ།།
དེ་བཞིན་ཇི་སྐད་དུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་ (1846-1912) དབུ་མ་རྒྱན་རྩ་འགྲེལ་ལས[6]།
དོན་དམ་མཁའ་ལྟར་ཞི་བའི་ཐུགས་བརྙེས་པས། །དཔལ་ལྡན་ཟླ་བ་འཇིག་རྟེན་གསུམ་ན་མཛེས།
ཐ་སྙད་འཇའ་ལྟར་མ་འདྲེས་གསལ་གཟིགས་པས། །ཆོས་ཀྱི་གྲགས་པས་ས་ཆེན་འདི་ཁྱབ་ཀྱང་། །
ཞེས་གསུངས་པའི་རྗེས་སུ་འབྲངས་ནས། འཇུ་མི་ཕམ་དགེ་ལེགས་རྣམ་རྒྱལ་མཆོག་གིས། རྨད་བྱུང་ཆོས་ཀྱི་ཟླ་བའི་གྲགས་པ་ནི། །ལེགས་བཤད་གསུང་གི་འོད་དང་ཆབས་ཅིག་པར། །ཐུབ་བསྟན་ལྷ་ལམ་ཡངས་པོར་ཤར་བ་ཡིས། །ཐེ་ཚོམ་མུན་པ་ཐིབ་པོ་རྣམ་པར་འཇོམས། །ཐ་སྙད་དཔྱོད་པའི་ཚད་མ་ཡིས། །བླང་དོར་འཇུག་ལྡོག་མི་ནོར་ཞིང་། །ཁྱད་པར་བསྟན་དང་སྟོན་པ་ལ། །ཡིད་ཆེས་རྙེད་པའི་སྒོ་གཅིག་པུ། །ཚད་མའི་གཞུང་དང་གནས་ལུགས་དོན། །གཏན་འབེབས་དོན་དམ་རིགས་ཤེས་ཀྱི། །ཚད་མ་དྲི་མེད་གསལ་བྱེད་པ། །ཐེག་མཆོག་དབུ་མ་རྣམ་པ་གཉིས། །ལེགས་པར་སྦྱངས་པའི་བློ་མིག་ཟུང་། །བགྲད་དེ་སྟོན་པས་བསྟན་པའི་ལམ། །དེར་ནི་གཞན་དྲིང་མི་འཇོག་པར། །ཡང་དག་ཞུགས་པ་དེ་ལ་བསྔགས། །ཞེས་གསུངས་ཏེ་རྒྱ་ཆེ་བ་ཐ་སྙད་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མ་ཡང་དག་པ་ཡིས་ཐ་སྙད་ཀྱི་ཚུལ་ཡང་དག་པར་གསལ་བར་བྱས་པས་ཐ་སྙད་ཀྱི་བླང་དོར་ལ་འཇུག་ལྡོག་མི་ནོར་ཞིང་མི་འཁྲུལ་བ་དང་། ཁྱད་པར་དུ་བསྟན་པ་ཡང་དག་པའི་འཇུག་ངོགས་ཚད་མ་དང་སྟོན་པ་ཐམས་ཅད་མཁྱེན་པ་ཡང་དག་པའི་སྐྱེས་བུ་ཚད་མ་ཡིན་པ་ལ་ལྷ་དང་བཅས་པ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་མཆོག་གྱུར་རྙེད་པའི་སྒོ་གཅིག་པུར་གྱུར་པ་ཚད་མའི་གཞུང་དང་། གནས་ལུགས་ཟབ་མོ་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དོན་གཏན་ལ་འབེབས་བྱེད་དོན་དམ་དཔྱོད་པའི་རིགས་ཤེས་ཀྱི་ཚད་མ་དྲི་མ་མེད་པ་གང་གིས་གནས་ལུགས་ཟབ་མོའི་ཡིན་ལུགས་ཇི་བཞིན་གསལ་བར་བྱེད་པ་ཐེག་མཆོག་དབུ་མ་ཆེན་པོའི་གཞུང་དང་རྣམ་པ་གཉིས་པོ་འདི་ཁོ་ན་ལམ་གྱི་སྙིང་པོ་ཡང་དག་པ་མཐོང་བའི་མིག་མཆོག་ཏུ་གྱུར་པས་ན། གུང་ཐང་གི་སློབ་གཉེར་གྱི་བསླབ་བྱ་ལས་ཀྱང་[7]།
དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། །ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །
བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། །
བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །
ཞེས་གསུངས་པའང་གོང་གི་དགོངས་དོན་དང་གཉིས་སུ་མེད་པར་བཞེད་པའོ། །[8]དེ་ལྟར་གྲུབ་དོན་ཡང་དག་པའི་གཞུང་ཁྱད་པར་ཅན་དེ་ནི་མཐར་ཐུག་རྣམ་གྲངས་མ་ཡིན་པ་དོན་དམ་པར་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་མཁའ་ལྟར་ཞི་བའི་ཐུགས་སུ་མངའ་བ་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུ་དེ་དང་། ཐ་སྙད་དུ་ཡུལ་དང་ཡུལ་ཅན་གྱི་རྣམ་གཞག་འཇའ་ཚོན་ལྟར་མ་འདྲེས་གསལ་བར་གཟིགས་པ་སློབ་དཔོན་ཆོས་གྲགས་ཀྱི་བཞེད་སྲོལ་རྣམ་གཉིས་རིགས་པའི་རྒྱ་མཚོར་གཅིག་ཏུ་བསྐྱིལ་ཏེ་ཚད་མ་གཉིས་ཀྱིས་བདེ་བླག་ཏུ་གཞལ་བའི་གཞུང་དབུ་མ་རྒྱན་ཞེས་བྱ་བ་འདི་ནི་ཟབ་རྒྱས་ཟུང་འཇུག་གི་གཞུང་ངམ་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་བསྟན་བཅོས་ཞེས་མཁས་པ་རྣམས་ཀྱིས་བསྔགས་བརྗོད་ཡང་ཡང་མཛད་པས། མདོར་ན་རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟའི་སྲོལ་བཟང་ཡངས་པོར་ཕྱེ་བར་མཛད་དེ། དབུ་མ་རྒྱན་རྩ་འགྲེལ་ལས་[9]རིམ་པར་བསྟན་པ་སྟེ།
སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དངོས་མེད་ཤེས་པར་བྱ། །
ཚུལ་འདིར་བརྟེན་ནས་དེ་ལ་ཡང་། །ཤིན་ཏུ་བདག་མེད་ཤེས་པར་བྱ། །
ཞེས་སེམས་ཙམ་གྱི་ཚུལ་ལ་བརྟེན་ནས། མཚུངས་པར་ལྡན་པ་དང་བཅས་པའི་སེམས་ལས་ཕྱི་རོལ་དུ་འདོད་པ་དང་བདག་གི་དཔེ་གཟུང་བ་དང་འཛིན་པ་ལ་སོགས་པར་རང་བཞིན་མེད་པར་ཚེགས་མེད་པ་ཁོ་ནར་རྟོགས་སོ། །ཞེས་གསུངས་ཏེ་ཐ་སྙད་པའི་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་ལས་བྱུང་བའི་སེམས་ཙམ་དུ་ཁས་བླང་བའོ།།
མང་ཐོས་སློབ་མ་བྱ་གཤོངས་མཁན་པོ་འཇམ་དབྱངས་དགེ་བའི་བཤེས་གཉེན་གྱིས་མཛད་པའི་དབུ་མའི་སྤྱི་དོན་ལུང་རིགས་མཛེས་པར་བྱེད་པའི་རྒྱན་ལས[10]། རྩ་བའི་གསུམ་པ་དབུ་མ་རང་རྒྱུད་པའི་བསྟན་བཅོས་ནི། ཐོག་མར་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་དབུ་མའི་ཚིག་གི་ཆ་གཙོ་བོར་འགྲེལ་བ་ལ་འགྲེལ་པ་ཤེས་རབ་སྒྲོན་མེའི་ཕྲེང་བ་མཛད་ཅིང་། དེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་དོ། །དབུ་མ་རྩ་བའི་དོན་གྱི་ཆ་གཙོ་བོར་འགྲེལ་བ་ལ་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བ། ལེའུ་བཅུ་གཉིས་ཡོད་པ་ཡང་སློབ་དཔོན་ལེགས་ལྡན་བྱེད་དེས་མཛད། དེའི་དངོས་ཀྱི་སློབ་མ་སློབ་དཔོན་དཔལ་སྦས་ཀྱིས་དབུ་མ་དེ་ཁོ་ན་ཉིད་ལ་འཇུག་པ་ཞེས་བྱ་བ་མཛད། དེའི་སློབ་མ་སློབ་དཔོན་ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས་རྩ་འགྲེལ་མཛད། དེའི་སློབ་མ་མཁན་པོ་ཞི་བ་འཚོས་དབུ་མའི་བསྟན་བཅོས་རྒྱན་རྩ་འགྲེལ་དང་། དེ་ཁོ་ན་ཉིད་གཏན་ལ་དབབ་པ་ཞེས་བྱ་བ་དང་། ཚད་མའི་བསྟན་བཅོས་དེ་ཉིད་བསྡུས་པ་ཞེས་བྱ་བ་མཛད་པའི་སྒོ་ནས། དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་མཚན་དུ་བཏགས་ཏེ། དབུ་ཚད་གཉིས་བཤད་སྲོལ་གཅིག་ཏུ་བསྒྲིལ་ནས། དེ་གཉིས་ཀའི་དགོངས་པ་དབུ་མ་རང་རྒྱུད་པ་དང་མཐུན་པར་འཆད་པའི་བཤད་སྲོལ་རྐང་ཚུགས་པར་མཛད་ཅིང་། དེ་ཉིད་བོད་ཡུལ་འདིར་རིམ་གྱིས་དར་བས། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ། སྲས་ཀྱི་ཐུ་བོ་བཞི། མཁས་པ་ཕྱ་གཙང་ལ་སོགས་པ་རྣམས་ཀྱང་དེ་ཁོ་ན་ལྟར་བཞེད་དོ།།
༡༽ དབུ་ཚད་སེངྒེ་མཇིང་བསྣོལ་གྱི་དཔེ་མཚོན་ངོ་སྤྲོད།

དེ་ལྟ་བུའི་དབུ་ཚད་སེངྒེ་མཇིང་བསྣོལ་གྱི་དཔེ་མཚོན་ནི། ཆོས་རྒྱལ་མྱ་ངན་མེད་ཀྱིས་གནས་མཆོག་ཝཱ་རཱ་ཎ་སཱིར་སྟོན་པས་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་དྲན་རྟེན་དུ་བཙུགས་པར་གྲགས་པའི་རྡོ་རིང་གི་སེངྒེའི་མགོ་བཞི་ཅན་དེ་ཉིད་ཡིན་པར་སེམས། རྡོ་རིང་དེའི་རྩེ་མོར་སེངྒེ་བཞི་རྒྱབ་སྤྲོད་ཀྱི་ཚུལ་དུ་གནས་པ་དེ་དག་གིས་སྙིང་སྟོབས་དང་། གདེང་ཚོད། སྟོབས་ཤུགས་སོགས་མཚོན་པ་དང་། སེངྒེ་རྣམས་ཀྱི་འོག་གདན་གྱི་ཕྱོགས་བཞིའི་བྱང་དུ་སེངྒེ་དང་། ཤར་དུ་གླང་ཆེན། ལྷོར་རྟ་མཆོག །ནུབ་ཏུ་བ་གླང་བཅས་སྲོག་ཆགས་བཞི་དང་། དེ་དག་གི་བར་མཚམས་སུ་ཆོས་འཁོར་རྩིབས་ཉེར་བཞི་པ་རེ་བཅས་གསོན་ཉམས་དོད་པོར་བརྐོས་ཡོད་པ་དེ་དག་ཀྱང་མེ་ཏོག་པདྨ་མངོན་པར་བཞད་པའི་འཕྲེད་གདན་དུ་བཀོད་འདུག །དེའི་མཚོན་དོན་ནི་ཚེ་སྲོག་གི་རྩ་བའི་འབྱུང་ཁུངས་ལས་ཀྱིས་སྐྱེད་པའི་ཆོས་ཉིད་དྲན་སྐུལ་བཏང་བར་མཚོན་པར་མ་ཟད། རྟ་མཆོག་གིས་སྟོབས་ཤུགས་དང་། གླང་ཆེན་གྱིས་འབད་བརྩོན་སོགས་མཚོན་པ་དང་། ཆོས་འཁོར་རྩིབས་ཉེར་བཞི་པས་བྱམས་བརྩེ་དང་དྲང་བདེན་སོགས་མཚོན་པ་ཡིན་ཞེས་གྲགས་ལ། འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་བཙུན་མོའི་ཐོག་མ་སམ་རཱ་ཇི་ཝི་ངྷི་ཤཱ་ངྷེ་ཝིའི་མཛུབ་སྟོན་ལྟར་བཞེངས་སྐྲུན་གནང་བ་ཞིག་ཡིན་པར་བཤད། དེའི་ངོ་བོའམ་མཚོན་རྟགས་ཀ་མགོའི་གཤམ་ན་ཌེ་ཝ་ན་ག་རའི་ཡི་གེར།

सत्यमेव जयते
(SATYAMEVA JAYATE) (སཱ་ཏའི་མེཝ་རྗེའི་ཏེ།)
བོད་སྐད་དུ། བདེན་པ་ཉིད་རྒྱལ་གྱུར་ཅིག །ཅེས་བཀོད་ཡོད་པ་དེ་ཉིད་རྒྱ་གར་རང་བཙན་ཐོབ་རྗེས་རྒྱལ་ཁབ་ཀྱི་ཆེ་རྟགས་སུ་ངོས་འཛིན་གནང་བ་ཞིག་དང་། དེ་ཡང་ཕྱི་ལོ་ ༡༩༥༠ ལོར་སྐུ་ཞབས་མཱ་རྡ་ཝུ་སའ་ཝ་ནེས་ (Madhav Sawhney) སེངྒེ་བཞི་རྒྱབ་སྤྲོད་དུ་གནས་པ་འདི་ཉིད་རྒྱ་གར་གྱི་རྒྱལ་རྟགས་སུ་ངོས་འཛིན་གནང་སྟེ། ཕྱི་ལོ་ ༡༩༥༠ ཟླ་བ་ ༡ ཚེས་ ༡༦ ཉིན་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཝཱར་ཎར་བཙུགས་པའི་རྡོ་རིང་སེངྒེའི་ཏོག་ཅན་འདི་བཞིན་རྒྱལ་རྟགས་སུ་གཏན་འབེབས་གནང་། རྒྱལ་རྟགས་འདི་ཉིད་སྤྱི་འགྲོས་ལྟར་རྒྱ་གར་གཞུང་གི་ལས་ཁུངས་ཁག་གི་ལས་ཤོག་དང་། དངུལ་ལོར་སོགས་སུ་བཀོད་ཡོད་པར་མ་ཟད། ཆོས་འཁོར་དེ་ཡང་རྒྱ་གར་གྱི་རྒྱལ་དར་ཐོག་ཏུ་བཀོད་ཡོད། མདོར་ན། ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་རྒྱ་གར་རྒྱལ་རབས་ལས[11]། ཝཱ་རཱ་ཎ་སཱིའི་མྱ་ངན་མེད་ཀྱི་རྡོ་རིང་གི་སེངྒེའི་མགོ་བཞི་ཅན་དེ་ཉིད་མྱ་ངན་མེད་ཀྱིས་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དྲན་རྟེན་དུ་བཙུགས་པ་ཡིན་པར་གྲགས་ཤིང་། རྡོ་རིང་དེའི་རྩེ་མོར་སེངྒེ་བཞི་རྒྱབ་སྤྲོད་ཀྱི་ཚུལ་དུ་ཡོད་ཅིང་། སེངྒེ་རྣམས་ཀྱི་འོག་གདན་དུ་གཡས་ཕྱོགས་སུ་རྟ་མཆོག་དང་། གཡོན་ཕྱོགས་སུ་གླང་ཆེན་དང་། དཀྱིལ་དུ་འཁོར་ལོ་རྩིབས་ཉེར་བཞི་པ་ཞིག་བཅས་ཡོད། རྟ་མཆོག་གིས་སྟོབས་ཤུགས་དང་། གླང་ཆེན་གྱིས་འབད་བརྩོན་མཚོན་པ་ཡིན་ཞེས་གྲགས་ཤིང་། འཁོར་ལོས་ཆོས་ཀྱི་འཁོར་ལོ་དང་། སེངྒེ་རྣམས་ཀྱིས་སེམས་སྟོབས་དང་། སྲིད་པ་དང་ཞི་བའི་གཟི་བརྗིད་མ་ལུས་པ་མཚོན་ཞེས་མཁས་པ་ཚོས་བཞེད་པ་ཡིན། དེ་ཉིད་རྒྱ་གར་རང་དབང་ཐོབ་རྗེས་རྒྱལ་ཁབ་ཀྱི་ཆེ་བའི་རྟགས་མཚན་དུ་ངོས་འཛིན་གནང་བ་རེད། ཅེས་གསལ་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་ ༣༢༤ན༦ ནས་ ༣༢༨ན༢ བར།
[2] མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།
[3] དཔལ་ལྡན་ས་སྐྱ་པའི་གསུང་རབ། གྲུབ་མཐའ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༥༤
[4] དཔལ་ལྡན་ས་སྐྱ་པའི་གསུང་རབ། གྲུབ་མཐའ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༦༤
[5] མི་ཕམ་རིན་པོ་ཆེའི་གསུང་འབུམ། པོད། ༼༤༽ སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། ཤོག་གྲངས་ ༤༦
[6] མི་ཕམ་གསུང་འབུམ་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༥
[7] གུང་ཐང་སློབ་གཉེར་བསླབ་བྱ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༧
[8] ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། ༢༠༠༢ ལོ། ཤོག་གྲངས་ ༣༩
[9] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་། ༦༢ པ། ཤོག་གྲངས་ ༩༦༣
[10] སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར། ༼༦༽ བྱ་གཤོངས་འཇུག་འགྲེལ། ཤོག་ ༦ན༦
[11] རྒྱ་གར་རྒྱལ་རབས། སྟོད་ཆ། ལྡི་ལི་བོད་ཀྱི་ཁང་པ། ༢༠༠༢ ལོ། ཤོག་གྲངས་ ༣༠༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༣ ནས་ ༣༡༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།