༢༽ རྗེ་བཙུན་ཀ་མ་ལ་ཤཱི་ལའི་གསུང་།

༢༽ རྗེ་བཙུན་ཀ་མ་ལ་ཤཱི་ལའི་གསུང་།

 

དེ་བཞིན་བསྐྱེད་རིམ་གྱི་སྐོར་ལ། ༡༢༽ རྒྱུད་ཞི་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅིང༌། པཎྜི་ཏ་ཛྙཱ་ན་གུ་ཧྱ་དང༌། ཨང་ལོ་ཙཱ་བའི་འགྱུར། ༡༣༽ རྒྱུད་ཞི་པ་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅིང༌། པཎྜི་ཏ་ཛྙཱ་ན་གུ་ཧྱ་དང༌། ཨང་ལོ་ཙཱ་བའི་འགྱུར། ༡༤༽ རྒྱུད་ཞི་པ་ལ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅིང༌། པཎྜི་ཏ་ཛྙཱ་ན་གུ་ཧྱ་དང༌། ཨང་ལོ་ཙཱ་བའི་འགྱུར།

༡༥༽ རྒྱུད་ཞི་པ་ལ། འཇམ་དཔལ་ཁྲོ་བོར་སྒྲུབ་པ། རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅིང༌། པཎྜི་ཏ་ཛྙཱ་ན་གུ་ཧྱ་དང༌། ཨང་ལོ་ཙཱ་བའི་འགྱུར། བཅས་ནི་བསྐྱེད་རིམ་གྱི་ཆོས་སྐོར་རོ།།

གོང་གསལ་ཆོས་ཚན་ཁག་ ༡༥ བཞུགས་པའི་ཁྲོད་ནས་ཞི་བྱེད་ཀྱི་གཞུང་དེ་དག་ལས་མཛད་བྱང་དངོས་སུ་གསལ་བ་རྣམས། ཉི་ཧོང་ནས་པར་སྐྲུན་ཞུས་པའི་སྡེ་དགེ་བཀའ་བསྟན་དཀར་ཆག་དེབ་གཟུགས་དང་། དེ་བཞིན་དཔལ་ནཱལནྡཱའི་པཎ་ཆེན་བཅུ་བདུན་གྱི་རྣམ་ཐར་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་[1]། གཞན་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འཕགས་པ་སཱ་ལུ་ལྗང་པ་རྒྱ་ཆེར་འགྲེལ་བ་[2]བཅས་སུ་གོང་གསལ་ཆོས་ཚན་ ༡༥ དང་། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུར་བྲུལ་ཚོ་བདུན་དུ་བསྟན་པ་བཅས་བསྒོམ་རིམ་མཛད་པ་པོའི་ཀ་མ་ལ་ཤཱི་ལས་མཛད་པ་གཞིར་བཞག་གི་ཐོག་ནས་དེ་ཉིད་ཀྱིས་མཛད་པའི་གཞུང་གི་ཁོངས་སུ་གྲངས་འདྲེན་བྱས་འདུག་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས་[3]ཀྱང་། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ། སློབ་དཔོན་ཀ་མ་ལ་ཤཱི་ལས་གཏད་པ། ཞ་མ་ལོ་ཙཱ་བ་སེང་རྒྱལ་གྱིས་བསྒྱུར་ཞེས་བྱུང་ལ། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[4]། ཀ་མ་ལ་ཤཱི་ལས་མཛད་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨོང་ལོའི་འགྱུར། ཞེས་གསལ་ལོ།།

སྡེ་དགེ་བསྟན་འགྱུར་བོད་པར་དཀར་ཆག་[5]ནང་། ཕྱག་དཔེ་ངོ་མའི་མཇུག་ཏུ་མཛད་བྱང་དངོས་སུ་གསལ་མིན་ལ་མ་ལྟོས་པར། དང་པོ་བཅུ་གཅིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་ཅེས་དང་། ཕྱི་མ་བཞི་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅེས་བཀོད་འདུག་ཀྱང་། ཕྱག་དཔེ་ངོ་མའི་ནང་དང་པོ་ལྔ་ལ་མཛད་བྱང་མེད་ཅིང་། དགུ་པ་དང་བཅུ་གཅིག་གཉིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་ཅེས་དང་། དེ་བྱིངས་རྣམས་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅེས་བཀོད་ཡོད། པེ་ཅིན་པར་མའི་དཀར་ཆག་དང་ཕྱག་དཔེ་ངོ་མ་གཉིས་ཀའི་ནང་མཛད་བྱང་དངོས་སུ་གསལ་བ་རྣམས་ཀ་མ་ལ་ཤྲཱིས་མཛད་ཅེས་བཀོད་འདུག་པས། ཀ་མ་ལ་ཤྲཱི་དང་ཀ་མ་ལ་ཤཱི་ལ་གཉིས་མཚན་ཟུར་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ལ། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་སྣར་ཐང་བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ལས[6]། དེ་རྣམས་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤཱིས་མཛད། ཅེས་གསལ་ལོ།།

དེས་ན་གཞུང་དེ་དག་ཀ་མ་ལ་ཤཱི་ལའི་མཚན་ཅན་ཞིག་གིས་མཛད་དུ་ཆུག་ཀྱང་། སྒོམ་རིམ་མཛད་པ་པོ་དང་གཅིག་ཡིན་མིན་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལ་གསུམ་གང་ཟག་གཅིག་ཡིན་མིན་དང་། ཡང་ན་དེ་དག་ལས་གཞན་པའི་ཀ་མ་ལ་ཤཱིས་མཛད་སྙམ་པའི་དོགས་གཞི་ཆེ་ཞིང་། པར་མ་འདྲ་མིན་གྱི་དཀར་ཆག་ནང་ཕན་ཚུན་མི་མཐུན་པ་དང་། དཀར་ཆག་དང་ཕྱག་དཔེ་ངོ་མ་གཉིས་མི་མཐུན་པ་སོགས་མི་མཐུན་པ་ཆེས་མང་ཞིང་། ཡིད་བརྟན་འཕེར་བའི་གནས་སུ་མི་སྣང་བས་དཔྱད་པ་ཞིབ་ཏུ་བྱེད་དགོས་པར་སྣང་ངོ་།།

དེས་ན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་གཉིས་ནི་དམ་པ་རྒྱ་གར་ཏེ་ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པ་ལས། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་དང་། ཞི་འཚོ་ཡབ་སྲས་གཉིས་ལས་སྲས་སློབ་དཔོན་ཀ་མ་ལ་ཤཱི་ལའི་མཚན་གྱི་རྣམ་གྲངས་མིན་སྙམ། དེ་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས[7]། སློབ་དཔོན་ཀ་མ་ (དམ་པ་རྒྱ་གར་གྱི་མཚན་ཡིན་) ལ་ཤྲཱིས་མཛད་པའི་སྒྲོན་མ་སྐོར་དགུ་ལ། མན་ངག་སྐུའི་སྒྲོན་མ། མན་ངག་གསུང་གི་སྒྲོན་མ། ཡང་དག་ལྟ་བའི་སྒྲོན་མ། མན་ངག་སྒོམ་པའི་སྒྲོན་མ། མཉམ་ཉིད་བཞིའི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། བྱང་ཆུབ་སྤྱོད་པའི་སྒྲོན་མ། (ཨོང་ལོའི་འགྱུར།) རྣལ་འབྱོར་ལམ་གྱི་སྒྲོན་མ། གསང་བ་ཐུགས་ཀྱི་སྒྲོན་མ། (ལོ་བཙུན་ཆུང་གི་འགྱུར།) དེས་མཛད་པའི་མཎྜལ་གྱི་ཆོ་ག །དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག །ལོ་བཙུན་ཆུང་གི་འགྱུར།[8] ཞེས་གསུངས་པ་ལྟར། ཞི་བྱེད་སྒྲོལ་མ་དགུ་སྐོར་མཛད་པ་པོའི་ཀ་མ་ལ་ཤྲཱི་ཞེས་པ་དམ་པ་རྒྱ་གར་བ་སྟེ། ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་པ་དང་། དེ་བཞིན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་ལས[9]།

གྲུབ་ཐོབ་ང་བཞི་མཁའ་སྤྱོད་སོ་དྲུག་གི །

བཅུད་བརྙེས་དམ་པ་བོད་དུ་ལན་ལྔར་ཕེབས། །

རྣམ་ཐར་ཚུལ་མཐུན་འགྲོ་མང་བསྒྲལ་མཛད་པའི། །

དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ། །

ཞེས་པ་སྟེ། རྗེ་བཙུན་ཀ་མ་ལ་ཤཱི་ལས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན། བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཐུགས་དམ་བདེ་བར་གཤེགས་པ་བཅུ་གཉིས་སོགས་སངས་རྒྱས་གནམ་གྱི་སྐར་མ་ཙམ་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་ཞལ་གཟིགས་ཏེ་བྱིན་རླབས་དང་གདམས་པའི་བཅུད་བརྙེས་ནས་མཆོག་གི་དངོས་གྲུབ་ཐོབ། བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་བོད་དུ་ལན་ལྔར་ཕེབས། ཞེས་ཕ་དམ་པའི་མཚན་དུ་རྗེ་བཙུན་ཀ་མ་ལ་ཤཱི་ལ་ཞེས་གསུངས་པ་དང་། དེ་བཞིན་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[10]། བར་དུ་བྱུང་བའི་རྒྱུད་ཕྲན་ལ། གྲྭ་པ་དང་། ལྕེ་དང་། ལྗང་ལུགས་གསུམ་ལས། གཉིས་པ་བཟང་ཡུལ་གྱི་དགེ་བཤེས་ལྕེ་པ་ཞེས་བྱ་བ་ཡབ་སྲས་གཉིས་ལས། སྲས་ཟླ་བ་གྲགས་པ་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་། སྔགས་ཀྱི་ཡོན་ཏན་ཡང་ཕུན་སུམ་ཚོགས་པ་ཡོད་པ་ལ་ཕ་དམ་པ་སངས་རྒྱས་མ་མཇལ་བས་ཡིད་གདུངས་ཏེ། གང་ན་བཞུགས་རྩད་བཅད་པས། ཡེར་པ་ན་བཞུགས་པ་ཐོས་ཤིང་། ནམ་མཁའ་ནས་མཁའ་འགྲོ་མས་ཀྱང་ལུང་བསྟན་ཏེ། རིགས་ཀྱི་བུ་རྗེ་བཙུན་ཀ་མ་ལ་ཤཱི་ལ་ནི་སྡོམ་པ་གསུམ་ལྡན་གྱི་རྣལ་འབྱོར་པ་ཡིན་ཏེ། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཁྱེན་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པའི་སྒྲུབ་བརྒྱུད་ཀྱི་གདམས་པ་བར་མ་ཆད་པ་ཡིན་པས། རྗེ་བཙུན་དེ་ལ་ཆོས་ཞུས་ཤིག །ཅེས་བྱ་བའི་ལུང་བསྟན་བྱུང་བར་གསུངས་སོ༎

དེས་ན་ལུང་བསྟན་གྱི་ཚིག་ཟིན་ལ་ཡང་ཕ་དམ་པའི་མཚན་ལ་རྗེ་བཙུན་ཀ་མ་ལ་ཤྲཱི་ལ་དང་། རྣལ་འབྱོར་པ་ཞེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་མཐུན་ཞིང་། དེ་ཙམ་དུ་མ་ཟད་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཞི་བྱེད་སྔ་ཕྱི་བར་གསུམ་ལས། སྔ་མར་ཕ་དམ་པས་ཁ་ཆེ་ཛྙཱ་ན་གུཧྱ་ལ་ཞི་བྱེད་སྒྲོལ་མ་སྐོར་གསུམ་སོགས་གསུངས་པ་དང་། དེ་གཉིས་ཀ་ལས་ཨོང་པོ་ལོ་ཙཱ་བས་གསན་པར་གསུངས་པ་དང་། གཞུང་དེ་དག་གི་འགྱུར་བྱང་དུ་རྒྱ་གར་གྱི་མཁན་པོ་ཛྙཱ་ན་གུཧྱ་དང་། ཨོང་པོ་ལོ་ཙཱ་བས་བསྒྱུར་ཅེས་བཀོད་པ་དང་འབྲེལ་ཆེ་ཞིང་མཐུན་པར་སྣང་བ་དང་། དེ་བཞིན་དུ་རྒྱུད་པ་བར་མའི་རྒྱུད་ཕྲན་གྲྭ་པ་མངོན་ཤེས་ལ་ཕ་དམ་པ་སངས་རྒྱས་ཀྱིས་གོང་དུ་བཀོད་པའི་ཞི་བྱེད་སྒྲོལ་མ་དགུ་སྐོར་གྱི་གདམས་པ་གནང་ཞེས་ཤིན་ཏུ་གསལ་བར་བཀོད་འདུག་པས། ཆོས་འབྱུང་ལོ་རྒྱུས་ཕལ་ཆེ་བའི་གསུང་ཚུལ་ལ་གཞིགས་ན་གཞུང་དེ་དག་གི་མཛད་པ་པོ་སྒོམ་རིམ་མཛད་པ་པོའི་ཀ་མ་ལ་ཤཱི་ལ་མིན་པར་མངོན་ནོ།།

གོང་གསལ་ཞི་བྱེད་ཀྱི་གཞུང་དེ་དག་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་སྣར་ཐང་དཀར་ཆག་ཏུ། དེ་རྣམས་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་ཅེས་གསུངས་པ་བཞིན་གཞུང་དེ་རྣམས་ཀྱི་མཇུག་ཏུ་མཛད་བྱང་དངོས་སུ་གསལ་མིན་ལ་མ་ལྟོས་པར་རྩོམ་པ་པོ་སློབ་དཔོན་གཅིག་ཡིན་པ་ནི་གཞུང་དེ་རྣམས་ཀྱི་རྩོམ་འགྲོས་དང་། ཚིག་སྦྱོར་སོགས་ལ་གཟིགས་ནའང་མཁྱེན་པར་འགྱུར་རོ།།

དེས་ན་ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤྲཱི། ཀ་མ་ལ་ཤཱི་ལ་ཞེས་མཚན་ཟུར་མི་མཐུན་པ་གསུམ་བྱུང་བ་ལས་གང་འཐད་མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་བརྗོད་དཀའ་ཡང་། འགོས་ལོ་ཙཱ་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རྣམས་ཁུངས་ཐུབ་ཆེ་བས་མཁས་གྲུབ་དེ་གཉིས་ཀྱིས་གསུངས་པ་ལྟར་འཐད་ཕྱོགས་སུ་གཟུང་དགོས་པར་སྣང་བས། ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་ཆེ་བརྗོད་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལ་ཞེས་གསལ་བ་དང་། ཅིག་ཤོས་སློབ་དཔོན་པདྨའི་ངང་ཚུལ་གྱི་མཚན་གྱི་ཆེ་བརྗོད་ཁག་ཏུ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལ། སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལ། ཨཱ་ཙཱརྱ་ཀ་མ་ལ་ཤཱི་ལ་ཞེས་སཾ་བོད་གཉིས་ཀའི་མཚན་བསྟོད་ལ་སློབ་དཔོན་ཞེས་གསལ་བ་ལས། རྗེ་བཙུན་དང་། རྣལ་འབྱོར་ཞེས་པའི་ཆེ་བསྟོད་གཉིས་པོ་མི་གསལ་བས། རྗེ་བཙུན་ཀ་མ་ལ་ཤཱི་ལ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ཞེས་པ་ཕ་དམ་པ་སངས་རྒྱས་དང་། སློབ་དཔོན་ཀ་མ་ལ་ཤཱི་དང་། ཨཱ་ཙཱརྱ་ཀ་མ་ལ་ཤཱི་ལ་ཞེས་པ་སློབ་དཔོན་པདྨའི་ངང་ཚུལ་ཡིན་པ་མཁས་གྲུབ་རྣམ་གཉིས་ཀྱི་མཛད་རྣམ་ཁག་དང་འབྲེལ་ཆེ་ལ། རྒྱུ་མཚན་མང་བ་དང་། པཎ་གྲུབ་དེ་གཉིས་ཀྱི་གསུང་བཟང་རྣམས་ཀྱི་སྒྱུར་བྱེད་ལོ་ཙཱ་བའི་བར་ཁྱད་སོགས་ལས་རྣལ་འབྱོར་གྱི་དབང་ཕྱུག་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལའི་མཛད་བྱང་གསལ་བ་རྣམས་རྗེ་དམ་པ་རྒྱ་གར་བ་སྟེ་ཕ་དམ་པ་སངས་རྒྱས་ཀྱི་གསུང་ལ་ངོས་འཛིན་གྱིས་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་ཁོངས་སུ་འཇུག་འགོད་ཕྱོགས་སྒྲིག་ཞུས་མེད་པས་དེ་དོན་དགོངས་ཀློང་རྒྱ་མཚོར་མངའ་བ་དང་། གཞུང་ལུགས་རབ་འབྱམས་རྒྱ་མཚོར་མཁྱེན་པའི་སྤྱན་དཀྱུས་མཆོག་ཏུ་ཡངས་པ་རྣམས་ཀྱིས་ཞིབ་ཏུ་དཔྱད་པར་འཚལ་ལོ་ཞེས་ཀྱང་ཞུའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ། ༢༠༠༧ ལོ། ཤོག་གྲངས་ ༢༢༠

[2] སཱ་ལུ་ལྗང་པ་རྒྱ་ཆེར་འགྲེལ་པ། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ༢༠༡༠ ལོ། ཤོག་ ༤༥༥

[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༠༦

[4] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༢༩བ༤

[5] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༧༨

[6] བུ་སྟོན་གསུང་འབུམ། ༼ལ༽ བསྟན་འགྱུར་དཀར་ཆག །ཞོལ་པར་དཔེ་རིང་། ཤོག་གྲངས་ ༥༠ན༢

[7] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༠༥

[8] ཨང་ལོ་དང་། ཨོང་ལོ། བཙུན་ཆུང་རྣམས་ལོ་ཙཱ་བ་གཅིག་གི་མཚན་གྱི་རྣམ་གྲངས་སོ།།

[9] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༧༠

[10] དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༠༥༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༩ ནས་ ༡༩༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *