ཇ༽ རྒྱའི་སྐད་ཐོག་བཞུགས་པའི་དབྱིག་གཉེན་གྱི་གསུང་།

ཇ༽ རྒྱའི་སྐད་ཐོག་བཞུགས་པའི་དབྱིག་གཉེན་གྱི་གསུང་།

 

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[1]། རྒྱ་ནག་གི་སྐད་ཐོག་ཁོ་ནར་བཞུགས་པའི་དབྱིག་གཉེན་གྱིས་མཛད་པར་གྲགས་པའི་གཞུང་ནི། དམ་པའི་ཆོས་པདྨ་དཀར་པོའི་མན་ངག་དང་། བདེ་བ་ཅན་གྱི་ཞིང་གི་བཀོད་པའི་མདོའི་མན་ངག་དང་།

གཙུག་ན་རིན་པོ་ཆེས་ཞུས་པའི་ཆོས་བཞིའི་མདོའི་མན་ངག་དང་། ཆོས་འཁོར་བསྐོར་བའི་མདོའི་མན་ངག་དང་། ཚངས་པའི་ཁྱད་པར་འཕགས་པའི་བསམ་པས་ཞུས་པའི་བསྟན་བཅོས་དང་། སངས་རྒྱས་ཀྱི་རིགས་ཀྱི་བསྟན་བཅོས་དང་། ཕུན་སུམ་ཚོགས་པ་གསུམ་གྱི་མདོའི་མན་ངག་དང་། རྟོག་གེའི་བསྟན་བཅོས་དང་། ཞི་ལྷག་གི་སྒོའི་ཚིགས་སུ་བཅད་པ་དང་། སྒོ་དྲུག་གི་མན་ངག་གི་སྒོམ་པའི་བསྟན་བཅོས་སོགས་མང་ངོ་། །ཞེས་དང་། ཡང་དེ་ཉིད་ལས[2]། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་གཞུང་དག་ལ་འགྲེལ་བརྗོད་རོབ་བསྡུས་རེ་བྱས་ན། ས་བཅུ་པའི་མདོའི་འགྲེལ་པ་རྒྱ་ནག་ཏུ་འགྲོ་དོན་འཕྲིན་ལས་དར་བས་དེ་ཉིད་གཞི་རྩར་བཞག་པའི་སའི་བསྟན་བཅོས་ཀྱི་ཆོས་བརྒྱུད་བྱུང་། དམ་ཆོས་པད་དཀར་མན་ངག་དང་བདེ་ཅན་ཞིང་བཀོད་ཀྱི་མདོའི་འགྲེལ་པ་གཉིས་ལ་རྒྱ་ནག་དང་ཉི་ཧོང་དུ་དམིགས་བཀར་གྱིས་ཉམས་ཞིབ་བྱེད་མཁན་ཤིན་ཏུ་མང་། གང་ཡིན་ཟེར་ན་མདོ་དེ་གཉིས་གཞིར་རྩར་བཞག་པའི་ཆོས་ལུགས་ཡོད་པས་རྐྱེན་པས་ཡིན། དཔེར་ན། ད་ལྟ་ཉི་ཧོང་ཡུལ་དུ་དམ་ཆོས་པད་དཀར་གྱི་རྗེས་སུ་འབྲངས་པའི་ཉི་ཅི་རན་གྱི་ཆོས་བརྒྱུད་དང་། བདེ་ཅན་ཞིང་བཀོད་མདོའི་རྗེས་སུ་འབྲངས་པའི་དག་ཞིང་གི་ཆོས་བརྒྱུད་དང་། ཡང་དག་པའི་དག་ཞིང་ཆོས་བརྒྱུད་ཡོད་པར་མ་ཟད། ཡང་དག་པའི་དག་ཞིང་ཆོས་བརྒྱུད་ནི་ཉི་ཧོང་གི་ཆོས་བརྒྱུད་ཆེ་ཤོས་ཡིན་ལ། མདོ་སྡེ་རྒྱན་གྱི་འགྲེལ་པའི་ལེགས་སྦྱར་གྱི་ཕྱི་མོ་བཞུགས་པ་དང་། མཁས་པ་ན་རྒ་ཨོའི་ལེགས་སྦྱར་ནས་བོད་འགྱུར་དང་། རྒྱ་ནག་འགྱུར་གྱི་ཚིག་བྱང་དང་བོད་འགྱུར་ནས་ལེགས་སྦྱར་རྒྱ་ནག་འགྱུར་གྱི་ཚིག་བྱང་དང་། བཙུན་པ་ངོ་བོ་ཉིད་མེད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་དང་། བློ་གྲོས་བརྟན་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་སོགས་ཀྱང་བཞུགས་སོ།།

དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པའི་ལེགས་སྦྱར་ཕྱི་མོ་དང་། ལེགས་སྦྱར་ནས་བོད་འགྱུར་དང་། བོད་འགྱུར་ནས་ལེགས་སྦྱར་གྱི་ཚིག་བྱང་ཡང་ཡོད། ལས་གྲུབ་པའི་རབ་བྱེད་ནི་བོད་ཀྱི་གསུང་རྒྱུན་དུ་སེམས་ཙམ་པའི་གཞུང་ཡིན་པར་ངོས་འཛིན་བྱས་ཀྱང་བརྗོད་བྱའི་གཙོ་བོ་ནི་མདོ་སྡེ་པའི་གྲུབ་མཐའ་དང་། ལུང་དྲངས་པའི་མདོ་ཡང་མདོ་སྡེ་དགོངས་འགྲེལ་ཐེངས་གཅིག་ལུང་དྲངས་པ་ཕུད་དེ་མིན་ལུང་དྲངས་པ་རྣམས་ཉན་ཐོས་སྡེ་པའི་མདོ་ཤ་སྟག་ཡིན།

གཞན་ཡང་གཞུང་དེར་མཛོད་གནས་བཞི་པའི་དབུར་གསལ་བའི་བྱེ་བྲག་ཏུ་སྨྲ་བས་འདོད་པའི་དབྱིབས་ཀྱི་རྡུལ་ཕྲ་རབ་བཀག་ཀྱང་ཁ་དོག་གི་རྡུལ་ཕྲ་རབ་མ་བཀག་ཅིང་ཡོད་པར་བསྟན་ཡོད་ལ། ཉི་ཤུ་པར་རྡུལ་ཕྲ་རབ་བཀག་པ་དང་ཆེས་མི་མཐུན། དོན་སྙིང་ལས་གྲུབ་པའི་རབ་བྱེད་དུ་ཁ་དོག་གི་རྡུལ་ཕྲ་རབ་ཡོད་པར་བསྟན་ཡོད་པས་ཕྱི་དོན་ཡོད་པར་ཡང་དོན་ལ་བསྟན་པར་འགྲོ་ཞིང་། ཀུན་གཞི་རྣམ་ཤེས་བསྟན་ཀྱང་དེའི་གོ་དོན་ཐེག་བསྡུས་སོགས་སེམས་ཙམ་པའི་གཞུང་དུ་བཤད་པ་དང་མི་འདྲ། བློ་བཟང་ངང་ཚུལ་གྱི་ལས་གྲུབ་པའི་བཤད་པ་ཡོད་པར་མ་ཟད། ཕ་རན་སི་དང་ཉི་ཧོང་གི་འགྱུར་ཡང་ཡོད་དོ།།

ཕུང་པོ་ལྔའི་རབ་བྱེད་ཀྱང་གོང་དུ་རྒྱས་པར་ཞུས་ཟིན་པ་ལྟར། ཆོས་ཀྱི་དབྱེ་བ་སེམས་ཙམ་པའི་གཞུང་དང་མཛོད་ཀྱི་བར་དུ་གནས་ལ། སེམས་ཙམ་པའི་གཞུང་གི་སྔོན་འགྲོ་ལྟ་བུར་མངོན། བློ་བརྟན་དང་། ཡོན་ཏན་འོད་དང་། སའི་རྩ་ལག་བཅས་ཀྱི་ཕུང་པོ་ལྔའི་རབ་བྱེད་འགྲེལ་པ་བཞུགས། རྣམ་བཤད་རིག་པར་མདོ་དོན་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་ཚུལ་བཤད་པའི་ཆ་ནས་གལ་ཆེ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སེམས་ཙམ་པའི་གཞུང་གལ་ཆེ་ཤོས་ནི་ཉི་ཤུ་པ་དང་སུམ་ཅུ་པ་ཡིན་ལ། ཉི་ཤུ་པ་ལ་རང་འགྲེལ་དང་། དུལ་བ་ལྷའི་འགྲེལ་བཤད་བཞུགས་ལ། སུམ་ཅུ་པར་རང་འགྲེལ་མི་བཞུགས་རུང་། བློ་བརྟན་དང༌། དུལ་བ་ལྷའི་འགྲེལ་བཤད་བཞུགས་པར་མ་ཟད། ཧྱན་ཙང་གི་འགྱུར་རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཞེས་པའི་འགྲེལ་པའང་བཞུགས་ཤིང་། རྒྱ་ནག་དང་ཉི་ཧོང་དུ་ཤིན་ཏུ་ནས་གལ་ཆེ་བའི་གཞུང་ཡིན། ཉི་ཤུ་པ་དང་སུམ་ཅུ་པའི་ལེགས་སྦྱར་ཕྱི་མོའང་བཞུགས། མཚན་ཉིད་གསུམ་དམིགས་བཀར་སྟོན་པའི་གཞུང་རང་བཞིན་གསུམ་ངེས་པའི་ལེགས་སྦྱར་ཕྱི་མོའང་བཞུགས། རྟེན་འབྲེལ་རྣམ་བཤད་ཀྱི་ལེགས་སྦྱར་ཆ་ཤས་ཀྱང་བཞུགས་སོ། །ཞེས་གསལ་ལོ།།

གཞན་ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[3]། རྡོར་གཅོད་ཀྱི་འགྲེལ་པ་ལ་རྒྱ་ནག་ཏུ་འགྱུར་མི་འདྲ་བ་གསུམ་ཡོད། ལོ་ཙཱ་བ་ཆོས་སྦས་ཀྱི་འགྱུར་བམ་པོ་གཉིས་པ་འཕགས་པ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་དོན་བདུན་གྱི་རྒྱ་ཆེར་འགྲེལ་པ་ཐོགས་མེད་ཀྱིས་མཛད་པར་གསལ་བ་དང་། བྱང་ཆུབ་སྲེད་པའི་འགྱུར་རྡོར་གཅོད་ཀྱི་འགྲེལ་པ་བམ་པོ་གསུམ་པ། དབྱིག་གཉེན་གྱིས་མཛད་པར་གསལ་བ་དང་། རྒི་རྗོའི་འགྱུར་གྱི་རྡོར་གཅོད་འགྲེལ་པ་བམ་པོ་གསུམ་པ་རྩ་བ་ཐོགས་མེད་དང་། འགྲེལ་པ་དབྱིག་གཉེན་གྱིས་མཛད་པར་གསལ་ལ། གོང་གསལ་ཆོས་སྦས་ཀྱི་འགྱུར་ལ་རྩ་བ་མེད་ཅིང་བོད་འགྱུར་དུ་དབྱིག་གཉེན་གྱིས་མཛད་པར་གསལ་ཡང་མཁས་པ་ཨུ་ཨིས་ཐོགས་མེད་ཀྱིས་མཛད་པར་འདོད། རྩ་བ་ཁོ་ནའི་ལེགས་སྦྱར་ཕྱི་མོ་བཞུགས་ཤིང་། ཐོགས་མེད་ཀྱིས་མཛད་པར་གསལ་ཡང་ཨུ་ཨིས་རྩ་བ་བྱམས་པ་དང་། འགྲེལ་པ་ཐོགས་མེད་ཀྱིས་མཛད་པར་འདོད། ཉེ་ཆར་ལེགས་སྦྱར་གྱི་ཕྱི་མོ་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་ནས་ཀྱང་པར་སྐྲུན་བྱས་ཡོད་དོ། །ཞེས་གསལ་བ་ལྟར་དབྱིག་གཉེན་གྱིས་མཛད་པའི་གསུང་རྒྱའི་སྐད་ཁོ་ནའི་ཐོག་མང་དུ་བཞུགས་པ་རྣམས་བོད་སྐད་དུ་བསྒྱུར་རྒྱུ་ཡིན་པ་བཅས་སོ།།

མདོར་ན། སློབ་དཔོན་དབྱིག་གཉེན་གྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༣༩ དང་། གསུང་བཟང་གི་མ་ཡིག་མ་རྙེད་པ་གྲངས་ ༡༡ དང་། རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་རྒྱུའི་བསྟན་བཅོས་གྲངས་ ༡༨ བཅས་བསྟན་བཅོས་ ༦༨ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༣༩ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༥༨

[2] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༥༩

[3] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༥༡༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༩ ནས་ ༣༣༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *