གསུམ་པ། བོད་ཡིག་ཏུ་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར། ཀ༽ པ་ཚབ་ཀྱིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར།

གསུམ་པ། བོད་ཡིག་ཏུ་གསལ་བའི་ཀླུ་སྒྲུབ་ཀྱི་རྣམ་ཐར།

ཀ༽ པ་ཚབ་ཀྱིས་མཛད་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར།

 

༡༽ གཞུང་གི་ས་བཅད་དང་ཀླུ་སྒྲུབ་ལུང་དུ་བསྟན་ཚུལ།

 

དེ་ཡང་པ་ཚབ་ལོ་ཙཱ་བས་ (1055-?) མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ་ལས[1]། དབུ་མ་རྩ་བ་འདི་ལ་དོན་གཉིས་ཏེ། བཀྲ་ཤིས་པའི་ཡན་ལག་ཏུ་གྱུར་པའི་མཆོད་པ་བརྗོད་པ་དང་། མངོན་པར་འདོད་པ་གཞུང་གི་དོན་ནོ། །

དང་པོའི་སྐབས་སུ་བཞིས་རིག་པར་བྱ་སྟེ། མཛད་པ་པོའི་ཆེ་བ་བརྗོད་པ་དང་། རང་གི་བསྟན་བཅོས་ཀྱི་འབྲེལ་རྣམ་པར་བཞག་པ་དང་། མཚན་གྱི་དོན་གྱིས་དབུ་མ་ཉིད་དུ་བསྒྲུབ་པ་དང་། བཀྲ་ཤིས་པའི་ཡན་ལག་ཏུ་མཆོད་པའོ།།

དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ས་དང་པོ་ལ་གནས་པའང་སངས་རྒྱ་བར་ལུང་བསྟན་པའི་འཕགས་པར་གྱུར་པ། སྐུ་ཚེ་ལ་མངའ་བརྙེས་པ་སྟེ། དེ་ཡང་ལང་ཀར་གཤེགས་པ་དང་། མདོ་སྡེ་སྤྲིན་ཆེན་པོ་ལས་ས་དང་པོ་བསྒྲུབས་ཏེ། བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་པ་ནི། འཇིག་རྟེན་གྱི་ཁམས་དང་བའི་འོད་དུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་འོད་དུ་འཚང་རྒྱའོ་ཞེས་འབྱུང་སྟེ།

 

༢༽ བློན་པོའི་སྲས་སུ་འཁྲུངས་ཏེ་དགྲ་བཅོམ་མཇལ་ཚུལ།

དེ་ཡང་རྒྱ་གར་ནུབ་ཕྱོགས་སུ་བློན་པོ་གཅིག་གི་བུར་སྐྱེས་པ་ན། ལོ་བཅུ་གཉིས་ལོན་ནས་རྒྱལ་པོ་ཉ་ཆུ་རྔུའི་བློན་པོ་བྱེད་པ་སྟེ། རྒྱལ་པོ་དེས་ལུང་པའི་ཕུ་ན་རི་དྭགས་མང་པོ་རྔོན་པས་བཤོར་བ་ཐོས་ནས་རྔོན་པ་རྣམས་བསྐྲད་པའི་ཕྱིར། བློན་པོའི་བུ་རྣམས་མདའ་གཞུ་དང་བཅས་ཏེ་ཁྲིད་ནས་ཕྱིན་པ་དང་། རྔོན་པ་མ་རྙེད་དེ་རི་དྭགས་མིས་མ་གཙོས་པ་བྱིས་པ་མདའ་གཞུ་ཅན་ལ་བྲོས་པ་དང་། ཀླུ་སྒྲུབ་ལོ་བཅུ་གཉིས་ལོན་པ་དེ་ན་རེ། རྒྱལ་པོ་མདའ་གཞུ་བཞག་ལ་འདོང་། རི་དྭགས་བྲེད་པས་སླར་གནོད་པ་བྱས་པར་འོང་ཟེར་བས། རྒྱལ་པོ་ན་རེ། ཁྱོད་རང་འཇོག་ན་ཞོག་ངེད་གཞན་མི་འཇོག་ཅེའོ། །དེས་མདའ་གཞུ་བཞག་སྟེ་ཕྱིན་པས་རྔོན་པ་མ་རྙེད་ནས་ལོག་པའི་ལམ་དུ་དགྲ་བཅོམ་པ་གཅིག་གིས་ཀླུ་སྒྲུབ་དམ་བཅའ་བརྟན་པར་གོ་ནས། དེ་བརྟག་པའི་དོན་དུ་ཤིང་སྡོང་ཤིང་ཐོག་ངོ་མཚར་ཅན་མང་པོ་སྤྲུལ་ནས་བྱིས་པ་དེ་རྣམས་གང་བྱེད་བལྟས་པས། བྱིས་པ་རྣམས་ལོག་པ་དང་ཤིང་ཐོག་བཟའ་བར་འདོད་དེ། རྒྱལ་བུས་ཤིང་ཐོག་མ་ཕེབས་ཀྱི་བར་དུ་ཁྱིམ་དུ་མི་འདོང་ཞེས་དམ་བཅའ་བ་བྱས་ཏེ་རྡོ་འཕངས་པས་ཉི་མ་རྒས་སུ་ཉེ་བའི་བར་དུ་ཤིང་ཐོག་མ་ཕེབས་པས། གཞན་རྣམས་ད་ཁྱིམ་དུ་འདོང་ཞེས་ཆས་པ་དང་། དེ་ན་རེ། ད་ཅི་དམ་བཅས་ནས་ད་འགྲོ་བ་ག་ན་འོང་ཟེར་བས། གཞན་ན་རེ། ངེད་འགྲོ་ཟེར་ཏེ་དོང་ངོ་། །ཀླུ་སྒྲུབ་ཀྱིས་ཉི་མ་ནུབ་ཀྱི་བར་དུ་རྡོ་འཕངས་པས། ཉི་མ་ནུབ་པ་དང་དགྲ་བཅོམ་པས་ཤིང་ཐོག་ལ་ཕོག་སྟེ་བྲུལ་བར་སྤྲུལ། དེ་ཁྱེར་ཏེ་ཕྱིན་པས་གྲོང་ཁྱེར་གང་ཡིན་ཆ་མེད་པ་གཅིག་གི་ལྷ་ཁང་སྟོང་པ་གཅིག་ཏུ་མཚན་མོ་ཉལ་བ་དང་། ནང་པར་དེའི་དྲུང་ན་དགེ་འདུན་གྱི་གཙུག་ལག་ཁང་ཆེན་པོ་གཅིག་འདུག་པ་མཐོང་སྟེ་དེར་བཟའ་བ་བླངས་ཏེ་ཕྱིན་ནོ།།

 

༣༽ རབ་ཏུ་བྱུང་སྟེ་ནཱ་ལེནྡྲའི་ཞལ་ཏ་བ་མཛད་ཚུལ།

དེ་ནས་མི་རྒན་པ་བཞི་རབ་ཏུ་འབྱིན་པའི་གོས་བསྡོགས་ཏེ་སྐྲ་བབྲེག་པ་བྱིས་པ་དེས་མཐོང་ནས་དེ་དག་ལ་འདི་ཅི་བྱེད་པ་ཡིན་དྲིས་པས། འདི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཡིན། འདི་ལ་བརྟེན་ནས་ལམ་བསྒྲུབས་པས་བུ་ཏ་ ༼བུདྡྷ་༽ ཐོབ་བོ་ཞེས་པ་དང་། བྱིས་པ་དེ་དད་པ་སྐྱེས་ཏེ་རང་གི་ཕ་མ་དང་ཉེ་དུ་ལ་སོགས་པ་མ་དྲན་པར་ང་ཡང་རབ་ཏུ་འབྱུང་སྙམ་སྟེ། དེ་རྣམས་ལ་ཞུས་པས། དེ་རྣམས་ན་རེ། ཁྱོད་དད་པས་རབ་ཏུ་འབྱུང་བ་ངེད་ཀྱིས་ད་གནང་སྟེ། ཕ་མས་ཅང་གནང་ངམ་བྱས་པ་དང་། ཕ་མས་ནི་གནང་བའི་རྒྱུ་མཚན་མེད་དེ་ང་རང་དད་པས་གོས་ཀྱང་ཞུ་བྱས་པས་དེ་རྣམས་ཀྱིས་རབ་ཏུ་ཕྱུང་སྟེ་ལྷན་ཅིག་ཏུ་གནས་པ་ལས། འཕགས་པའི་བསམ་པ་ལ་རབ་ཏུ་བྱུང་ནས་གནས་སུ་བསྡད་པས་ཕན་མེད་པས་བསོད་སྙོམས་ལ་སོགས་པའི་སྦྱངས་པའི་ཡོན་ཏན་ལ་གནས་དགོས་སྙམ་སྟེ། དེ་ནས་བྱུང་ནས་ཉི་མ་མང་པོར་ཕྱིན་པ་དང་། དཔལ་ན་ལེན་ཏྲའི་གཙུག་ལག་ཁང་དུ་ཕྱིན་ཏེ་དགེ་སློང་འབུམ་ཚོ་ལྔ་གཟར་ཁ་གཅིག་ལ་གསོལ་བས། ཆེར་པཎྜི་ཏ་འབའ་ཞིག་བཞུགས་པ། ཁ་གཅིག་བསམ་གཏན་པར་བཞུགས་པ་རྣམས་མཐོང་བས་འཕགས་པ་དད་པ་སྐྱེས་ཏེ་དགེ་འདུན་འདི་རྣམས་ཀྱི་ཞལ་ཏ་ལོ་གཅིག་བྱ་ཞེས་ཞུས་པས། ཁྱོད་དད་པས་བྱེད་པ་ལ་གནང་ཞེའོ།།

 

༤༽ གསེར་འགྱུར་རྩིས་དགེ་འདུན་གྱི་འཚོ་བ་སྦྱར་ཚུལ།

འཕགས་པས་ཞལ་ཏ་མཛད་པའི་ལོ་ལ་ཆར་མ་བབ་སྟེ་ལོ་ཏོག་གཏན་མེད་ནས། དེའི་ལོ་ཕྱི་མ་ལ་ཡང་མ་བབ་སྟེ་ལོ་བཅུ་གཉིས་སུ་ཆར་མེད་དེ་སྲོག་ཆགས་ཐམས་ཅད་ཤི །ལོ་བཅུ་གཉིས་སུ་སློབ་དཔོན་གྱིས་དགེ་འདུན་གྱི་དཀོར་མཛོད་ཀྱི་ལྕགས་ལ་གསེར་འགྱུར་གྱི་རྩིའི་སྔར་ནས་མཁྱེན་པས་གསེར་དུ་བསྒྱུར་ཏེ། རྒྱལ་ཁམས་གཞན་དང་གླིང་གཞན་ནས་འབྲས་དྲངས་ཏེ་དགེ་འདུན་གྱི་གདུགས་ཚོད་ལོ་བཅུ་གཉིས་སུ་སྦྱར་རོ། །དགེ་འདུན་རྣམས་ལྕགས་རིའི་ཕྱི་རོལ་ཏུ་གཏན་མི་འབྱུང་བས། ཕྱི་ན་མི་དང་གླང་པོ་ཆེ་ལ་སོགས་པ་མང་པོ་ཤི་བའི་ཀེང་རུས་མང་པོས་གང་བར་གྱུར་པ་དང་། དུས་ནམ་ཞིག་ན་དགེ་སློང་གཉིས་ཀྱིས་སྒོམ་བརྩོན་བླ་མ་ཡོང་བ་གཉིས་ཕྱིར་བྱུང་ནས་དུར་ཁྲོད་དུ་མི་གཙང་བ་སྒོམ་དུ་འགྲོ་བ་ལས་ལྕགས་རིའི་ཕྱི་རོལ་ཐམས་ཅད་ཀེང་རུས་ཀྱིས་ཁེངས་པ་མཐོང་ནས་ཞལ་ཏ་བ་ལ་དྲིས་པས། སྔར་གྱི་ལོ་བཅུ་གཉིས་སུ་ཆར་མ་བབ་པས་གླང་པོ་ཆེ་ལ་སོགས་པ་ཁ་བཏག་པའི་ལོ་རྒྱུས་བསྙད་པས། འོ་ན་དགེ་སློང་རྣམས་ཀྱི་འཚོ་བ་ཅི་བྱས་དྲིས་པས། གསེར་འགྱུར་གྱི་རྩི་བྱས་ཏེ་གསེར་བཙོངས་ནས་བྱས་ཞེས་པ་དང་། དེ་མ་ལེགས་ཟེར་ཏེ་ནང་དུ་ལོག་ནས་དུས་མ་ཡིན་པའི་གཎྜི་བརྡུངས་པས་ཀུན་ཚོགས་ཏེ་ཉེས་པ་ཅི་བྱུང་ཟེར་བ་ལ། དགེ་སློང་གཉིས་པོས་སྔར་གྱི་ཞལ་ཏ་བའི་ལོ་རྒྱུས་བརྗོད་པས་དགེ་སློང་རྣམས་ན་རེ། ཤིན་ཏུ་མ་ལེགས། ཆར་མ་བྱུང་བ་དགེ་འདུན་རྣམས་སྦྲན་པས་མཐུ་དང་ལྡན་པ་མང་པོ་བཞུགས་པས་ཆར་ཕབ་ནས་སེམས་ཅན་མི་འཆི་བ་ལ། ཚོང་བྱས་ཏེ་འཚོ་བ་བྱས་པས་ལོག་འཚོ་ལ་བཀོད་པ་དང་། སེམས་ཅན་མང་པོ་ཤི་བ་ལ་ཡལ་བར་དོར་བས་སྙིང་རྗེ་ཡངས་པའི་ཉེས་པ་གཉིས་བྱུང་ཞེས་འཕགས་པ་ལ་གྱོད་བརྡལ་ནས། དེར་དགེ་སློང་ཁ་ཅིག་གིས་ཆར་ཕབ། ཁ་ཅིག་གིས་འབྲས་ཀྱི་ཆར་ཕབ། ཁ་ཅིག་གིས་ཕྱོགས་སྐྱོང་བཅུ་བཀུག་ནས་ཁྱོད་ཀྱིས་བུདྷའི་སྤྱན་སྔར་བསྟན་པ་བསྲུང་བར་ཁས་བླངས། བུདྷའི་འཁོར་རྣམས་ཀྱི་བར་ཆད་ཐམས་ཅད་བསྲུང་བར་ཁས་བླངས་ནས་འདི་ལྟར་ལོ་མང་པོ་ཆར་མི་འབེབས་པ་མ་ལེགས་བྱས་ནས་གྱོད་བརྡལ་བས། དེ་དག་ན་རེ། བུདྷ་སེམས་ཅན་ཀུན་ལ་ཐུགས་རྗེ་ཆེ་བ་མིན་ནམ་ཟེར། ཡིན་བྱས་པས། འོ་ན་བུདྷས་སེམས་ཅན་འདི་ཙམ་ཤིར་བཅུག་ནས་ཕོད་ཟེར་བ་དང་། དགེ་སློང་རྣམས་ཀྱིས་དེ་སེམས་ཅན་གྱི་ལས་ཀྱིས་ལན་པ་ཡིན་བྱས་པ་དང་། ཕྱོགས་སྐྱོང་རྣམས་ན་རེ། དེ་ངེད་ཀྱིས་ཆར་ལ་སོགས་པ་དུས་སུ་དབབ་པར་ཁས་བླངས་ཀྱང་སེམས་ཅན་གྱི་ལས་ཀྱིས་མ་ཕེབས་པ་ཡིན་ཟེར་རོ། །དེའི་གཏིང་ལ་དགེ་སློང་རྒན་ཞུགས་རྣམས་ཀྱིས་ཁྱད་པར་དུ་ཞལ་ཏ་བ་ལ་ཁྱོད་ལྟ་བུའི་འཕགས་པ་ཡོང་བ། སེམས་ཅན་ཤི་ཡང་མི་སྦྲོན་བར་ཤིར་བཅུག །དགེ་འདུན་ལོག་འཚོ་ལ་སྦྱར་ཞེས་སྤྱོས་པས། འཕགས་པ་མ་དགྱེས་ཏེ་གནས་སུ་བསྡད་པས་ཕན་མི་འདུག་གིས་ཕན་བཏགས་ན་སླར་རྒོལ་སྙམ་སྟེ།

 

༥༽ དཔལ་རིར་བྱོན་ནས་ཚེ་སྒྲུབ་མན་ངག་ཞུས་ཚུལ།

ཤི་ལེན་ཏྲ་ནས་བྱུང་སྟེ་རྒྱ་གར་ནུབ་ཕྱོགས་དཔལ་གྱི་རི་བྱ་བ་ལ་མུ་སྟེགས་པ་ཚེ་སྒྲུབ་པ་དྲང་སྲོང་འབྱ་ག་ན་དཔོན་གཡོག་ཡོད་པས་དེའི་དྲུང་དུ་ཕྱིན་ཏེ་ཚེ་བསྒྲུབས་ལ་སེམས་ཅན་གྱི་དོན་བྱ་སྙམ་ནས། དེར་ཕྱིན་པ་དང་རི་ཆེན་པོ་ཞིག་གི་མཐའ་ལ་རྡོ་རྗེའི་འདམ་གྱིས་བསྐོར་ཏེ་སུས་ཀྱང་མི་ཐར་བ་ཡོད་པ་ལ། རྟེན་འབྲེལ་གྱི་ཆེ་བས་རྩྭ་གཅིག་ལྷམ་ལ་བཅུག་ན་འདམ་དེས་མི་འབྱིང་བས། སློབ་དཔོན་གྱིས་མཆིལ་ལྷམ་གྱི་བར་དུ་རྩྭ་བཅུག་ནས་ཕྱིན་པས་འདམ་གྱི་སྟེང་ན་ཕར་ཕྱིན་པ་དང་། རིའི་རྩེ་མོའི་འབྱ་གའི་འཁོར་གྱི་དགེ་སྦྱོང་གི་གཟུགས་ཅན་གཅིག་བྱུང་ཞེས་བྱས་པ་དང་། འབྱ་གི་ན་རེ། དེ་ཡོན་ཏན་ཅན་གཅིག་ངེས་པར་ཡིན་པས་རོལ་མོ་ཁྱེར་ལ་བསུ་བ་བྱའོ་ཞེས་བསུས་ནས་ཕྱག་བསྟབས་པས། སློབ་དཔོན་གྱི་འབྲེལ་མ་བྱས་པར་ཕྱག་མ་བྱེད། ཡོན་ཏན་སུ་ལ་ཡོད་ཆ་མེད་པས་ཕན་ཚུན་དུ་ཕྱག་མི་བྱ་ཞེས་གསུངས་པས་ཕྱག་མ་བྱས་པར་ཕྱིན་ཏོ། །དེ་ནས་དེ་ལ་ཁྱོད་ཅིའི་ཕྱིར་འདིར་འོངས་བྱས་པས། ང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཚེ་སྒྲུབ་པའི་མན་ངག་འདོད་པས་ང་དེ་ཞུར་འོངས་བྱས་པས། དེ་ངས་སྦྱིན་པས་བྱིན་གྱི་གཏིང་ལ་རི་འདི་ལས་གཞན་དུ་འགྲོ་དབང་མེད་དེ་ཁྱོད་ལ་རྟེན་འབྲེལ་གྱི་ཁྱད་པར་གཅིག་ལུས་ལ་ཡོད་དེ་འོང་བས། དེ་བཙལ་ནས་སྦེད་བྱས་པས། སློབ་དཔོན་བྲེད་ནས་དེ་ལྟ་ན་ང་ཚེའི་མན་ངག་མི་ཞུ། ང་སེམས་ཅན་གྱི་དོན་དུ་ཚེ་སྒྲུབ་པ་ལ་དེ་ལྟ་ན་དོན་མི་འགྲུབ་བྱས་ཏེ་ཕྱིར་བྱོན་ནས།

 

༦༽ ཁ་ཆེར་ཀླུ་རྒྱལ་གྱིས་འཆི་མེད་བདུད་རྩི་ཕུལ་ཚུལ།

རྒྱ་གར་ནུབ་ཕྱོགས་ནས་མར་བྱོན་ཏེ་ཁ་ཆེའི་རྒྱལ་ཁམས་སུ་བྱོན། དེ་ན་ཀླུའི་རྒྱལ་པོ་ཀུན་གྱི་གནས་བཞུགས་པས་དེར་བྱོན་ཏེ། དེར་མི་འཆི་བའི་བདུད་རྩི་བླངས་ཏེ་འཐུངས་པས་ལོ་དྲུག་བརྒྱ་ཐུབ་པར་གྱུར་ནས་བདུད་རྩི་དེས་སེམས་ཅན་ཀུན་གྱི་མི་འཆི་བར་བྱ་བའི་དོན་དུ་མི་ཡུལ་དུ་ཁྱེར་ཏེ། རི་གཅིག་གི་གཤོང་ན་མཚོ་ཆེན་པོ་གཅིག་ཡོད་པར་བདུད་རྩི་བླུགས་ནས། དེ་དང་བསྲེས་ནས་དཀྲུག་ཅིང་ཡོད་པ་ལ་བདུད་ཀྱིས་བར་ཆད་བྱས་ཏེ་མཚོ་དེར་སྒྲ་དང་ཆས་ཏེ་ནམ་མཁའ་ལ་བྲག་ཆད་ནས་མཚོ་བྲག་གིས་གང་བར་གྱུར་པ་དེ་ད་རུང་ཡོད་ཅེའོ། །དེ་ནས་སློབ་དཔོན་ཐུགས་མུག་སྟེ་སེམས་ཅན་རང་གི་ལས་ཀྱིས་ཅི་བྱས་ཀྱང་མི་ཕན་པར་འདུག་པས། ང་རང་བསྒྲུབ་སྙམ་ནས་དགོན་པ་ཧ་ར་བ་ན་དང་། དབུས་པ་ཝ་ན་གཉིས་སུ་བཟུང་ནས་དེ་གཉིས་ཀྱི་བར་ན་རི་ཆེན་པོ་གཅིག་ཡོད་པས་ཕན་ཚུན་དུ་འགྲོ་བའི་ལམ་མཁའ་འགྲོ་མ་ལ་བསླངས་ཏེ་རི་བུག་པ་ཕུག་ནས་གསང་ད་རུང་ཡོད་ཅེའོ། །དེ་ལྟ་བུའི་ཡོན་ཏན་ཅན་གྱིས་མཛད་པའོ། །ཞེས་བྱུང་ངོ་།།

 

༧༽ གཞུང་འདིའི་མཛད་པ་པོ་ལ་དཔྱད་པ།

གཞུང་འདི་ཉིད་ཀྱི་ཡིག་རྙིང་མཚན་བྱང་དུ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མའི་འགྲེལ་པ་ཞེས་བྱ་བ་བཞུགས་སོ། །ཞེས་དང་། མཚན་བྱང་གི་གཤམ་དུ་འཁྱུག་ཡིག་ཐོག །འདི་སློབ་དཔོན་ཟླ་གྲགས་ཀྱིས་མཛད་པ་མིན་པར་པ་ཚབ་ལོ་ཙཱས་མཛད་པ་ཡིན་འདུག །ཅེས་བཀོད་འདུག་ལ། གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ་ནས་པར་སྐྲུན་གནང་བའི་ཕྱག་དེབ་ཀྱི་མཚན་བྱང་དུ། དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀ་སྒྲོན་མ་གསལ་བྱེད། པ་ཚབ་ལོ་ཙཱས་མཛད། ཅེས་བཀོད་འདུག་ཀྱང་། གཞུང་དངོས་ཀྱི་མཛད་བྱང་ལས[2]། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱིས་སྦྱར་བ། ཚིག་གསལ་བའི་དཀའ་བ་བཤད་པ། བླ་མ་ཚོང་དཔོན་པཎྜི་ཏའི་གདམས་ངག་ལ་བརྟེན་ནས་ ༼པ་ཚབ་ཀྱི་མཆན།༽ སྦྱར་བའོ། །ཞེས་འབྱུང་བས་དཔྱད་དགོས་པར་སྣང་ལ། བསྟན་བཅོས་འདི་ཉིད་ཀྱི་དབུ་རྒྱ་གར་སྐད་དང་། འགྱུར་ཕྱག །མཇུག་ཏུ་སྒྲ་བསྒྱུར་ལོ་པཎ་གྱི་མཚན་སོགས་མི་གསལ་ལ། བསྟན་བཅོས་སྤྱིའི་ཚིག་འགྲོས་སོགས་ལ་བརྟགས་ནའང་བོད་མ་ཡིན་པ་ལས་རྒྱ་གཞུང་ཡིན་བཟོ་མི་སྣང་ངོ་།།

དཔེ་འདིའི་མ་ཕྱི་ཡིག་རྙིང་ཡིན་པར་མ་ཟད། དབུ་མེད་ཅིག་ཡིན་པས་ཡིག་འབྲུ་མི་གསལ་བ་དང་། མ་དག་པའི་ཆ་གང་མང་ཞིག་མཆིས་མོད། ཤིན་ཏུ་དཔེ་དཀོན་ཞིག་ཡིན་པས་གོ་དཀའ་བ་དང་། མི་གསལ་བ་རྣམས་མ་གཏོགས་བརྡ་སྤྲོད་དང་བསྟུན་ཅི་ཐུབ་ཀྱིས་དག་བཅོས་བྱས་ཡོད་པས་དེ་ལུགས་དགོངས་འཇགས་འཚལ་ཞེས་དཔེ་སྒྲིག་པས་གསལ་བཤད་གནང་འདུག་པ་ལྟར་འདིར་ཡང་དེ་ལྟར་རོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྩ་ཤེས་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ། བླ་རུང་ལྔ་རིག་ནང་བསྟན་སློབ་ཆེན། ཤོག་གྲངས་ ༡ ནས་ ༦ བར།

[2]  རྩ་ཤེས་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ། གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གྲྭ་ཆེན་མོ། ཤོག་ ༣༨༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༡༩ ནས་ ༥༢༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *