༣༽ མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག

༣༽ མར་པ་ལོ་ཙཱ་བ་ཆོས་ཀྱི་དབང་ཕྱུག

 

མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་མཆོག་ནི།[1] བཀའ་བསྟན་གྱི་འགྱུར་བྱང་དུ་མར་པ་ཆོས་ཀྱི་དབང་ཕྱུག་དང་། ལོ་ཙཱ་བ་ཨཱ་ཙཱརྱ་མར་པ་ཆོས་ཀྱི་དབང་ཕྱུག་སོགས་ཀྱང་གསལ་ཡོད། ཁོང་ནི་རབ་བྱུང་དང་པོའི་ཆུ་རྟ་སྟེ་ཕྱི་ལོ་ ༡༠༤༢ ལོར་ཡར་འབྲོག་བླ་དོའི་རྒྱགས་སུ་ཡབ་དགེ་བཤེས་ཆོས་རྒྱལ་གྱི་སྲས་སུ་སྐུ་འཁྲུངས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[2]། མར་པ་སྟེ།

སུམ་སྟོང་བརྒྱ་དང་ཞེ་བཞི་འདས་པའི་ཞེ་ལྔ་པ་ཆུ་ཕོ་བྱི་ (ཕྱི་ལོ་ ༡༠༡༢) ལོ་མར་པ་བལྟམས། ཞེས་དང་། ཡང་དེ་ཉིད་ལས། མར་ལོ་འདི་འབྲོག་མི་བས་ལོ་བཅུ་དགུས་གཞོན་ཞིང་། རང་ལོ་བཅོ་ལྔ་པ་ལ་མུ་གུ་ལུང་དུ་འབྲོག་མི་ལ་སྒྲ་ཐད་ཀློག་སོགས་བསླབས། ཕྱིས་རྒྱ་གར་དུ་ལན་གསུམ་པ་བྱོན་པའི་ཚེ་རང་ལོ་ཞེ་གསུམ་པ་ཡིན་ལ། དེ་ཇོ་བོ་བོད་དུ་བྱོན་པ་དང་ལམ་དུ་མཇལ་མཐར་རང་ལོ་གྱ་བཞི་པ་ཚེས་བཅུའི་ཉིན་དག་པའི་ཞིང་དུ་གཤེགས་སོ། །དེས་ན་འདི་བྱོན་པའི་ཆུ་ཕོ་བྱི་ལོ་ནས་ད་ལྟའི་བར་དུ་ལོ་ལྔ་བརྒྱ་དང་ང་གཉིས་ལོན། ལོ་འདི་ཕྱི་དར་ས་མོ་བྱ་ནས་རེ་བཞི་པ་ཡིན་ཅིང་། འདི་དང་གྲྭ་པ་མངོན་ཤེས་དགུང་མཉམ་དང་། ཁུ་རྔོག་འབྲོམ་གསུམ་གྱི་ཟླས་ཕྱེ་བའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གཉིས་འདི་བས་ལོ་གཅིག་གིས་བགྲེས་པ་ཡིན་ཟེར་རོ། །ཞེས་བྱུང་ངོ་།།

སྒྲ་སྒྱུར་ལོ་རྒྱུས་སུ། རོང་ཟོམ་ཆོས་ཀྱི་བཟང་པོ་དང་གོ་རུབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་[3]གཉིས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་སྐོར་རྣམས་ལ་ལེགས་པར་སྦྱངས། དེ་ནས་བལ་ཡུལ་དུ་ཕེབས་ཏེ་ལྷོ་བྲག་མར་པ་དང་མཇལ་ཞིང་། མར་པའི་གསུངས་ལྟར་རྒྱ་གར་དུ་ཕེབས་ནས་ནཱ་རོ་པའི་སློབ་མ་མ་ན་ཀ་ཤཱི་སྟེ་ཡེ་ཤེས་དཔལ་སོགས་ལ་བསྟེན་ནས་ནཱ་རོ་པའི་ལུགས་ཀྱི་བདེ་མཆོག་གི་དབང་དང༌། རྒྱུད། མན་ངག་རྣམས་ལེགས་པར་གསན། སླར་བལ་ཡུལ་དུ་ཕེབས་ཏེ་ཕམ་མཐིང་བ་དང༌། གཅུང་པོ་ངག་གི་དབང་ཕྱུག་གཉིས་ལས་ནཱ་རོ་པའི་ཆོས་སྐོར་མང་དུ་གསན། མཁས་པ་སུ་མ་ཏི་ཀཱིརྟི་ལ་བསྟེན་ནས་བདེ་མཆོག་སྐོར་གྱི་འགྱུར་ཡང་མང་དུ་མཛད།[4] ཅེས་གསལ་ལོ།།

རྒྱ་གར་དུ་ཕེབས་ནས་བླ་མ་གང་དག་བསྟེན་ནས་གདམས་པ་ཇི་ལྟར་ཞུས་པ་དང་། བོད་དུ་རྗེས་འཇུག་གི་སློབ་མ་གང་དག་བསྐྱངས་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[5]། འཕགས་ཡུལ་དུ་ལན་གསུམ་བྱོན། བཀའ་བབས་ཀྱི་བླ་མ་བཞིའི་ཟབ་དོན་བདུད་རྩི་ལོངས་སྤྱད་པས། བཀའ་བརྒྱུད་ཅེས་པའི་སྒྲ་བོ་ཆེ་འདི་ཁོང་ནས་དར་བ་ཡིན་ལ། དེ་ཡང་ཏིལ་ལོ་པ་ལ་བཀའ་བབས་བཞི་ཇི་ལྟར་བྱུང་ན། ཕྱག་རྡོར། ས་ར་ཧ། ལོ་ཧི་པ། ཌེ་ཾཀི་པ་ལས་བརྒྱུད་པ་དང་པོ་ཕྱག་ཆེན་གྱི་བཀའ་བབས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། ཀླུ་སྒྲུབ། མ་ཏང་ཀི་ལས་གཉིས་པ་ཕ་རྒྱུད་ཀྱི་བཀའ་བབས། མཁའ་འགྲོ་མ་སུ་མ་ཏི། ཐང་ལོ་པ་ཤིང་ལོ་པ། ཀརྞ་རི་པ་ལས་གསུམ་པ་མ་རྒྱུད་ཀྱི་བཀའ་བབས། བིར་ཝ་པ། ཌོམྦྷི་པ། བི་ན་པ། ལ་བ་པ། ཨིནྡྲ་བུ་ཏི་ལས་བཞི་པའི་བཀའ་བབས་སོ།།

དེ་ཡང་ཏིལ་བརྡུང་ཞིང་དངོས་གྲུབ་བརྙེས་པས་ཏིལ་ལོ་པ་ཞེས་བྱའི། །ཏྲེ་ལོ་པ་ཞེས་དང་། ཏེ་ལ་སྟེ་ཞེས་པའི་གླུ་ལེན་ཏེ་ལེ་པ་ཞེས་འཆད་པ་ནི་མ་དག་པ་ཁོ་ནའོ། །དེ་ལྟ་བུའི་མར་ལོས། འཕགས་ཡུལ་དུ་བླ་མ་བརྒྱ་རྩ་བརྒྱད། བཤད་སྲོལ་འཛིན་པ་ལྔ་བཅུ། སྣང་བ་འགྱུར་ངེས་བཅུ་གསུམ། ཁྱད་པར་དུ་འཕགས་པའི་བླ་མ་བཞི་རྣམས་བསྟེན་པ་ལས། ཕྱི་མ་བཞི་ནི་བྱང་ཕུ་ལ་ཧ་རིར་ནཱ་རོ་པ་བསྟེན། རྒྱུད་ཀྱཻ་རྡོ་རྗེ་བསྲེ་འཕོ་གསན། ནུབ་ལཀྵེ་ཏྲར་དཔལ་ཡེ་ཤེས་སྙིང་པོ་བསྟེན། རྒྱུད་གསང་འདུས་དང་སྒྱུ་ལུས་འོད་གསལ་གསན། ལྷོ་དུག་མཚོ་ཁོལ་མར་དཔལ་ཞི་བ་བཟང་པོ་བསྟེན། རྒྱུད་མཧཱ་མ་ཡ་དང་། དབྱིབས་རྣལ་འབྱོར་གསུམ་གསན། ཤར་ཆུ་བོ་གངྒཱའི་འགྲམ་དུ་མཻ་ཏྲི་པ་བསྟེན། རྒྱུད་བསྟོད་པ་གླུ་བླངས་དང་ཕྱག་ཆེན་གསན་ནོ།།

འདི་ལ་སློབ་མའི་མཆོག །སྲས་དར་མ་མདོ་སྡེ་ལ་གྲོང་འཇུག་གི་བཀའ་བབས། དོལ་གྱི་འཚུར་སྟོན་དབང་ངེ་ལ་འཕོ་བའི་བཀའ་བབས། གཞུང་གི་སྔོག་ཆོས་སྐུ་རྡོ་རྗེ་ལ་བཤད་རྒྱུད་ཀྱི་བཀའ་བབས། གཙང་རོང་གི་མེས་སྟོན་ཆེན་པོ་ལ་འོད་གསལ་གྱི་བཀའ་བབས། གུང་ཐང་གི་མི་ལ་རས་པ་ལ་བདེ་དྲོད་ཀྱི་བཀའ་བབས་སོ། །ཕྱི་མ་བཞི་ལ་བརྙེས་པའི་བུ་ཆེན་བཞིའམ། ཀ་ཆེན་བཞི་ཞེས་གྲགས་ཏེ། སྔ་མ་གསུམ་གྱིས་བདེ་ཀྱཻ་སོགས་བཤད་པའི་སྲོལ་བཟུང་། མི་ལས་བཀའ་བབས་བཞིའི་གདམས་པའི་བཅུད་སྒྲུབ་པའི་སྲོལ་བཟུང་བ་ཡིན་ནོ། །གཞན་ཡང་ཆུ་གོང་དཔལ། དྲི་མིའི་བུ་ཆུང་། དོལ་པ་གག་སྟོན། དགེ་བཤེས་ཁེ་གད་པ་བཞི་ལ་བཀའ་བབས་བུ་བཞི་ཟེར། འདམ་གྱི་མར་པ་མགོ་ལེགས། སྒྱེར་ཕུའི་ཀློག་སྐྱ་ཇོ་སྲས། འཕན་ཡུལ་ཉ་མ་དཔལ་མོ། རྐྱང་རོ་ཞང་སྟོན་བཞི་ལ་ལས་ཅན་གྱི་སློབ་མ་བཞི་ཟེར། ཞེས་གསུངས་པ་ལྟར། བོད་དུ་ཕེབས་རྗེས་སློབ་མ་མང་དུ་བསྐྱངས་ཤིང་། མཐར་དགུང་ལོ་གོ་ལྔར་ཕེབས་པ་རབ་བྱུང་གཉིས་པའི་མེ་འབྲུག་ཕྱི་ལོ་ ༡༡༣༦ ལོར་སྐུ་གཤེགས་པའོ།།

ཁོང་གི་འགྱུར་ལ། བཀའ་འགྱུར་ལས། རྒྱུད་སྡེ་ ༼ཅ༽ པོད་དུ། འཕགས་པ་མི་གཡོ་བའི་རྒྱུད་ཀྱི་རྒྱལ་པོ་འབུམ་པ་ལས་བྱུང་བ་དངོས་གྲུབ་ཐམས་ཅད་ཡོངས་སུ་འབྱུང་བའི་རྟོག་པ་ལེའུ་བདུན་དང་། པོད་ ༼ཇ༽ པར། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་གདེངས་པའི་རྒྱུད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལེའུ་གཅིག་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་བཞི་སྟེ་རྟོག་པ་བཞི་པར་གྲགས་པ། སླད་ནས་ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱིས་བསྒྱུར་ཅིང་བཅོས་པ། རྒྱུད་ ༼ཝ༽ པོད་དུ། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ་ལེའུ་བཞི་པ་སོགས་སོ།།

བསྟན་འགྱུར་ལས། རྒྱུད་ ༼ཏ༽ པོད་དུ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་མཁས་ པ་ཆེན་པོ་ཏཱ་ར་ཤྲཱིས་ (སྒྲོལ་མ་དཔལ་མོས་) མཛད་པ། རྒྱུད་ ༼ཝ༽ པོད་དུ། འཁོར་ལོ་སྡོམ་པའི་ལུས་དཀྱིལ་གྱི་མངོན་རྟོགས་དང་། དཔལ་འཁོར་ལོ་སྡོམ་པའི་རིམ་པ་ལྔ་པའི་འགྲེལ་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་བདེ་མཆོག་སྒྲུབ་པའི་ཐབས་རིན་ཆེན་ཡིད་བཞིན་ནོར་བུ། ཚོགས་ཀྱི་འཁོར་ལོའི་ཆོ་ག །དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་རིན་པོ་ཆེའི་སྒྱུ་འཕྲུལ་སྦྱིན་པ་ཞེས་བྱ་བ་སོགས་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རིན་པོ་ཆེ་གཙུག་གི་ནོར་བུ་ཞེས་བྱ་བ་དང༌། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་རིན་པོ་ཆེ་རབ་ཏུ་གསལ་བའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་དཔལ་ལྭ་བ་པས་མཛད་པ། དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ནག་པོ་སྤྱོད་པ་བས་མཛད་པ། རྗེ་བཙུན་དཔལ་ཧེ་རུ་ཀ་སྒྲུབ་པའི་ཐབས་མདོར་བསྡུས་པ་ཞེས་བྱ་བ་བྲམ་ཟེ་བྷྲིངྒ་རས་ (དོར་བར་བྱ་བས་) མཛད་པ། རྒྱུད་ ༼ཞ༽ པོད་དུ། ཡི་གེ་བདུན་པའི་སྒྲུབ་ཐབས་པཎྜི་ཏ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་དཔག་མེད་རྡོ་རྗེས་མཛད་པ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་བསྡུས་པ་སློབ་དཔོན་ཀུ་ས་ལིས་ (ཁམས་བདེ་བས་) མཛད་པ། ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ་དང་། དཔལ་འཁོར་ལོ་སྡོམ་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་སློབ་དཔོན་ཀུ་ས་ལི་པས་མཛད་པ། དཔལ་འཁོར་ལོ་སྡོམ་པ་གཉིས་སུ་མེད་པའི་བསམ་གཏན་གྱི་མན་ངག་རྣལ་འབྱོར་གྱི་རྒྱུད་གཏུམ་མོ་སློབ་དཔོན་དགེ་བའི་མགོན་པོས་མཛད་པ། རྒྱུད་ ༼ཟ༽ པོད་དུ། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨཱ་ཙཱརྱ་བྷ་དྲས་མཛད་པ། ཕག་མོའི་སྒྲུབ་ཐབས་སློབ་དཔོན་མཁས་པ་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཨོ་རྒྱན་ནས་བྱུང་བ་སོགས་མང་དུ་བཞུགས་སོ། །སྤྲིང་ཡིག་ ༼ངེ༽ པོད་དུ། བུ་ལ་སྤྲིང་བ་སློབ་དཔོན་སད་ཛ་ན་ཆེན་པོས་མཛད་པ། ལྷག་པར་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྒྱུ་ལྟོ་ཞབས་ཀྱི་ཞལ་སྔ་ནས་མཛད་པ་བཅོམ་ལྡན་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་ལོ་ཙཱ་བ་འདིས་བསྒྱུར་ཞུས་པ་སོགས་མང་དུ་བཞུགས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༧ ལོ། ཤོག་ ༡༦༩

[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༨༤

[3] གོ་རུབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ཞེས་པ་ཞིག་སྔོན་གྱི་ཡིག་ཚང་དུ་མ་མཐོང་ཞིང༌། ཧ་ལམ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་མིན་ནམ་སྙམ་ལ། གོ་རུབ་ཆོས་ཀྱི་ཤེས་རབ་དང་ལོ་ཙཱ་བ་འདི་གཉིས་ཀྱིས་སྔ་ཕྱིར་རོང་ཟོམ་ལ་ཆོས་ཞུས་མྱོང་བས་དེ་དག་དུས་ཀྱི་ཐད་ནས་བླ་སློབ་ཏུ་མི་འགལ་ལོ།།

[4] གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ངོས་ ༡༢༨༣

[5] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༨༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༨ ནས་ ༢༧༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *