ཚ༽ སྒྲ་གཞུང་ཀུན་ཏུ་བཟང་པོ་མཛད་ཚུལ།
དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཐོབ། །ཡང་དག་རིགས་པའི་བསིལ་ཟེར་ཕྱོགས་བཅུར་འཕྲོ། །
སྲིད་པའི་གདུང་བ་མ་ལུས་འཕྲོག་པར་མཛད། །ཟླ་བ་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་པ་ལྟར། རིག་གནས་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་དཔལ་ལྡན་ཟླ་བ་གྲགས་པས་སྒྲ་རིག་པའི་གཞུང་ཀུན་ཏུ་བཟང་པོ་ཞེས་བྱ་བ་མཛད་པར་གྲགས་པ་སྟེ། འཇམ་མགོན་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་རྨད་དུ་བྱུང་བའི་སློབ་དཔོན་ཆེན་པོ་ཟླ་བའི་ཞབས་ཀྱི་རྟོགས་པ་བརྗོད་པ་དབྱངས་ཀྱི་ཡན་ལག་བརྒྱ་ལྡན་ལས[2]།
ཚིག་སྦྱོར་ཉུང་ལ་བརྗོད་པ་གསལ། །དཀའ་བའི་ལུས་ནི་ཡོངས་རྫོགས་པ། །སློང་བ་ཚིམས་བྱེད་རིན་ཆེན་(བྷཱཥ)གཏེར། །བརྡ་སྤྲོད་སྒོ་ནི་ངས་དབྱེའོ། །མི་འཇིགས་དམ་བཅས་བཟུང་བའི་གཞུང་། །ཡན་ལག་དུ་མའི་རོལ་སྒེག་ཅན། །གྲུབ་མཐའ་སྨྲ་ལ་འདྲེན་བྱེད་ཀྱི། །བྱ་བ་དེང་སང་དུས་ཀྱང་ངོ་། །སྡེབ་ལེགས་ཚིག་སྦྱོར་ཀུན་ཏུ་བཟང་། །པདྨའི་ཕྲེང་བ་བསྟར་བ་དེས། །དོན་བཟང་མུ་ཏིག་དོ་ཤལ་ཡང་། །འབངས་མོའི་རྒྱན་བཞིན་གྱུར་མཐོང་ནས། །བྱིས་པ་ཚིག་ལ་རྟོན་པས་ན། །དོན་གྱི་རོ་ནི་སུ་ཞིག་མྱོང་། །བདག་པོ་མེད་པའི་ཨིནྡྲ་རྙིལ། །ཁྲོན་པའི་ཆབ་ཀྱི་ཉེར་སྤྱད་འོས། །ཞེས་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་ལས་[3]ཀྱང་།
དཔལ་ལྡན་ཟླ་བ་གྲགས་པ་ཡིས། །བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང་། །
བསྐུལ་བས་གངྒཱའི་ཆུ་ཀླུང་གིས། །ཤེས་རབ་བསྐྱེད་པ་ངོ་མཚར་ཆེ། །
ཞེས་གསལ་བ་ལྟར་སྒྲ་གཞུང་ཀུན་ཏུ་བཟང་པོ་མཛད་པ་ནི་ངོ་མཚར་གྱི་རྣམ་ཐར་བཅོ་ལྔ་ལས་གཅིག་ཡིན་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་ལེགས་པོ་ཞིག་ (སློབ་དཔོན་ཙནྡྲ་གོ་མིས་) གཟིགས་པས་རང་གིས་མཛད་པའི་སྒྲ་མདོ་སྡེབ་མི་ལེགས་པར་མཁྱེན་ནས། འགྲོ་དོན་མི་འབྱུང་སྙམ་ནས་དེས་ཁྲོན་པར་བསྐྱུར་བས། རྗེ་བཙུན་འཕགས་མ་སྒྲོལ་མས། ཁྱོད་ཀྱི་འདི་ནི་གཞན་ཕན་གྱི་སེམས་བཟང་པོས་བྱས་པས་མ་འོངས་པ་ན་སེམས་ཅན་ལ་ཤིན་ཏུ་ཕན་པར་འགྱུར་ལ། ཟླ་གྲགས་ཀྱིས་ནི་མཁས་པའི་ང་རྒྱལ་གྱིས་ནོན་པས། གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། །དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུང་ཞིག །ཅེས་ལུང་བསྟན་པ་ལྟར་བླངས་ཏེ། ཁྲོན་པ་དེའི་ཆུ་འཐུངས་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་བ་བྱུང༌། ཙནྡྲ་པ་[5]ནི་དེ་ནས་ད་ལྟའི་བར་དུ་ཤིན་ཏུ་དར་རྒྱས་ཆེ་ཞིང༌། ཕྱི་ནང་ཐམས་ཅད་སློབ་པར་བྱེད་ལ། ཀུན་ཏུ་བཟང་པོ་ནི་མི་རིང་བར་ནུབ་སྟེ་ད་ལྟར་དཔེ་ཙམ་ཡང་ཡོད་པར་མི་མངོན་ནོ། །ཞེས་གསུངས་སོ།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[6]།
སྒྲ་ཡི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས། །ཚིག་སྦྱོར་ལེགས་བསྒྲིགས་མཛད་པ་གོ་མིས་མཐོང་། །
རང་གི་སྒྲ་མདོ་མི་ལེགས་སྙམ་ནས་དཔེ། །ཁྲོན་པར་བསྐྱུར་ཞེས་གྲགས་ལ་གསོལ་བ་འདེབས། །
ཞེས་དང་། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལས་[7]ཀྱང་།
སློབ་དཔོན་ཙནྡྲའི་ཞབས་ཀྱང་ཁེངས་པ་བསྙིལ། །རང་མཐུ་ཟད་ནས་སྙིང་རྗེའི་དབང་ཕྱུག་ལ། །
བརྡ་སྤྲོད་གྲོགས་སུ་སྦྲན་ཞུས་དེ་ལྟ་བུའི། །འཛམ་གླིང་མཁས་པའི་གཙུག་རྒྱན་གྱུར་ལ་འདུད། །

(སློབ་དཔོན་ཙནྡྲ་གཽ་མི་ལ་ན་མོ།)
ཅེས་བསྔགས་པ་ལྟར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[8]། དེའི་ཚེ་སློབ་དཔོན་ཟླ་བ་གྲགས་པས་སྒྲའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་དུ་བྱས་པ་ལེགས་པ་ཞིག་མཛད་པ་གཟིགས་ཏེ། རང་གིས་བྱས་པའི་བསྟན་བཅོས་མི་ལེགས་པས་སྣུབ་བོ་སྙམ་སྟེ། ཁྲོན་པར་བསྐྱུར་བ་དང་། འཇིག་རྟེན་དབང་ཕྱུག་གིས་ཁྱོད་ཀྱིས་ལྷག་བསམ་གྱིས་བྱས་པས་ཕན་ཆེ་བར་འགྱུར་གྱིས་ཐོན་ཅིག་གསུངས་ནས། བཏོན་ཏེ། ཁྲོན་པ་དེ་ལ་ཙནྡྲ་ཁྲོན་པ་ཞེས་གྲགས་ཤིང་དེ་ལ་ཆུ་འཐུང་ནའང་བློ་རྣོ་བར་འགྱུར་ཟེར་རོ། །ཞེས་བྱུང་ངོ་།།
བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[9]།
དེ་སླད་ཁྱོད་ཀྱི་སྒྲ་མདོ་ཀུན་བཟང་དེ། །ཟླ་བ་བདུད་རྩི་ལྟ་བུར་རབ་མཐོང་ནས། །
ཙནྡྲ་གོ་མིས་རང་གི་སྒྲ་མདོ་ནི། །འདམ་ཆུ་ལྟ་བུར་ཁྲོན་པའི་ནང་དུ་དོར། །
བསྟན་པ་རིན་ཆེན་བཤད་པས་བྱི་དོར་བྱས། །སྒྲུབ་པ་དྲི་མ་མེད་པས་ཉམས་སུ་བསྟར། །
ད་ལྟ་བཞེད་དོན་ཐམས་ཅད་ལྷུན་གྱིས་གྲུབ། །རྒྱལ་བའི་རྒྱལ་ཚབ་གཉིས་པ་ཁྱོད་ལ་འདུད། །
ཅེས་བསྔགས་པ་མཛད་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[10]ཀྱང་། སློབ་དཔོན་ཟླ་བ་གྲགས་པས་སྒྲ་མདོ་ཀུན་ཏུ་བཟང་པོ་ཞེས་པ་ཚིགས་བཅད་ལེགས་པ་ཞིག་མཛད་པ་གཟིགས་ཏེ་རང་གི་བསྟན་བཅོས་ལ་ངོ་ཚ་ནས་ཁྲོན་པར་བསྐྱུར་བས་ཁྲོན་པ་ལ་རྟག་ཏུ་འཇའ་ཟུག་ཆུ་འཐུང་ཚད་ནད་ཞི་ཞིང་ཤེས་རབ་འཕེལ་བས་ཙནྡྲ་ཁྲོན་པར་གྲགས། སྤྱན་རས་གཟིགས་ཀྱིས་ཁྱོད་ཀྱིས་ལྷག་བསམ་གྱིས་བྱས་པ་གཞན་ལ་ཕན་པས་ཁྲོན་པ་ནས་ཕྱུང་ལ་གཞན་ལ་སྟོན་ཅིག་ཅེས་གསུངས་པར་དེང་སང་གྲགས་ལ། རྒྱ་གར་ན་གྲགས་ཚོད་ལ་ཙནྡྲ་པ་མ་དར་ཀུན་ཏུ་བཟང་པོ་དར་བས་གོ་མིས་བདག་གི་དེ་དར་བར་ཞུས་པས་ཀུན་ཏུ་བཟང་པོ་དར་འཕྲོ་ཆད་དེ་ཙནྡྲ་པ་དར། དེར་སློབ་དཔོན་ཟླ་གྲགས་ཐུགས་ཆད་ནས་བསྟན་བཅོས་ཁྲོན་པར་འཕངས་པས་ཙནྡྲ་ཁྲོན་པ་བྱུང༌། ཕྱིས་སྟེང་དུ་མཆོད་རྟེན་བརྩིགས་པར་གྲགས་ཡོད་སྣང་ལ་སློབ་དཔོན་གཉིས་ཀ་ཟླ་བའི་མཚན་དུ་ནི་མཚུངས་པར་སྣང་ངོ༌། །ཞེས་བྱུང་ལ། དེ་བཞིན་བརྡ་སྤྲོད་དབྱངས་ཅན་མའི་མདོའི་མཆན་འགྲེལ་ལས[11]། གཞན་ཡང་ཁྲོན་པ་དེའི་ཆུ་འཐུང་ནའང་ཤེས་རབ་ཆེན་པོ་འཕེལ་བར་འགྱུར་བ། ཁྲོན་པ་དེ་ལས་ལྐུགས་པ་ཞིག་གིས་ཆུ་འཐུང་ཞིང་ཁྲུས་བྱས་པས་སཾ་སྐྲི་ཏའི་སྐད་ལེགས་པར་ཤེས་ཏེ་དགོད་ཅིང་འཁྲབ་པས་ཆུ་སྣོད་ཀྱི་བུམ་པ་བཅག་གོ །དེ་ནས་དགེ་སྦྱོང་མང་པོས་བུམ་པ་བཅག་པ་ལ་ཕངས་སེམས་ཀྱིས་ལྐུགས་པ་ལ་འཐབ་ཅིང་སྡང་བར་བྱས། ལྐུགས་པ་ན་རེ།
དགེ་སྦྱོང་སྦྱིན་པའི་བསྔགས་པ་བརྗོད། །སློང་ལ་སྐྱུ་རུ་ར་ཙམ་ཡིན། །
འདུས་བྱས་མི་རྟག་ཅེས་བརྗོད་ཅིང་། །བུམ་པ་ཆག་པ་མྱ་ངན་བྱེད། །
ཅེས་ཀྱང་བྱུང་ཞིང་། སྒྲ་ཙནྡྲ་པ་ནི། སློབ་དཔོན་ཙནྡྲ་གོ་མིས་མཛད་ཅིང་། དེའི་བརྒྱུད་པ་ནི། རྗེ་བཙུན་འཇམ་དཔལ་དབྱངས། འཕགས་པ་སྤྱན་རས་གཟིགས། སྒྲ་རིག་པའི་སྲོལ་གཏོད་པ་ལྷ་ཐམས་ཅད་མཁྱེན་པ། བྲམ་ཟེ་པཱ་ཎི་སོགས་བརྒྱུད་ཅིང་། ཇོ་བོ་གྲགས་འབྱོར་ལ་ཙནྡྲ་གོ་མིས་གསན་ཏེ་བསྟན་བཅོས་མཛད་ནས་བརྒྱུད་པ་ཤོང་ལོ་ཆེན་པོས་བོད་དུ་བརྒྱུད་དོ།།
དེ་ལྟར་རྒྱ་གར་ཆོས་འབྱུང་དུ་རྗེ་བཙུན་སྒྲོལ་མས་གསུངས་པ་དང་། བུ་སྟོན་ཆོས་འབྱུང་དང་། མཁས་པའི་དགའ་སྟོན་རྣམ་གཉིས་ལས་འཕགས་པ་སྤྱན་རས་གཟིགས་ཀྱིས་གསུང་ཚུལ་ཅུང་ཟད་མི་མཐུན་ཡང་། སྤྱི་ཡོངས་ནས་དཔལ་ལྡན་ཟླ་བ་གྲགས་པས་སྒྲ་ཡི་བསྟན་བཅོས་ཀུན་ཏུ་བཟང་པོ་མཛད་ཚུལ་དང་། སློབ་དཔོན་ཙནྡྲ་གོ་མིས་དེ་གཟིགས་འཕྲལ་རང་ཉིད་ཀྱིས་མཛད་པའི་སྒྲ་གཞུང་ཙནྡྲ་པ་ཁྲོན་པར་བསྐྱུར་བས་ཙནྡྲའི་ཁྲོན་པ་ཞེས་གྲགས་ཚུལ། དེ་བཞིན་ཀུན་ཏུ་བཟང་པོ་མི་རིང་བར་ནུབ་པ་དང་། ཙནྡྲ་པ་ཤིན་ཏུ་དར་ཁྱབ་བྱུང་ཚུལ་གཅིག་མཚུངས་སུ་གསལ་ཡང་། རྒྱ་གར་ཆོས་འབྱུང་དང་། བུ་སྟོན་ཆོས་འབྱུང་གཉིས་སུ་ཙནྡྲ་གོ་མིས་སྒྲ་གཞུང་ཙནྡྲ་པ་ཁྲོན་པར་བསྐྱུར་བ་དང་། མཁས་པའི་དགའ་སྟོན་ལས་སྒྲ་གཞུང་ཙནྡྲ་པ་དཔལ་ལྡན་ཟླ་བས་ཁྲོན་པར་བསྐྱུར་བ་དང་། བསྐྱུར་དགོས་པའི་རྒྱུ་མཚན་སོགས་གོང་གསལ་ཆོས་འབྱུང་གཉིས་སུ་མི་འདྲ་བ་ཞིག་ཀྱང་གསལ་ལོ།།
མདོར་ན་དཔལ་ལྡན་ཟླ་བ་གྲགས་པ་ནི། སྐྱེ་བ་ལྔ་བརྒྱ་པཎྜི་ཏར་གྱུར་ཞིང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ལ། རི་མོར་བྲིས་པའི་བ་གྲུས་མ་ལས་འོ་མ་འཇོ་བ་དང་། རྡོའི་ཀ་བ་དང་རྩིག་པ་སོགས་ལ་ཐོགས་མེད་དུ་བྱོན་པ། སོལ་བས་ཀྱང་ལྗོན་ཤིང་རྫོགས་ཏེ་ཡལ་ག་དང་མེ་ཏོག་འབྲས་བུ་སྨིན་པར་བྱེད་པ། སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ་ནས་ཏུ་རུཥྐ་ཡི་དམག་དཔུང་བཟློག་པ། ནགས་ཚལ་མེས་འཇིག་སྐབས་མེས་མ་འཚིག་པ། གཞན་ཡང་མངོན་ཤེས་ལ་ཐོགས་པ་མེད་པ། མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད་པ་དང་། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་རྒྱལ་བའི་བསྟན་པ་ལ་བཅུག་ཅིང་། ཆོས་གཞི་ཆེན་པོ་མང་དུ་བཏབ་པ། རྗེས་འཇུག་གི་སློབ་མ་མང་དུ་བསྐྱངས་ཤིང་། བསྟན་བཅོས་མང་དུ་མཛད་པ་སོགས་ངོ་མཚར་བའི་མཛད་པ་མང་དུ་བསྟན་ནས་བསྟན་འགྲོའི་དཔྱིད་དཔལ་དུ་གྱུར་པའི་པཎྜི་ཏའི་མཆོག་ཏུ་གྱུར་པ་ཞིག་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༩
[2] བློ་གྲོས་མཐའ་ཡས་ཀྱི་གསུང་འབུམ། པོད། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༡༣༤
[3] བསྟོད་པ་ངོ་མཚར་ཚིགས་བཅད་མ། འཁྱུག་ཡིག་བྲིས་པ། དཔེ་ཐུང་། ཤོག་གྲངས་ ༡ན༣
[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༩༡
[5] སྒྲ་གཞུང་ཙནྡྲ་པར་རྒྱ་འགྲེལ་ལྔ་ཙམ་ཞིག་དང་། བོད་འགྲེལ་བཅོ་ལྔ་ཙམ་ཞིག་ཡོད་པར་གྲགས་སོ།།
[6] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[7] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ ཆོས་ཚན་ ༥༥ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༢ན༢ བར།
[8] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༡
[9] ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༧༣
[10] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༥༧
[11] དབྱངས་ཅན་མའི་མདོའི་མཆན་འགྲེལ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༤༡ ནས་ ༥༤༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།