སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་གྱི་མཛད་བྱང་ཁྱད་པར་ཅན།

༄༅། །སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་གྱི་མཛད་བྱང་ཁྱད་པར་ཅན[1]།

༼ཝཱཪ་ཎ་མཐོ་སློབ་རྒྱལ་མཚན་རྣམ་གྲོལ།༽

 

༡༽ གཞུང་གི་ངོ་སྤྲོད་མདོར་བསྡུས།

༄༅། །དེ་ཡང་ཇི་སྐད་དུ་བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས།

རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་དང་། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།

ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།

ཞེས་གསུངས་པ་ལྟར་གྱི་ཁྱད་ཆོས་དེ་དག་རྫོགས་པར་ཚང་བའི་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་བརྩམས་པའི་མཛད་པ་ཀུན་གྱི་མཆོག་ཏུ་གྱུར་པ། གསུང་གི་མཛད་པའི་ཕྱག་རྗེས་ཁྱད་པར་ཅན། ས་ལ་གསལ་བ་རྣམ་གཉིས་དང་། གནམ་ལ་ཉི་ཟླ་རྣམ་གཉིས། ཞེས་མཁས་པ་རྣམས་ལ་རླུང་ལྟར་གྲགས་པ་སྔགས་ཕྱོགས་ལ་གསང་འདུས་སྒྲོན་གསལ་དང་། མདོ་ཕྱོགས་ལ་དབུ་མ་ཚིག་གསལ་གཉིས་ལས། འདིར་ཕྱི་མ་དབུ་མ་ཚིག་གསལ་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་དབུ་མའི་བསྟན་བཅོས་ཀུན་གྱི་རྒྱལ་པོ་ལྟ་བུ་དབུ་རྩ་བ་ཤེས་རབ་ལ་རྒྱ་འགྲེལ་ཇི་སྙེད་ཅིག་ཡོད་པ་ལས། ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པ་སྨོས་མེད་ཐོག །སྐབས་སུ་བབ་པ་བསྟན་བཅོས་དེའི་ཞབས་ལ་གསལ་བའི་མཛད་བྱང་ཁྱད་པར་ཅན། བསྟན་བཅོས་གཞན་གྱི་མཛད་བྱང་གིས་བསྒྲུན་དུ་མེད་པ་ཞིག་མཛད་ཡོད་པ་དེའི་ལེགས་སྦྱར་གྱི་རྒྱ་དཔེ་དང་། བོད་དཔེའི་དབར་འདིར་འདྲ་བསྡུར་བསྐྱར་ཞིབ་སོགས་ཀྱི་སྒོ་ནས་ལས་དོན་བྱེད་དགོས་པའི་རྒྱུ་མཚན་ནི། སྤྱིར་འདིས་ཆེ་ལ་ཟབ་ཅིང་རྒྱ་ཆེ་བའི་བརྗོད་དོན་གྱིས་རབ་ཏུ་ཕྱུག་པ་དང་། སྒོས་སུ་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཕུན་སུམ་ཚོགས་པའི་རྩོམ་རྩལ་དང་ལྡན་ཞིང་། ཡང་སྒོས་མཛད་བྱང་འདིའི་སྐོར་ལ་ཤིན་ཏུ་གལ་གནད་ཆེ་བའི་གསལ་བཤད་ངེས་ཅན་དགོས་གལ་ཆེ་བ་བཅས་ལ་བརྟེན་ནས་ཆེད་རྩོམ་འདི་བྲིས་སོ།།

གནད་དོན་སྔ་མ་གཉིས་ནི་མཛད་བྱང་འདིའི་ཚིགས་བཅད་རེ་རེ་བཞིན་གྱི་སྙིང་དོན་རྣམས་དོན་འགྲེལ་གྱི་ཚུལ་དུ་བཀོད་པར་འདོད་པས་དེ་དག་གིས་མཚོན་ནུས་སོ། །འདིར་དཔྱད་ཞིབ་ངེས་ཅན་དང་འབྲེལ་དོགས་སེལ་བྱེད་དགོས་པ་ནི། དུས་ཕྱིས་སུ་འཕགས་ཡུལ་དུ་ནང་བསྟན་གསུང་རབ་ལ་ཉམས་ཆག་ཆེན་པོ་བྱུང་རྐྱེན་གྱིས་དབུ་མ་ཚིག་གསལ་གྱི་གཞུང་སྤྱི་དང་། ཁྱད་པར་དུ་གཞུང་འདིའི་མཛད་བྱང་གི་སྐོར་ལ་དེང་སང་ལེགས་སྦྱར་སྐད་ཐོག་དངོས་སུ་བཞུགས་པའི་ཚིག་གསལ་གྱི་རྒྱ་དཔེའི་ཞབས་ལ་མཛད་བྱང་དེ་ཚང་མེད་པར་མ་ཟད། དེ་དེབ་གཞན་གྱི་ནང་དུ་དབུ་མའི་བསྟན་བཅོས་ཀྱི་བསྟོད་པ། ཞེས་དེ་ལ་ཐ་སྙད་གསར་པ་ཞིག་བཏགས་ནས་གཞུང་འདི་དང་ཁ་བྲལ་དུ་མེད་པའི་ཆ་ཤས་མིན་པ་ལྟར་དུ་བཀོད་ཡོད། དེ་ཡང་དེང་སང་སྤར་དུ་འཐོན་པ་ནང་པའི་བསྟོད་པ་ཕྱོགས་བསྡུས། ཞེས་པའི་དེབ་དེའི་ནང་དབུ་མའི་བསྟན་བཅོས་ཀྱི་བསྟོད་པ། ཞེས་ཐ་སྙད་གསར་དུ་བཏགས་ནས་སྔོན་གྱི་ལེགས་སྦྱར་གྱི་སྐད་ཐོག་ཟུར་དུ་སྤར་སྐྲུན་ཞུས་ཡོད། དེ་ནི་ཤིང་ལོ་སོགས་ཀྱི་ཐོག་བྲིས་པའི་སྔོན་གྱི་ལག་བྲིས་ཡིག་རྙིང་གི་གཞུང་ངོ་མ་ལས་མཛད་བྱང་དེ་ཁ་ཐོར་དུ་ཕྱིན་པའི་ཚེ། དེ་གཞུང་རང་མཚན་པ་ཞིག་ཡིན་པར་འདུག་བསམས་ནས་དང་། ལྷག་པར་དུ་རྩོམ་རྩལ་ཆེས་ཕུན་སུམ་ཚོགས་པ་སོགས་ཀྱི་ཁྱད་ཆོས་དམིགས་བསལ་ཅན་ཡོད་པ་ལ་བརྟེན་ནས་དྲན་དབང་ཅན་འགས་རང་དགར་ཐ་སྙད་དེ་ལྟར་བཏགས་པ་ཞིག་ཡིན་པ་གདོན་མི་ཟ་ཞིང་། ཡང་ན་དེ་ལྟར་ལོགས་སུ་བཀོད་པ་དེར་དེ་མིན་པའི་བྱུང་རྐྱེན་གཞན་དང་གཞན་ཡོད་དུ་ཆུག་ཀྱང་། དོན་དངོས་པོའི་གནས་ཚོད་ལ་གཞུང་ཚིག་དེ་དག་དབུ་མ་ཚིག་གསལ་དང་ཁ་བྲལ་དུ་མེད་པའི་ཆ་ཤས་སམ་གཞུང་དེའི་མཛད་བྱང་བསྙོན་མེད་ཡིན་པ་ལ་དོགས་པ་སྤུ་ཙམ་མེད་དེ། ཚིགས་བཅད་དེ་དག་གི་བསྟན་དོན་ལ་གཟུ་བོར་གནས་པའི་བློས་ལེགས་པར་བརྟགས་ན། བརྗོད་བྱ་གང་སྟོན་དང་། བསྟན་བཅོས་གང་གི་ཆ་ཤས་ཇི་ལྟ་བུ་ཞིག་ཡིན་པ་སོགས་ལེགས་པར་རྟོགས་ནུས་པའི་ཕྱིར་རོ།།

མཛད་བྱང་འདིའི་སྐོར་ལ་ཕ་རན་སིའི་མཁས་པ་གྲགས་ཅན་ (J.W. De jong) ཞུ་བ་དེས་ཡུལ་དེའི་སྐད་ཐོག་གཟིགས་རྒྱ་ཆེན་པོའི་ཉམས་ཞིབ་འགྲེལ་བརྗོད་དང་སྦྲགས། ཆ་ཤས་དེའི་བོད་དཔེ་དང་ལེགས་སྦྱར་དབར་འདྲ་བསྡུར་བསྐྱར་ཞིབ་ལེགས་པར་གནང་བའི་སྒོ་ནས་ཕ་རན་སིའི་སྐད་ཐོག་ཕབ་བསྒྱུར་དང་འབྲེལ་རོ་མན་ཡིག་ཐོག་ལ་བཀོད་ཡོད། ཆེད་རྩོམ་དེའི་འགོ་བརྗོད་དུ་དབུ་མའི་བསྟན་བཅོས་ཀྱི་བསྟོད་པ་ཞེས་པའི་ཚིག་དེ་བཀོད་ཡོད་ཀྱང་། དངོས་དོན་ལ་ཚིགས་བཅད་དེ་དག་ཚིག་གསལ་གྱི་མཛད་བྱང་ཡིན་པ་འདོད་ཕྱོགས་སུ་བཞེད་པར་མངོན་ནོ།།

ཚིགས་བཅད་དེ་དག་སྡེ་དགེ་སྤར་མ་སོགས་བོད་འགྱུར་གྱི་བསྟན་འགྱུར་དཔར་མ་ཁག་ལྔ་ཡོད་པ་དེ་དག་ཚང་མར་གཅིག་མཐུན་གྱི་ཚུལ་དུ་དབུ་མ་ཚིགས་གསལ་གྱི་མཛད་བྱང་བསྙོན་མེད་ཀྱི་ངོ་བོར་བཀོད་ཡོད་ལ། རྗེ་བདག་ཉིད་ཆེན་པོས་ཀྱང་། མཛད་བྱང་དེའི་ཚིགས་བཅད་དང་པོ་གཉིས་ལམ་རིམ་ལྷག་མཐོང་དུ་ལུང་འདྲེན་མཛད་པའི་ཚེ་ན་ཡང་དབུ་མ་ཚིག་གསལ་ལས་ཞེས་གསལ་ཁ་བཏོད་ནས་བཀོད་པར་མཛད་ཡོད། མདོར་ན་མང་དུ་སྨོས་མ་དགོས་པར་གཞི་རྩའི་ཚིགས་བཅད་འདི་དག་གིས་བརྗོད་བྱ་གང་སྟོན་སོགས་ལ་ལེགས་པར་བརྟགས་ན། དེ་དབུ་མའི་བསྟན་བཅོས་ཀྱི་བསྟོད་པ་ཡིན་པ་མཚོན་དཀའ་བ་ཙམ་དུ་མ་ཟད། དེ་ལ་མཚན་དེ་ལྟར་དུ་བཏགས་ནས་གཞུང་རང་མཚན་པ་ཞིག་ཏུ་ངོས་འཛིན་པ་ནི་མི་འཐད་པ་ཁོ་ནའོ། །ཚིག་གསལ་གྱི་གཞུང་སྤྱི་བྱིངས་ལ་ཡང་ལེགས་སྦྱར་གྱི་སྐད་ཐོག་ཏུ་ཡོད་པ་དེ་དང་བོད་དཔེའི་དབར་ཞིབ་བསྡུར་བྱེད་སྐབས་བོད་འགྱུར་ནང་ལེགས་སྦྱར་ལ་ཡོད་པའི་ཆ་ཤས་མང་པོ་ཚང་མེད་པའི་སྐོར་ལ། ཁོ་བོས་དགེ་ལུགས་སློབ་གཉེར་ཚོགས་པས་ཚིག་གསལ་སྤར་སྐྲུན་ཞུས་སྐབས་དེའི་གླེང་བརྗོད་དུ་གསལ་ཁ་བཏོན་ཡོད། འབྱུང་འགྱུར་གཞུང་འདི་ལེགས་སྦྱར་སྐད་ཐོག་བསྐྱར་དུ་སྤར་སྐྲུན་ཞུ་སྐབས་མཛད་བྱང་འདི་གཞུང་དངོས་དང་ལྷན་དུ་ངེས་པར་དུ་བཀོད་དགོས་པའི་རེ་འདུན་ཞུ་གི་ཡོད།

བལ་ཡུལ་སོགས་ནས་ཐོན་པའི་དབུ་མ་ཚིག་གསལ་གྱི་ལེགས་སྦྱར་རྒྱ་དཔེ་ལག་བྲིས་ཡིག་རྙིང་ཁག་བཞི་ཙམ་ཡོད་པ་དེ་དག་ཚང་མའི་ཞབས་ལ་ཡང་མཛད་བྱང་དེ་འཁོད་མེད་ཅིང་། དེ་དག་གང་ལ་གཞི་འཛིན་སའི་རྩ་བའི་མ་དཔེ་གཅིག་པ་ཡིན་པའི་དབང་གིས་ཡིན་ཚོད་འདུག །དེང་སང་སྤར་དུ་ཐོན་པའི་རྒྱ་དཔེ་དེའི་ཞབས་ལ་རབ་བྱེད་ཉེར་བདུན་པའི་འགྲེལ་པ་རྫོགས་མཚམས་སུ་ཚིག་ལྷུག་ཐོག་འདི་ལྟར་གསལ་ཡོད། དབུ་མའི་བསྟན་བཅོས་གང་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསུང་རབ་མཐའ་དག་གི་ངེས་དོན་དང་དྲང་དོན་རྣམ་པར་འབྱེད་པ་ལ་བླ་ན་མེད་པའི་མཁས་རྩལ་དང་ལྡན་ལ། ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་སྙིང་པོའི་གོ་འཕང་དག་རབ་ཏུ་སྟེར་བར་བྱེད་པ་རྫོགས་སོ། །ཞེས་གསལ་ཡོད་ཀྱང་། བོད་འགྱུར་སྤར་མ་རྣམས་སུ་ཇི་ལྟར་གསལ་བའི། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་ཡོངས་སུ་རྫོགས་སོ། །ཞེས་པ་དེ་གསལ་མེད། ཚིག་སྦྱོར་འདི་དབུ་མ་འཇུག་པ་རྩ་འགྲེལ་དང་གཞུང་འདི་བཅས་གསུམ་ཀར་གཅིག་མཐུན་གྱི་ཚུལ་དུ་གསལ་ཡོད།

 

༢༽ མཛད་བྱང་ཁྱད་པར་ཅན་དེའི་བརྗོད་བྱའི་སྙིང་དོན།

༈  ཟབ་ཅིང་འདུས་ཆེ་བའི་བརྗོད་དོན་དང་། སྙན་ཞིང་འཇེབས་ལ་བསྡེབས་ལེགས་པའི་རྗོད་བྱེད་ཀྱིས་རབ་ཏུ་ཕྱུག་པའི་མཛད་བྱང་ཁྱད་པར་ཅན་འདིའི་བརྗོད་བྱའི་སྙིང་དོན་འདི་ལྟ་སྟེ། དེ་ཡང་ཚིགས་བཅད་དང་པོ་བཞིས། བསྟན་བཅོས་རྩ་འགྲེལ་གཉིས་ཀའི་བརྗོད་བྱའི་གཙོ་བོ་གང་ཡིན་ངོས་བཟུང་ནས། དེ་ལ་བླ་ན་མེད་པའི་ཁྱད་ཆོས་དང་བྱེད་ལས་ཐུན་མིན་ཇི་ལྟར་ལྡན་ཚུལ་བསྟན་ཏེ། རྒྱལ་བ་རྣམས་ཀྱིས་གདུལ་བྱའི་དོན་དུ་གསུང་རབ་ཡན་ལག་དགུ་དང་བཅུ་གཉིས་སོགས་བདེན་པ་གཉིས་ལ་བརྟེན་པའི་ཟབ་ཅིང་རྒྱ་ཆེ་བ་ཇི་སྙེད་ཅིག་གསུངས་པ་ལས། ཆགས་སྡང་སོགས་ཉོན་མོངས་ཕྱོགས་རེ་བ་ཟད་པར་བྱ་ཕྱིར་གསུངས་པ་གང་ཡིན་དེས་ནི། སྤང་བྱ་ཕྱོགས་རེ་བ་ཙམ་ལས་མཐའ་དག་པ་ཟད་པར་བྱེད་མི་ནུས་པས། དེ་ནི་ཁྱབ་ཆུང་ཞིང་མཐའ་དག་པའི་གཉེན་པོར་གསུངས་པ་ལ་ལྟོས་ཏེ་དེ་ཙམ་གྱི་དོན་ཆེན་མིན་ལ། ཉེས་ཚོགས་ཀུན་གྱི་རྩ་བ་གཏི་མུག་ཟད་པར་བྱ་ཕྱིར་གསུངས་པའི་ཟབ་མོ་རྟེན་འབྱུང་དེ་ཁོ་ན་ཉིད་ཀྱི་ལམ་འདི་ནི། ཉོན་མོངས་ཉེས་སྐྱོན་ཀུན་རྩད་ནས་འབྱེད་བྱེད་ཀྱི་གཉེན་པོ་མཆོག་ཡིན་ཏེ། ཉོན་མོངས་དུག་ཅན་མཐའ་དག་གཏི་མུག་མ་རིག་པ་ལ་བརྟེན་ཅིང་། དེ་ལས་བྱུང་བར་རྒྱལ་བ་རྣམས་ཀྱིས་གསུངས་ཤིང་། དེ་དག་གཉེན་པོ་དམ་པ་དེ་ཉིད་ཀྱིས་འཇོམས་ཤིང་ཞི་བར་བྱེད་པས་ན། གཞི་སྒོ་གཉིས་པ་མེད་པའི་གཉེན་པོ་དམ་པ་དེ་ནི། ཆོས་རྣམས་ཀྱི་གནས་ལུགས་དེ་ཁོ་ན་ཉིད་དང་བདེ་བར་གཤེགས་པ་རྣམས་ཀྱི་དབུ་མའི་ལམ་དང་། ཐུབ་པ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དང་། གནས་ལུགས་སྟོང་པ་ཉིད་དང་། སངས་རྒྱས་རྣམས་ཀྱི་ཐུགས་དང་། རིགས་པ་ཆེན་པོ་དང་། ཡོན་ཏན་ཀུན་གྱི་འབྱུང་གནས་སུ་རྒྱལ་བ་རྣམས་ཀྱིས་བསྟན་པར་མཛད་ཅིང་། དེ་འདྲ་བའི་རྨད་བྱུང་གཏམ་གྱི་སྦྱོར་བ་འདི་ནི་ཤིན་ཏུ་རྒྱས་པར་ཐུགས་རྗེས་རབ་ཏུ་བརླན་པའི་ཐུགས་མངའ་བ། རྒྱལ་བའི་སྲས་པོ་ཀླུ་སྒྲུབ་ཞབས་ཀྱི་གསུང་རབ་དབུ་མ་རྩ་བ་ཤེས་རབ་སོགས་སུ་ཇི་ལྟར་གནས་པ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་པའི་སྒོ་ནས་དབུ་མའི་བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོའི་ངོ་བོར་བསྟན་པར་མཛད་དོ།།

ཚིག་བཅད་ལྔ་པས། བསྟན་བཅོས་ཁྱད་པར་ཅན་དེ་བརྩམས་དགོས་པའི་རྒྱུ་མཚན་བསྟན་ཏེ་སྐྱེ་བོ་གང་དག་རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་ནོར་ཟབ་མོ་དེ་ཁོ་ན་ཉིད་མ་རྟོགས་པ་དེ་རྟོགས་པར་བྱ་བའི་ཕྱིར་དང་། ཚུལ་དེ་ཐུབ་པའི་དགོངས་པའི་གསུང་ལས་གཞན་དུ་བསྟན་པར་འདོད་པ་དང་། བློ་གྲོས་ངན་པས་གསུང་རབ་ཀྱི་ཟབ་དོན་རྣམ་པ་གཞན་དུ་འཆད་པར་འདོད་པ་དག་ལུང་རིགས་དྲི་མ་མེད་པའི་སྒྲུབ་བྱེད་དང་ལྡན་པའི་སྒོ་ནས་བཟློག་པའི་ཕྱིར་དུ་རྟག་ཆད་ཀྱི་མཐའ་གཉིས་སེལ་བའི་དབུ་མའི་བསྟན་བཅོས་འདི་བརྩམས་པར་མཛད་དོ།།

ཚིག་བཅད་དྲུག་པས། སངས་རྒྱས་ཀྱི་བསྟན་པའི་སྲོལ་འཛིན་ཆེན་པོ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡུན་རིང་དུ་བསྐྱངས་ཚུལ་བསྟན་ཏེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་སྲོལ་འཛིན་ཆེན་པོ་སྒྲ་གཅན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས་དང་། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷ་སོགས་ཀྱིས་ཐུབ་པ་སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པའི་ཚུལ་ལུགས་རྣམས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཡུན་རིང་དུ་དར་སྤེལ་མཛད་ཅིང་། དེ་བཞིན་དུ་དེ་དག་གི་གསུང་སྐྱེས་སློབ་མ་མཁྱེན་རབ་རྣམ་དཔྱོད་ཅན་རྣམས་ཀྱིས་ཀྱང་འཕགས་པ་ཡབ་སྲས་ཀྱི་གཞུང་རྩ་ཤེས་སོགས་བསྟན་བཅོས་ཆེན་མོ་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་ཤིང་ལེགས་པར་བཀྲལ་ནས། ལོག་ལམ་དུ་འཕྱན་པའི་མུ་སྟེགས་པ་རྣམས་ཕམ་པར་མཛད་པའི་སྒོ་ནས་ཐུབ་པ་མཆོག་གི་བསྟན་པ་ཡུན་རིང་དུ་འཆད་སྤེལ་མཛད་སྐོར་གསུངས་ཡོད།

ཚིགས་བཅད་བདུན་པས། ཀླུ་སྒྲུབ་སྨྲ་བའི་ཉི་མ་དེ་ཉིད་ཞི་བའི་དབྱིངས་སུ་གཞོལ་ཞིང་དུས་མང་ཞིག་འདས་རྗེས་སུ། གང་གི་བརྩམས་ཆོས་གསུང་རབ་དང་གསུང་སྐྱེས་སློབ་མའི་ཚོགས་ལ་ཉམས་སྐྱོན་ཇི་ལྟར་བྱུང་ཚུལ་བསྟན་ཏེ། གཅིག་ཏུ་གཞན་དོན་ཁོ་ན་ལ་དགོངས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་དེས། རང་གི་དབུ་དོན་དུ་གཉེར་བ་རྒྱལ་པོ་བདེ་སྤྱོད་བཟང་པོའི་སྲས་གཞོན་ནུ་ནུས་ལྡན་གྱི་རེ་འདོད་ཡོངས་སུ་བསྐོང་ཕྱིར་དུ་ཐུགས་བརྩེ་བ་ཆེན་པོས་ཇི་མི་སྙམ་པར་རང་གི་དབུ་བཅད་ཅིང་སྩལ་ནས། རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་ནས་དག་པའི་ཞིང་བདེ་བ་ཅན་དུ་གཤེགས་རྗེས་སུ་དུས་རིང་ཞིག་འདས་པ་ན། བདག་ཉིད་ཆེན་པོ་དེས་མཛད་པའི་གཞུང་ལུགས་དང་། གང་གི་གསུང་སྐྱེས་སློབ་མའི་ཚོགས་ཀྱི་བརྒྱུད་རིམ་དག་ལ་ཡང་ཉམས་སྐྱོན་ཆེ་ཙམ་བྱུང་ཡོད། དེ་ལྟར་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ཉི་མ་ཆེན་པོ་དེ་ནུབ་པའི་རྐྱེན་གྱིས་ལུགས་མཆོག་དེའི་རྣམ་གཞག་རྣམས་སྐབས་དེ་དག་ཏུ་སློབ་དཔོན་ཉིད་དངོས་སུ་ཞལ་བཞུགས་དུས་ལྟར་གྱི་གསལ་པོ་དང་ཟུར་ཕྱིན་པ་དེ་འདྲ་གང་ན་ཡང་མེད་པར་གསུངས་ཡོད།

ཚིགས་བཅད་བརྒྱད་པས། སྤྱིར་སྐབས་དེའི་སྤྱི་ཚོགས་ནང་ལྟ་གྲུབ་དང་གཞུང་ལུགས་སྨྲ་བ་རྣམས་ཀྱི་ཅུང་ཞན་ཆ་ཆེ་བའི་མཁྱེན་ཡོན་ཆུ་ཚད་ལ་ལྟོས་ཏེ། སློབ་དཔོན་ཟླ་བ་གྲགས་པ་གང་ཉིད་ཀྱི་ཆེས་རྨད་དུ་བྱུང་ཞིང་། མི་འཕྲོགས་པའི་མཁྱེན་རབ་དང་རྣམ་དཔྱོད་ལ་ཐུགས་ཁོངས་ནས་སྤྲོ་བ་ཇི་ལྟར་སྐྱེས་ཚུལ་བཅས་བསྟན་ཏེ། སྐབས་དེའི་ལྟ་གྲུབ་སྨྲ་བའི་མཁས་རློམ་ཕལ་ཆེར་རང་བཟོའི་རྣམ་རྟོག་གིས་སྦྱར་བའི་དོན་ཙམ་ལ་མཁས་ཤིང་། ཚད་མའི་སྐྱེས་བུས་བསྟན་པའི་ཡང་དག་པའི་ལམ་ལས་རིང་དུ་གྱུར་ཅིང་། དོན་མེད་དོན་ལོག་དང་། ཐོས་རྩོད་ལྷུར་ལེན་དང་། ཐ་སྙད་སྐམ་བཤད་ཅན་གྱི་རྟོག་གེའི་ཆང་འཐུང་བ་ཡིས་རབ་ཏུ་མྱོས་ཤིང་བརྒྱལ་བ་མང་ལ། ཐམས་ཅད་མཁྱེན་པས་གསུངས་པའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་དང་བྲལ་ཞིང་། ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་། གཞུང་ལུགས་ཀྱི་རྣམ་གཞག་རྣམས་རྩ་བལ་པ་ཛ་བཞིན་དུ་རབ་ཏུ་འཛིངས་ཤིང་འཁྲུགས་པའི་གནས་སྐབས་དེ་འདྲ་བའི་ཚེ། མཁས་པ་གང་ཞིག་ཟབ་དོན་གྱི་གནད་ཀུན་ལ་ཡིད་གཉིས་སྐད་ཅིག་ཙམ་ཡང་མེད་པར་གནས་ལུགས་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པ་དེ་ནི་ཆེས་སྐལ་བ་དང་ལྡན་པར་དགོངས་ཚུལ་བསྟན་ནོ།།

ཚིགས་བཅད་དགུ་པས། ཁེངས་བསྐྱུང་ཞིང་དགོས་པ་གང་གི་ཕྱིར་དུ་འགྲེལ་པ་བརྩམས་ཚུལ་བསྟན་ཏེ། དེ་ཡང་དངོས་པོ་བདེན་གྲུབ་སྨྲ་ཞིང་བདེན་འཛིན་གྱི་ཞགས་པའི་འཆིང་བས་དཀྲིས་པ་དེ་དག་གིས་ཉེ་བར་སྦྱར་བའི་བསྟན་བཅོས་རྣམས། ཆེས་འཇིགས་སུ་རུང་བའི་ལུང་རིགས་རྣམ་དག་གི་མཚོན་རྣོན་གྱིས་དུམ་བུར་བཅད་བྱས་ནས། དངོས་སྨྲ་བས་འདོད་པའི་བདེན་གྲུབ་ཀྱི་ལྟ་བའི་ཆུ་དོང་གི་ར་བ་ལ་མཆོངས་ཤིང་དེ་ལས་ཡོངས་སུ་བརྒལ་ཏེ། དཔལ་ལྡན་དབུ་མའི་ལམ་བཟང་གི་ཕྱོགས་སུ་ཚིམ་པ་མེད་པར་འགྲོ་བའི་རི་དྭགས་ཀྱི་ཚུལ་ཅན་དེ་ནི། ཆེས་མཁས་ཤིང་དཔའ་བའི་བདག་ཉིད་ཆེན་པོ་ཞིག་ཡིན་པས། མཁས་པ་དེ་འདྲ་བ་ལ་ལྟོས་ཏེ་བསྟན་བཅོས་འཆད་རྩོམ་གྱི་ཡོན་ཏན་དེ་འདྲ་བ་བདག་ལ་མེད་མོད་ཀྱང་། བདག་གིས་བསྟན་བཅོས་འདི་བརྩམ་དགོས་དོན་ནི། གཙོ་བོ་དེའི་ཚེ་དེའི་དུས་ཀྱི་ཟབ་དོན་གྱི་གནད་ལ་མི་མཁས་པའི་སྐྱེ་བོ་དག་གི་ཆེད་དུ་དང་། ཞར་ལ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དང་མི་མཐུན་པའི་བསྟན་བཅོས་སྐྱོན་ཅན་རྣམས་འཇོམས་པའི་ཆེད་དུ་འགྲེལ་བ་འདི་ཟླ་བ་གྲགས་པ་བདག་གིས་བརྩམས་པར་བསྟན་ནོ།།

ཚིགས་བཅད་བཅུ་པ་དང་བཅུ་གཅིག་པ་གཉིས་ཀྱིས། བསྟན་བཅོས་འདིའི་བརྗོད་བྱ་ཟབ་པའི་མཐར་ཐུག་པ་དེ་བཀའ་དགོངས་འགྲེལ་གྱི་གསུང་རབ་དག་ལ་གཞི་མཛད་ནས་ཇི་ལྟར་ཕྱོགས་བསྡོམས་དང་འབྲེལ་བསྟན་བཅོས་འདིར་ཡང་དག་པར་བསྟན་ཚུལ་ལགས་ཏེ། གཞུང་འདིའི་བརྗོད་དོན་རྣམས་སྤྱིར་རྒྱལ་བའི་བཀའ་ངེས་དོན་གྱི་མདོ་སྡེ་ཟབ་མོ་ཆེས་མང་པོ་དང་། སྒོས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་བཏུས་དང་། གཏམ་བྱ་རིན་ཆེན་ཕྲེང་བ་དང་། བསམ་གྱིས་མི་ཁྱབ་པའི་བསྟོད་པ་སོགས་བསྟོད་ཚོགས་དང་། ཡང་སྒོས་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་དང་། རིགས་པ་དྲུག་ཅུ་པ་སོགས་རིགས་ཚོགས་རྣམས་ལེགས་པར་གཟིགས་ཤིང་རྒྱུན་རིང་འབད་པས་བསླབ་པ་དང་། དེ་བཞིན་དུ་འཕགས་པ་ལྷའི་བཞི་བརྒྱ་པ་དང་། སངས་རྒྱས་བསྐྱངས་ཀྱི་རྩ་ཤེའི་འགྲེལ་པ་དང་། ལེགས་ལྡན་འབྱེད་ཀྱི་ལེགས་བཤད་སོགས་གཟིགས་ལམ་དུ་གྱུར་ཅིང་། དེ་དག་ལ་རིམ་པར་བརྒྱུད་པའི་ལེགས་བཤད་རྣམས་དང་། སློབ་དཔོན་རང་ཉིད་ཀྱིས་དེ་དག་ལ་རིགས་ལམ་ཕྲ་མོ་འབྱེད་པའི་རྣམ་དཔྱོད་ཀྱིས་ལེགས་པར་བརྟགས་ཤིང་དཔྱད་པ་ལས་རྙེད་པའི་ཟབ་དོན་གྱི་གནད་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། བློ་ཆེན་དཔྱོད་ལྡན་རྣམས་མགུ་བར་བྱ་ཕྱིར་བསྟན་བཅོས་འདིར་ཡང་དག་པར་བསྟན་པར་གསུངས་ཡོད།

ཚིགས་བཅད་བཅུ་གཉིས་པས། འགྲེལ་པ་དེར་བྱེད་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་ཇི་ལྟ་བུ་དང་ལྡན་ཚུལ་བསྟན་ཏེ། ཟབ་དོན་གྱི་གནད་ལ་དྲི་མ་མེད་པའི་རིགས་པས་རྣམ་པར་དཔྱོད་པའི་དཀྱིལ་འཁོར་དང་ལྡན་ཞིང་། རང་ལྟ་མཆོག་འཛིན་ཅན་གྱི་རྟོག་གེ་ངན་པའི་རྒོལ་བ་རྣམས་འཇོམས་ཤིང་ཚར་གཅོད་པ་དང་། གཟུ་བོར་གནས་ཤིང་དོན་གཉེར་ཆེ་བའི་བློ་གསལ་རྣམས་ལ། གཞུང་དོན་རྣམས་ཤིན་ཏུ་གོ་བདེ་ཞིང་ཟུར་ཕྱིན་པའི་ཚིག་གི་འོད་ཟེར་རབ་ཏུ་སྤྲོ་བར་བྱེད་པ་དང་། དེ་བཞིན་དུ་ཟབ་ཅིང་གཏིང་དཔོག་པར་དཀའ་བའི་གནད་དོན་རྣམས་མ་ནོར་མ་དཀྲུགས་པར་དངོས་སུ་གསལ་བར་བྱེད་པའི་རྨད་དུ་བྱུང་བའི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བར་བྱེད་པའི་བྱེད་པོ་འོད་སྟོང་འབར་བའི་སློབ་དཔོན་ཟླ་བ་གྲགས་ལྡན་འདི་ཉིད་འཇིག་རྟེན་གྱི་ཁམས་འདིར་ཡོངས་སུ་ཤར་བ་དང་ལྷན་ཅིག་ཏུ། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་དོན་ལ་ལོག་པར་ཞུགས་པའི་འཇིག་རྟེན་པའི་ཡིད་གཉིས་ཀྱི་མུན་པ་སྟུག་པོ་མཐའ་དག་རྩད་ནས་འབྱིན་པར་གསུངས་ཡོད།

ཚིགས་བཅད་བཅུ་གསུམ་པས། འགྲེལ་པ་འདི་ཇི་ལྟར་བརྩམས་ཚུལ་གྱི་ཁྱད་ཆོས་དང་དགེ་བ་བསྔོ་བ་སོགས་བསྟན་ཏེ། བསྟན་བཅོས་ཀྱི་བརྗོད་དོན་རྣམས་ངེས་དོན་གྱི་ལུང་དང་། ཡང་དག་པའི་རིགས་པ་ལ་བརྟེན་ནས་འགྲེལ་ཞིང་། དེ་ཡང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ་ཕུན་སུམ་ཚོགས་པའི་བརྗིད་ཉམས་དང་ལྡན་པའི་བསྡེབས་ལེགས་པ་སྟེ་རྩོམ་རྩལ་ཕུལ་དུ་བྱུང་བ་དང་ལྡན་ཞིང་། གཞུང་དོན་གྱི་གོ་རིམ་མ་དཀྲུགས་ཤིང་། ཟུར་ཕྱིན་ལ་ཤིན་ཏུ་གསལ་བའི་ཚིག་གིས་ཡང་དག་པར་བཀྲལ་བ་འདི་བློ་ཆེན་དད་ལྡན་ཅན་རྣམས་ཀྱི་མཐར་ཐུག་པའི་རེ་འདོད་རྣམས་ངེས་པར་བསྒྲུབ་པར་བྱ་བའི་ཕྱིར་མཛད་པ་ཡིན་པས། དེ་འདྲ་བའི་མཆོག་ཏུ་དགེ་བའི་མཛད་བཟང་དེ་ལ་བརྟེན་ནས་གང་བསགས་པའི་ཚོགས་གཉིས་ཀྱི་དཔལ་ཡོན་དེ་ནི། ཤེས་བྱའི་ཆོས་ཀུན་ལ་ཁྱབ་པའི་སྟོང་ཉིད་ལྟར་ཆེས་ཡངས་ཤིང་རྒྱ་ཆེ་ལ་ཚད་གཞལ་དུ་མེད་པ་ཞིག་ཡིན་པས། རླབས་པོ་ཆེའི་ལེགས་བྱས་དེའི་མཐུ་ལ་བརྟེན་ནས་འགྲོ་ཚོགས་ཀུན་གྱི་རྒྱུད་ལ་བརྟན་ཆགས་པར་གནས་པའི་ལྟ་བ་ངན་པའི་སྤྲོས་པའི་ཆུ་རྒྱུན་རྣམས་ཡོངས་སུ་བཅད་ནས། ཐར་པ་དམ་པའི་གོ་འཕང་མཆོག་ལ་མྱུར་དུ་བགྲོད་པར་ཤོག་ཅེས་བསྔོ་སྨོན་མཛད་དོ།།

ཚིགས་བཅད་བཅུ་བཞི་པ་སྟེ་ཐ་མས། བསྟན་ལ་སྟོན་པ་གཉིས་པར་གྲགས་པའི་གཞུང་རྩ་བ་མཛད་པ་པོའི་སློབ་དཔོན་ལ་བླ་ན་མེད་པའི་གུས་ཕྱག་མཛད་ཚུལ་བསྟན་ཏེ། རྣམ་འདྲེན་བཞི་པ་སྟོན་པ་ཤཱཀྱ་ཐུབ་པ་སོགས་ཡང་དག་པའི་ཆོས་ལ་ཞུགས་ཟིན་པའི་རྗོགས་པའི་སངས་རྒྱས་མཐའ་དག་དང་། འཇུག་བཞིན་པ་རྒྱལ་བའི་སྲས་པོའི་ཚོགས་འཕགས་པའི་དགེ་འདུན་དང་། སངས་རྒྱས་སྲས་བཅས་དེ་དག་གིས་ལེགས་པར་གསུངས་པའི་དམ་པའི་ཆོས་བཅས་མཆོག་གསུམ་ལ་གུས་ཕྱག་མཛད་ནས། མཐའ་ཡས་པའི་མདོ་སྔགས་ཀྱི་གསུང་རབ་ཀུན་ལ་བལྟ་བའི་ཐབས་མཆོག་ལུས་ཅན་རྣམས་ཀྱི་དྲི་མ་མེད་པའི་མིག་ཏུ་གྱུར་པ་དབུ་མ་རྩ་བ་ཤེས་རབ་མཛད་པ་པོ་ཐུགས་རྗེའི་བདག་ཉིད་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཀྱི་ཞབས་ཀྱི་པདྨོ་ལ་འགྲེལ་པ་མཛད་པ་པོས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་མཛད་པ་བསྟན་ནོ།།

སྐབས་གཞན་དུ་ངོས་ནས་མཛད་བྱང་དེའི་ལེགས་སྦྱར་རྒྱ་དཔེ་ལ་འདྲ་བསྡུར་བསྐྱར་ཞིབ་དག་ཞུས་དང་། ཧིན་སྐད་ཐོག་ཕབ་བསྒྱུར་བཅས་བྱས་ནས་བོད་འགྱུར་དང་ལྷན་དུ་སྤར་སྐྲུན་ཞུས་ཡོད། ད་ལམ་འདིར་དེ་འདྲ་བའི་དབུ་མ་ཚིག་གསལ་གྱི་མཛད་བྱང་ཁྱད་པར་ཅན་དེ་ལ་བརྟེན་པའི་འཁྲུལ་རྟོག་སྐྱེ་གཞིའི་དོགས་གནས་ལ་དཔྱད་ཞིབ་འགྲེལ་བརྗོད་དང་སྦྲགས། ཆ་ཤས་དེའི་ལེགས་སྦྱར་རྒྱ་དཔེ་དང་བོད་འགྱུར་ཁག་དབར་མཚུངས་བསྡུར་བསྐྱར་ཞིབ་དག་ཞུས་བཅས་བྱས་ནས་བོད་སྐད་ཐོག་འདོན་སྤེལ་ཞུས་པ་དགེའོ། །ཞེས་བྱུང་བ་ལྟར། མཛད་བྱང་ཁྱད་པར་ཅན་དངོས་གཞི་རྣམས་དཔལ་ལྡན་ཟླ་བ་གྲགས་པའི་གསུང་འབུམ་གྱི་མཇུག་མཐར་ཕྱོགས་བསྒྲིགས་ཞུས་ཡོད་པས་དེར་གཟིགས་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གཏམ་ཚོགས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ༣༠། ཨང་། ༢། ཤོག་གྲངས་ ༡ བཀོད་ནས་ཟུར་འདོན་ཞུས་པའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༩༥ ནས་ ༦༠༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *