༢༽ བློ་གྲོས་མི་ཟད་པའི་མཚན་གྱི་སྐོར།
དེ་ཡང་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་ (1295-1369) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་པ་ལེགས་བཤད་རྒྱ་མཚོ་ལས[1]།
ངོ་མཚར་རྣམ་ཐར་བླ་བྲེ་གསར་པ་ཡིས། །སྲིད་ཞི་མཐའ་དག་ཁེབས་པའི་རྨད་བྱུང་དང༌། །
ལྷན་ཅིག་བློ་གྲོས་མི་ཟད་ཞི་བའི་ལྷ། །གྲགས་སྙན་རྒྱལ་སྲས་བྱེ་བའི་དབུས་ན་མཐོ། །
ཞེས་གསུངས་པ་ལྟར། བློ་གྲོས་མི་ཟད་པ་ཞེས་པ་འདི་ཡང་རྒྱལ་སྲས་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཡིན་ཚུལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་དང་། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་སོགས་སུ་གསལ་ལ། དེ་བཞིན་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱིས་མཛད་པའི་ཞང་རིན་པོ་ཆེའི་མན་ངག་ཕྱག་རྒྱ་ཆེན་པོའི་སྒོམ་མ་མོ་ཆེན་མོའི་སྔོན་གཞི་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག་ལས[2]། དེའི་ཕྱིར་སློབ་དཔོན་བློ་གྲོས་མི་ཟད་པའི་ཞལ་ནས་ཀྱང་།
དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །
གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར། །
ཞེས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ལུང་འདྲེན་མཛད་པར་མ་ཟད། ཐུབ་བསྟན་ཆོས་ཀྱི་གྲགས་པས་ (1823-1905) མཛད་པའི་སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་ལས[3]།
རྒྱལ་བའི་མྱུ་གུ་བློ་གྲོས་མི་ཟད་པའི། །གསུང་གི་བདུད་རྩིའི་སྙིང་པོ་སྤྱོད་འཇུག་ཅེས། །
ཉི་ཟླ་ལྟ་བུར་ཡོངས་སུ་གྲགས་པའི་གཞུང་། །ཐེག་ཆེན་གསུང་རབ་ཀུན་གྱི་བཅུད་བསྡུས་གང་། །
ཞེས་གསུངས་པ་ལྟར། སློབ་དཔོན་བློ་གྲོས་མི་ཟད་པ་ཞེས་པ་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་ཡིན་པར་གསལ་ལ། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[4]།
མཁས་པའི་པཎ་ཆེན་ཁྲི་ཕྲག་བརྒྱད་སྟོང་བཅས། །སྐྱེ་བོའི་འཁོར་ཚོགས་རྒྱ་མཚོ་ཟིལ་མནན་ཏེ། །
སྔོན་མེད་བྱང་ཆུབ་སྦྱོང་གཞུང་བཀའ་སྩལ་ཚེ། །བློ་གྲོས་མི་ཟད་གཏེར་ཞེས་བསྔགས་དེར་འདུད། །
ཅེས་གསུངས་པ་ནི། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[5]། ཆོ་འཕྲུལ་གྱི་དུས་སུ་ཆོས་སྟོན་པའི་སློབ་དཔོན་ལ་བསྐོས་ཏེ། ཕྱི་རོལ་དབང་ལྡན་གྱི་མཚམས་གོ་སྐབས་ཡངས་པར་སེང་གེའི་ཁྲི་དང་མཆོད་པ་ཆེན་པོ་བཤམས། སྐྱེ་བོའི་ཚོགས་བསྡུས་ཏེ་ཆོས་གསུངས་པ་ན། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལ་གུས་པར་ཕྱག་བཙལ་ཏེ། །བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བསྟན་པར་བྱ། །ཞེས་སོགས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཉིད་དུ་གསུངས་སོ། །རྡོ་རྗེ་གདན་པ་ཆེན་པོས་གྲུབ་ཐོབ་ཀྱི་འདུ་བར་བསྔགས་པ་ལས།
བསྟན་བཅོས་བརྩམས་ཤིང་མཁའ་ལ་གཤེགས། །བྱང་སེམས་བསླབ་པ་མཐར་ཕྱིན་པ། །
ཤཱནྟ་དེ་ཝ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་པཎ་ཆེན་ཁྲི་ཕྲག་དང་། སྐྱེ་བོའི་ཚོགས་ལ་སྔོན་མེད་ལེགས་བཤད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་མཛད་པའི་ཚེ། བློ་གྲོས་མི་ཟད་པའི་གཏེར་ཞེས་བསྔགས་པ་མཛད་པ་ནས་མཚན་བསྟོད་འདི་ཉིད་བྱུང་བ་ཞིག་ཡིན་པ་ནི། དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས་[6]ཀྱང་། ནམ་ཞིག་ཆོ་འཕྲུལ་ཟླ་བར་གསུང་རབ་འདོན་པའི་རེས་མོས་ཡོད་པ་དེར་འབྱོན་པར་ཞུས་པས། ཅི་ཡང་མི་ཤེས་གསུངས་ཀྱང་གཞན་རྣམས་ཀྱིས་ཉམས་ཚོད་ལེན་བགྲོས་ཀྱིས་མ་བཟློག་པས་ཕེབས། ཁྲིར་བཞུགས་ནས་སྔོན་དྲང་སྲོང་གིས་གསུངས་ཟིན་པ་ཞིག་གམ། དེ་རྗེས་བྱུང་བ་སྔར་མ་གྲགས་པ་ཞིག་འདོན་གསུངས། གཞན་ཀུན་ནས་མ་གྲགས་པ་ཞིག་འདོན་པར་ཞུས་པས། བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་བསྟན་བཅོས་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་སོགས་གསུང་ཚེ་ཆོས་ཉིད་མངོན་སུམ་གཟིགས་མདུན་མཁར་འཇམ་དབྱངས་བཞུགས་པ་མང་པོས་མཐོང་། སྐྱེས་བུ་དམ་པ་འདི་ནི་བློ་གྲོས་མི་ཟད་པའོ། །ཞེས་སྒྲོགས་ཞེས་གསུངས་པ་ལྟར་དང་། བློ་གྲོས་མི་ཟད་པ་ཡིན་ནོ་ཅོག་སློབ་དཔོན་འདིའི་མཚན་དུ་མི་འགྲོ་སྟེ། བློ་གྲོས་མི་ཟད་པས་ཞུས་པའི་མདོ་དང་། བློ་གྲོས་མི་ཟད་པས་བསྟན་པའི་མདོས་མཚོན་ནས་ཤེས་པར་བྱའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། དཔེ་གཟུགས། ཤོག་གྲངས་ ༡༢༤
[2] སྒོམ་ཆེན། ཚལ་ལུགས། ༼ཉ༽ གདམས་ངག་མཛོད། བཀའ་བརྒྱུད། དཔེ་རིང་། ཤོག་ ༤བ༣
[3] སྤྱོད་འཇུག་གི་འགྲེལ་བཤད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༨༧༤
[4] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[5] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
[6] ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥ ནས་ ༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།