གཉིས་པ། དབུ་མའི་སྐོར།
༤༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། མདྷྱཱ་ལཾ་ཀཱ་ར་པཉྩི་ཀཱ། བོད་སྐད་དུ། དབུ་མ་རྒྱན་གྱི་དཀའ་འགྲེལ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང༌། པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤླཽ་ཀ་སྟོང་སུམ་བརྒྱ་བརྒྱད་ཅུ་དང་བམ་པོ་བཞི་ཡོད་དོ། །ཞེས་བྱུང་ལ།
གཞན་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས་དེ་བཞིན་བྱུང་ཡང་། སྟོང་ཐང་ལྡན་དཀར་གྱི་ཆོས་ཀྱི་འགྱུར་རོ་ཅོག་གི་དཀར་ཆག་ལས[1]། དབུ་མ་རྒྱན་གྱི་དཀའ་འགྲེལ། ཤླཽ་ཀ་སྟོང་ལྔ་བརྒྱ་སྟེ་བམ་པོ་ལྔ། ཞེས་བྱུང་བས་དཔྱད་དགོས་ལ། གཤམ་གསལ་བསྟན་འགྱུར་ཁག་ཏུ་བམ་པོ་བཞི་རེ་གཅིག་མཚུངས་སུ་གསལ་ཞིང་། འདི་ལ་དབུ་མ་རྒྱན་གྱི་འགྲེལ་བཤད་ཀྱང་བྱ་ལ། འདི་ཀ་མ་ལ་ཤཱི་ལའི་གསུང་ཡིན་མིན་སྐོར་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༦ བམ་པོ། ༤ ལྡེབ་ ༨༤ན༡ ནས་ ༡༣༣བ༤ བར་ཡིག་ཕྲེང་ ༦༩༧ ཚེག་ཁྱིམ་ ༤༤༩༡༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བདེན་གཉིས་རྣམ་འབྱེད། པོད་རྟགས། ༼ས༽ ཚན་གྲངས་ ༤ བམ་པོ། ༤ ལྡེབ་ ༨༠བ༧ ནས་ ༡༤༣བ༢ བར་ཡིག་ཕྲེང་ ༡༠༠༤ ཚེག་ཁྱིམ་ ༤༤༥༧༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ས༽ ཚན་གྲངས་ ༤ བམ་པོ། ༤ ལྡེབ་ ༧༩བ༧ ནས་ ༡༣༥ན༤ བར་ཡིག་ཕྲེང་ ༧༧༥ ཚེག་ཁྱིམ་ ༤༤༥༧༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༦ བམ་པོ། ༤ ལྡེབ་ ༨༣བ༧ ནས་ ༡༣༣བ༦ བར་ཡིག་ཕྲེང་ ༧༠༠ ཚེག་ཁྱིམ་ ༤༤༩༡༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༩༨༡ ནས་ ༡༡༠༣ བར་བཞུགས་པ་བཅས་སོ།།
༥༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མ་ཀཱ་ལོ་ཀ་ནཱ་མ། བོད་སྐད་དུ། དབུ་མ་སྣང་བ་ཞེས་བྱ་བ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཀྱང་། ཉེ་ཆར་ཐུབ་པ་དགོངས་རྒྱན་གྱི་རྒྱ་དཔེ་གསར་དུ་རྙེད་པའི་ནང་དུ་དབུ་མ་སྣང་བའི་ལུང་དྲངས་པ་རྣམས་མཇལ་དུ་ཡོད།
གཞན་ཡང་། གཙང་མཁན་ཆེན་ (1610-1684) གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[2]། དེ་ནས་བསམ་ཡས་སུ་ཕེབས་ཏེ་རྒྱ་དཔེ་གཟིགས་ཤིང་སྐོར་བ་མཛད། དེའི་ཚེ་ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་འདུག་གསུངས་ནས་དབུ་མ་སྣང་བ་དང་། ཕལ་པོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར། ཞེས་བྱུང་བ་ལྟར་སྔར་རྒྱ་གར་འཕགས་ཡུལ་དུ་རྒྱ་གཞུང་རྩ་བརླག་ཏུ་སོང་བས། དབུ་མ་སྣང་བའི་རྒྱ་དཔེ་ཡང་བསམ་ཡས་སུ་བཞུགས་པ་ནས་ཇོ་བོས་བཞེངས་ཏེ་རྒྱ་གར་འཕགས་ཡུལ་དུ་བསྐུར་ནས་བསྐྱར་གསོ་གནང་བར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༧ ལྡེབ་ ༡༣༣བ༤ ནས་ ༡༤༤ན༧ བར་ཡིག་ཕྲེང་ ༡༥༥༡ ཚེག་ཁྱིམ་ ༩༨༢༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བདེན་གཉིས་རྣམ་འབྱེད། པོད་རྟགས། ༼ས༽ ཚན་གྲངས་ ༥ ལྡེབ་ ༢༤༤བ༢ ནས་ ༢༧༥ན༤ བར་ཡིག་ཕྲེང་ ༡༩༦༣ ཚེག་ཁྱིམ་ ༩༨༠༨༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ས༽ ཚན་གྲངས་ ༥ ལྡེབ་ ༡༣༥ན༤ ནས་ ༢༧༦བ༥ བར་ཡིག་ཕྲེང་ ༡༨༥༧ ཚེག་ཁྱིམ་ ༩༨༠༨༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༧ ལྡེབ་ ༡༣༣བ༦ ནས་ ༢༤༢ན༤ བར་ཡིག་ཕྲེང་ ༡༥༣༨ ཚེག་ཁྱིམ་ ༩༨༢༠༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༡༡༡༤ ནས་ ༡༣༨༧ བར་བཞུགས་པ་བཅས་སོ།།
༦༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། ཏ་ཏཱ་ལོ་ཀ་ན་ནཱ་མ་པྲ་ཀ་ར་ཎཾ། བོད་སྐད་དུ། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། གཞུང་དངོས་ཀྱི་མཇུག་ཏུ་འགྱུར་བྱང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[3]། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༨ ལྡེབ་ ༢༤༤བ༡ ནས་ ༢༧༣ན༤ བར་ཡིག་ཕྲེང་ ༤༠༣ ཚིག་རྐང་ ༧༣༢༣༣ ཚེག་ཁྱིམ་ ༢༢༡༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བདེན་གཉིས་རྣམ་འབྱེད། པོད་རྟགས། ༼ས༽ ཚན་གྲངས་ ༦ ལྡེབ་ ༢༧༥ན༤ ནས་ ༣༡༢ན༥ བར་ཡིག་ཕྲེང་ ༥༩༣ ཚིག་རྐང་ ༧-༣༢༣༤ ཚེག་ཁྱིམ་ ༢༢༡༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ས༽ ཚན་གྲངས་ ༦ ལྡེབ་ ༢༦༧བ༥ ནས་ ༣༠༡ན༦ བར་ཡིག་ཕྲེང་ ༤༧༡ ཚིག་རྐང་ ༧-༣༢༣༤ ཚེག་ཁྱིམ་ ༢༢༡༣༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༨ ལྡེབ་ ༢༤༢ན༤ ནས་ ༢༦༩ན༥ བར་ཡིག་ཕྲེང་ ༣༨༠ ཚིག་རྐང་ ༧-༣༢༣༣ ཚེག་ཁྱིམ་ ༢༢༡༡༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༡༤༠༤ ནས་ ༡༤༧༤ བར་བཞུགས་པ་བཅས་སོ།།
༧༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་མི་གསལ་ཞིང་། བོད་སྐད་དུ། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༩ ལྡེབ་ ༢༧༣ན༤ ནས་ ༢༩༡ན༧ བར་ཡིག་ཕྲེང་ ༢༥༦ ཚེག་ཁྱིམ་ ༡༦༤༢༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བདེན་གཉིས་རྣམ་འབྱེད། པོད་རྟགས། ༼ས༽ ཚན་གྲངས་ ༧ ལྡེབ་ ༣༡༢ན༥ ནས་ ༣༣༨ན༥ བར་ཡིག་ཕྲེང་ ༤༡༧ ཚེག་ཁྱིམ་ ༡༦༤༥༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ས༽ ཚན་གྲངས་ ༧ ལྡེབ་ ༣༠༡ན༦ ནས་ ༣༢༣ན༤ བར་ཡིག་ཕྲེང་ ༣༠༧ ཚེག་ཁྱིམ་ ༡༦༤༥༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ས༽ ཚན་གྲངས་ ༩ ལྡེབ་ ༢༦༩ན༥ ནས་ ༢༨༨ན༧ བར་ཡིག་ཕྲེང་ ༢༦༩ ཚེག་ཁྱིམ་ ༡༦༤༢༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༡༤༧༩ ནས་ ༡༥༢༤ བར་བཞུགས་པ་བཅས་སོ།།
༨༽ དབུ་མ་ ༼ཀི༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བྷཱ་བ་ན། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བསྒོམ་པ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞབས་ཀྱིས་མཛད་པ། ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་གྲྭ་ཐང་དུ་བསྒྱུར་བའོ། །ཞེས་བྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༦ ལྡེབ་ ༡༦བ༣ ནས་ ༡༩ན༥ བར་ཡིག་ཕྲེང་ ༣༨ ཚེག་ཁྱིམ་ ༢༣༠༦། ཁ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༦ ལྡེབ་ ༡༦བ༣ ནས་ ༡༩ན༧ བར་ཡིག་ཕྲེང་ ༤༠ ཚེག་ཁྱིམ་ ༢༣༠༦། ག༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༤༩ ནས་ ༥༦ བར་བཞུགས་ཤིང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གཉིས་སུ་མི་སྣང་བ་བཅས་སོ།།
༩༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་པའི་རིམ་པ། གཞུང་དངོས་ཀྱི་མཇུག་བྱང་ལས[4]། སའི་མངའ་བདག་དཔལ་ལྷ་བཙན་པོས་བཀའ་སྩལ་ནས་ཀ་མ་ལ་ཤཱི་ལས་བསྒོམ་པའི་རིམ་པ་མདོར་བསྡུས་པ་འདི་བགྱིས་སོ། །བསྒོམ་རིམ་དང་པོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (廣釋菩提心論 T32, No1664) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༨ ལྡེབ་ ༢༢ན༡ ནས་ ༤༡བ༧ བར་ཡིག་ཕྲེང་ ༢༨༠ ཚེག་ཁྱིམ་ ༡༧༡༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༧ ལྡེབ་ ༢༢ན༣ ནས་ ༤༥ན༨ བར་ཡིག་ཕྲེང་ ༣༧༤ ཚེག་ཁྱིམ་ ༡༧༠༢༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༧ ལྡེབ་ ༢༢ན༢ ནས་ ༤༤ན༡ བར་ཡིག་ཕྲེང་ ༣༠༨ ཚེག་ཁྱིམ་ ༡༧༠༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༨ ལྡེབ་ ༢༢ན༢ ནས་ ༤༢བ༤ བར་ཡིག་ཕྲེང་ ༢༩༠ ཚེག་ཁྱིམ་ ༡༧༡༡༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༦༥ ནས་ ༡༡༤ བར་བཞུགས་པ་བཅས་སོ།།
༡༠༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་རིམ་བར་མ། མཛད་བྱང་ལས། བསྒོམ་པའི་རིམ་པ་ཨཱ་ཙཱརྱ་ཀ་མ་ལ་ཤཱི་ལས་བར་དུ་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[5]། བོདྷི་སཏྭ་མཱ་ལྭན་ཀྲ་མ་བྱང་ཆུབ་སེམས་པའི་སྒོམ་རིམ་ཀ་མ་ལ་ཤཱི་ལས་མཛད་པ་མ་ཚང་བ། ཞེས་བྱུང་ཞིང་། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༩ ལྡེབ་ ༤༢ན༡ ནས་ ༥༥བ༥ བར་ཡིག་ཕྲེང་ ༡༩༤ ཚེག་ཁྱིམ་ ༡༡༦༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༨ ལྡེབ་ ༤༥ན༨ ནས་ ༦༠བ༨ བར་ཡིག་ཕྲེང་ ༢༤༩ ཚེག་ཁྱིམ་ ༡༡༥༦༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༨ ལྡེབ་ ༤༤ན༡ ནས་ ༥༩ན༧ བར་ཡིག་ཕྲེང་ ༢༡༧ ཚེག་ཁྱིམ་ ༡༡༥༧༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༩ ལྡེབ་ ༤༢བ༤ ནས་ ༥༦བ༦ བར་ཡིག་ཕྲེང་ ༡༩༩ ཚེག་ཁྱིམ་ ༡༡༦༦༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༡༩ ནས་ ༡༥༣ བར་བཞུགས་པ་བཅས་སོ།།
༡༡༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ་ན། བོད་སྐད་དུ། བསྒོམ་རིམ་ཐ་མ། མཇུག་བྱང་ལས། སློབ་དཔོན་ཨཱ་ཙརྱ་ཀ་མ་ལ་ཤཱི་ལས་ཐ་མར་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[6]། དཔལ་ལྡན་ས་སྐྱ་པའི་མཁན་པོ་སངས་རྒྱས་བསྟན་འཛིན་ཞེས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེའི་ཞལ་སྔ་ནས་ལས་དམ་པའི་ཆོས་ཀྱི་གསན་བཞེས་དུ་མ་མཛད་པ་ལས། ཐོག་མར་གསན་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། རྗེ་བླ་མ་རྡོར་གདན་དུ་ཕེབས་པའི་ཉིན་ཞིག་ཞབས་དྲུང་དུ་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཞལ་སྔ་ནས་མཇལ་བཅར་དུ་ཕེབས་པའི་བཀའ་མོལ་གྱི་འཕྲོས་ཤིག་ཏུ། མཁན་རིན་པོ་ཆེ་གང་ཉིད་བོད་དུ་བསམ་ཡས་ལ་གནས་མཇལ་དུ་ཕེབས་སྐབས། བསམ་ཡས་སུ་མཁན་ཆེན་ཞི་འཚོའི་བཞུགས་ཁྲི་རེད་ཟེར་བའི་རྡོ་ལེབ་ཅིག་གི་སྟེང་དུ་ཁམས་ནས་ཕེབས་པའི་བླ་མ་ཞིག་གིས་སྒོམ་རིམ་ཐོག་མཐའ་བར་གསུམ་འཆད་ཁྲིད་བྱེད་ཀྱི་འདུག་པ་དེ་གར་སྒོམ་རིམ་ནི་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་ནས་རྩོམ་པར་བསྐུལ་ཏེ་བོད་སྤྱིར་དགོངས་ནས་མཛད་པ་ཞིག་ཡིན་པས་མ་ཞུ་ཐབས་མེད་དོ་སྙམ་དུ་གསན་བཞེས་ཀྱི་ཐུགས་དམ་བཅས་ཏེ་གསན་བཞེད་ཀྱི་སྙན་འབུལ་དང་འབྲེལ་གསན་པར་མཛད་ཅིང་། ཐོག་མའི་ཆོས་འབྲེལ་ཕུལ་དུ་བྱུང་བའི་ལེགས་བཤད་སྒོམ་རིམ་གསན་བཞེས་གྲུབ་རྗེས་རིམ་གྱིས་ཆོས་ཚུལ་དཀོན་རིགས་གཞན་རྣམས་ཀྱང་བཞེས་པར་མཛད་དོ། །ཞེས་བྱུང་ལ། དེ་བཞིན་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[7]། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་ལ། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་དེ་ཡང་ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་སྐུ་མདུན་ནས་ངོས་ཀྱིས་ཞུས་པ་ཡིན། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱིས་གསན་ཡུལ་གྱི་མཚན་ཐུགས་དྲན་གསོས་པ་གནང་གི་མི་འདུག་ཀྱང་། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་བསམ་ཡས་གཙུག་ལག་ཁང་དུ་གནས་གཟིགས་ཕེབས་སྐབས་ཤིག་ཏུ་བསམ་ཡས་སུ་མཁན་ཆེན་ཞི་འཚོའི་བཞུགས་ཁྲི་རེད་ཅེས་པའི་སྟེང་ནས་ཁམས་ཕྱོགས་ནས་ཕེབས་པའི་རྫོགས་ཆེན་གྱི་བླ་མ་ཞིག་གིས་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་གནང་སོང་བས། སྐབས་དེར་ཞུས་པ་ཡིན་ཞེས་གསུང་གི་འདུག །མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཚད་ལྡན་ཡིན་པར་མ་ཟད། ཁོང་ལ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་པ་དེ་མ་ཞུས་ཐབས་མེད་རེད་འདུག་སྙམ་པའི་ཐོག་ནས་ངོས་ཀྱིས་ཞུས་པ་ཡིན། དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཀ་མ་ལ་ཤཱི་ལ་ནི་བོད་གངས་ཅན་གྱི་ལྗོངས་ལ་ལྷག་པར་དུ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། ཞེས་བཀའ་སྩལ་པ་ལྟར་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༠ ལྡེབ་ ༥༥བ༦ ནས་ ༦༨བ༧ བར་ཡིག་ཕྲེང་ ༡༨༤ ཚེག་ཁྱིམ་ ༡༠༧༩༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༩ ལྡེབ་ ༦༠བ༨ ནས་ ༧༤བ༤ བར་ཡིག་ཕྲེང་ ༢༢༡ ཚེག་ཁྱིམ་ ༡༠༦༨༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༩ ལྡེབ་ ༥༩ན༧ ནས་ ༧༤ན༥ བར་ཡིག་ཕྲེང་ ༢༠༩ ཚེག་ཁྱིམ་ ༡༠༦༧༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༠ ལྡེབ་ ༥༦བ༦ ནས་ ༧༠ན༤ བར་ཡིག་ཕྲེང་ ༡༨༨ ཚེག་ཁྱིམ་ ༡༠༧༩༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༥༨ ནས་ ༡༩༠ བར་བཞུགས་པ་བཅས་སོ།།
༡༢༽ དབུ་མ་ ༼ས༽ པ་ལ། རྒྱ་གར་སྐད་དུ། བྷཱ་བ་ན་ཡོ་ག་ཨ་བ་ཏཱ་ར། བོད་སྐད་དུ། རྣལ་འབྱོར་བསྒོམ་པ་ལ་འཇུག་པ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༡ ལྡེབ་ ༦༨བ༧ ནས་ ༧༠བ༤ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༤༤༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཀླུ་སྒྲུབ་སྒོམ་རིམ། པོད་རྟགས། ༼ཨ༽ ཚན་གྲངས་ ༡༠ ལྡེབ་ ༧༤བ༥ ནས་ ༧༦བ༤ བར་ཡིག་ཕྲེང་ ༣༢ ཚེག་ཁྱིམ་ ༡༤༥༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཨ༽ ཚན་གྲངས་ ༡༠ ལྡེབ་ ༧༤ན༧ ནས་ ༧༦ན༧ བར་ཡིག་ཕྲེང་ ༣༠ ཚེག་ཁྱིམ་ ༡༤༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཀི༽ ཚན་གྲངས་ ༡༡ ལྡེབ་ ༧༠ན༤ ནས་ ༧༢ན༡ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༤༤༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༩༤ ནས་ ༡༩༨ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་ ༡༡༦ པ། ༢༠༠༨ ལོ། ཤོག་གྲངས་ ༨༡༦
[2] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༥༢
[3] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༣༤
[4] བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ ༼ཀི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༤
[5] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༣
[6] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༠༡
[7] པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༢༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༩ ནས་ ༡༦༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།