བཅུ་དྲུག །སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་དཀར་ཆག ཀ༽ དང་པོ། འདུལ་བའི་སྐོར།

བཅུ་དྲུག །སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

དང་པོ། འདུལ་བའི་སྐོར།

 

༡༽ འདུལ་བ་ ༼ཤུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་མཱུཿལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། (སུམ་བརྒྱ་པ།) མཛད་བྱང་ལས[1]།

གང་ཞིག་གནང་མེད་དེ་བཞིན་བཀག་མེད་པ། །

དེ་ནི་གསུངས་པའི་རྗེས་མཐུན་བརྟགས་ཏེ་གཟུང་། །

འདུལ་བ་མདོར་བསྡུས་ཞེས་བྱའི་སྒྲོན་མ་དང་། །

འདྲ་བར་གཞན་འདི་བདེ་བར་གཤེགས་པས་གསུངས། །

དགེ་ཚུལ་རྣམས་ཀྱི་ཆོས་ལུགས་བསྡུས་འབྱུང་བའི། །

བསོད་ནམས་བདག་ལ་སྐྱེས་དེས་འཇིག་རྟེན་འདིའི། །

ཤཱཀྱའི་འོད་བསྟན་ལམ་ནས་རྫོགས་པ་ཡི། །

བྱང་ཆུབ་དཔལ་ལྡན་གནས་སུ་འགྲོ་བར་ཤོག །

ཤཱཀྱའི་བཤེས་གཉེན་ངོར་ནི་བདེ་བར་གཤེགས་པས་གསུངས་པའི་བསླབ་པ་ཡི། །རིན་ཆེན་འབར་བ་དག་ནི་འདུལ་བ་རྒྱ་མཚོའི་ནང་ནས་རབ་བཏུས་ཏེ། །དབང་པོའི་རྡོ་རྗེས་ཕུག་ནས་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བ་ཡི། །སོ་སོར་ངེས་པའི་དབྱེ་བ་དག་གིས་ཕྲེང་བར་མཐུན་པར་བསྡེབས་པ་ཡིན། །འདུལ་བ་མདོར་བསྡུས་ཏེ་བཅོ་ལྔ་པའོ། །མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་གཞུང་དངོས་ཀྱི་མཇུག་མཐར་འགྱུར་བྱང་མི་སྣང་ཡང་། སྡེ་བསྟན་དཀར་ཆག་ལས[2]། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏའི་འགྱུར། ཞེས་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

དགེ་ཚུལ་གྱི་ཀཱ་རི་ཀཱ་སྟེ་ཚིགས་ལེའུར་བྱས་པ་ནི། ལ་ལས་ཁ་ཆེ་འདུས་བཟང་གིས་མཛད་པ་དང་། སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པ། སློབ་དཔོན་དུལ་བ་ལྷས་མཛད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་སོགས་མཛད་པ་པོར་ངོས་འཛིན་མཛད་ཚུལ་རིགས་བཞི་ཡོད་འདུག་པས་དཔྱད་པར་སྣང་ངོ་།།[3]

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཤུ༽ ཚན་གྲངས་ ༢ གཞི་ ༡-༡༥ ལྡེབ་ ༦༣ན༦ ནས་ ༧༤ན༥ བར་ཡིག་ཕྲེང་ ༡༥༡ ཚེག་ཁྱིམ་ ༩༣༥༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་འགྲེལ། པོད་རྟགས། ༼ཧུ༽ ཚན་གྲངས་ ༢ གཞི་ ༡-༡༥ ལྡེབ་ ༦༨ན༡ ནས་ ༧༩བ༥ བར་ཡིག་ཕྲེང་ ༡༨༨ ཚེག་ཁྱིམ་ ༩༣༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཧུ༽ ཚན་གྲངས་ ༢ གཞི་ ༡-༡༥ ལྡེབ་ ༧༡ན༡ ནས་ ༨༣ན༦ བར་ཡིག་ཕྲེང་ ༡༧༤ ཚེག་ཁྱིམ་ ༩༥༣༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཤུ༽ ཚན་གྲངས་ ༢ གཞི་ ༡-༡༥ ལྡེབ་ ༦༥ན༥ ནས་ ༧༧ན༧ བར་ཡིག་ཕྲེང་ ༡༧༡ ཚེག་ཁྱིམ་ ༩༣༥༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ ཤོག་གྲངས་ ༡༦༧ ནས་ ༡༩༥ བར་བཞུགས་པ་བཅས་སོ།།

༢༽ འདུལ་བ་ ༼ཤུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱཿམཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ་བྲིཏྟི་པྲ་བྷཱ་བ་ཏི། བོད་སྐད་དུ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན། བམ་པོ་བརྒྱད་པ། མང་དུ་ཐོས་པའི་སློབ་དཔོན་ཆེན་པོ་ཤཱཀྱ་འོད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་གཙང་དེ་ཝེནྡྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

དེ་བཞིན་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ (1415-1486) གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས[4]། གཞན་ཡང་དགེ་སློང་ (རྒྱལ་བ་ཤེས་རབ་) དེ་ཡིས་ནི། །སུམ་བརྒྱ་པ་དང་དེ་ཡི་འགྲེལ། །འོད་ལྡན་དེ་ཡི་གཞུང་དེ་ནི། །ཁ་ཆེའི་མཁས་པ་པཎྜི་ཏ། །ཤྲཱི་སུཾ་བྷུ་ཏི་ཤིནྟི་ལ། །དགེ་སློང་དགེ་བློས་བསྒྱུར་ནས་ནི། །མ་དག་ཆད་པ་ཐམས་ཅད་བཅོས། །ཡུལ་དབུས་དཔེ་དང་བསྟུན་བྱས་ནས། །ཐུགས་རྗེའི་རྒྱུད་བརླན་ལྷ་ཡི་སྲས། །བྱང་ཆུབ་འོད་ཀྱི་ངོར་བཤད་མཛད། །ཅེས་ཀྱང་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

གཞན་ཡང་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[5]། གཞན་ཡང་དགེ་སློང་དེ་ཡིས་ནི། །སུམ་བརྒྱ་པ་དང་དེ་ཡི་འགྲེལ། །འོད་ལྡན་ཞེས་བྱའི་གཞུང་དེ་ནི། །ཁ་ཆེའི་མཁས་པ་པཎྜི་ཏ། །ཤྲཱི་སུ་བྷཱུ་ཏི་ཤཱནྟི་ལ། །དགེ་སློང་དགེ་བློས་བསྒྱུར་ནས་ནི། །མ་དག་ཆད་པ་ཐམས་ཅད་བཅོས། །ཡུལ་དབུས་དཔེ་དང་བསྟུན་བྱས་ཏེ། །ཐུགས་རྗེས་རྒྱུད་བརླན་ལྷ་ཡི་སྲས། །བྱང་ཆུབ་འོད་ཀྱི་ངོར་བཤད་མཛད། །ཅེས་བྱུང་བ་ལྟར། སླད་དགེ་སློང་དགེ་བའི་བློ་གྲོས་ཀྱིས་ཡུལ་དབུས་ཀྱིས་དཔེ་དང་བསྟུན་ནས་སུམ་བརྒྱ་པ་རྩ་འགྲེལ་གཉིས་ཀར་མ་དག་པ་དང་། ཆད་པ་ཐམས་ཅད་བཅོས་པར་གསུངས་ལ། ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་བསྟན་བཅོས་འགྱུར་རོ་ཚལ་གྱི་དཀར་ཆག་ལས[6]། ༼ཁེ༽ པ་ལ། ཀ་རི་ཀ་སུམ་བརྒྱ་པ་རྩ་བ་དང༌། འགྲེལ་པ་འོད་ལྡན་གཉིས་ཤཱཀྱ་འོད་ཀྱིས་མཛད་པ། པྲ་ཛྙཱ་དེ་བ་དང༌། བན་དྷེ་རྩང་དེ་བན་ཏྲ་རཀྵི་ཏའི་འགྱུར། སུམ་བརྒྱ་པའི་རྣམ་བཤད་ཤཱཀྱ་འོད་ཀྱིས་མཛད་པ། དགེ་བའི་བློ་གྲོས་ཀྱི་འགྱུར། ཞེས་གསལ་བ་ལྟར། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་བཅོས་མཛད་པ་ལགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཤུ༽ ཚན་གྲངས་ ༣ བམ་པོ་ ༡-༨ ལྡེབ་ ༧༤ན༥ ནས་ ༡༦༢བ༤ བར་ཡིག་ཕྲེང་ ༡༢༣༩ ཚེག་ཁྱིམ་ ༧༦༢༧༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་འགྲེལ། པོད་རྟགས། ༼ཧུ༽ ཚན་གྲངས་ ༣ བམ་པོ་ ༡-༨ ལྡེབ་ ༧༩བ༦ ནས་ ༡༨༤བ༣ བར་ཡིག་ཕྲེང་ ༡༦༧༨ ཚེག་ཁྱིམ་ ༧༦༢༦༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཧུ༽ ཚན་གྲངས་ ༣ བམ་པོ་ ༡-༨ ལྡེབ་ ༨༣ན༧ ནས་ ༡༨༤ན༣ བར་ཡིག་ཕྲེང་ ༡༤༡༠ ཚེག་ཁྱིམ་ ༧༦༢༦༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་འདུལ་བ། པོད་རྟགས། ༼ཤུ༽ ཚན་གྲངས་ ༣ བམ་པོ་ ༡-༨ ལྡེབ་ ༧༧ན༣ ནས་ ༡༦༩ན༧ བར་ཡིག་ཕྲེང་ ༡༢༩༣ ཚེག་ཁྱིམ་ ༧༦༢༧༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ ཤོག་གྲངས་ ༢༠༠ ནས་ ༤༢༠ བར་བཞུགས་པ་བཅས་སོ།།

གོང་གསལ་དམ་ཆོས་འདུལ་བའི་སྐོར་ལ་ལུང་རིགས་སྨྲ་བའི་དབང་པོ་སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་དང་། དེའི་རང་འགྲེལ་འོད་ལྡན་བམ་པོ་བརྒྱད་པ་གཉིས་མཛད་པ་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ་སྟེ་ལྷའི་དབང་པོ་བསྲུང་བ་དང་། རྒྱ་གར་གྱི་པཎྜི་ཏ་པྲ་ཛྙཱ་དེ་བ། ཁ་ཆེའི་མཁས་པ་པཎྜི་ཏ་ཤྲཱི་སུཾ་བྷུ་ཏི་ཤནྟི་ལ་གསུམ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རྩངས་དེ་ཝེནྡྲ་རཀྵི་ཏ་བཅས་ཀྱིས་ལེགས་སྦྱར་གྱི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ཅིང་། སླར་ཡང་དགེ་སློང་དགེ་བའི་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་བསྟུན་ནས་དག་བཅོས་ཀྱིས་གཏན་ལ་ཕབ་པའི་དམ་ཆོས་འདུལ་བའི་བསྟན་བཅོས་ ༢ བཞུགས་པར་རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་གསལ་ཐོག །བསྟན་འགྱུར་གྱི་པར་མ་ཁག་བཞི་གར་བཞུགས་ཀྱང་། ལེགས་སྦྱར་གྱི་མ་དཔེ་གཉིས་ཀ་མི་བཞུགས་མོད། འོན་ཀྱང་ལུང་རྒྱུན་བཞུགས་པ་བཅས་སོ།།

གསུང་བཟང་གི་ལུང་རྒྱུན་སྐོར་ནི། ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དཔལ་བཟང་པོའི་ (1642-1708/1715) ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས[7]། བསོད་ནམས་གྲགས་དང་། ཞི་བ་འོད་ཀྱི་སློབ་མ་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་ནས། ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད་པར་བཤད་པ་ལས་ལོ་རྒྱུས་རྒྱས་པ་མ་མཐོང་། སློབ་དཔོན་དེས་མཛད་པའི་འདུལ་བ་སུམ་བརྒྱ་པ། དེའི་འགྲེལ་པ་འོད་ལྡན་གཉིས་ཀྱི་ལུང་རྒྱུན་ནི། སློབ་དཔོན་ཡོན་ཏན་འོད། ཆོས་ཀྱི་བཤེས་གཉེན། ཤཱཀྱ་འོད། སེང་གདོང་ཅན། དྷརྨ་པ་ལ། ཞང་ཞུང་བ་རྒྱལ་བའི་ཤེས་རབ། རབ་འབྱོར་ཤེས་རབ། བྱང་ཆུབ་ཤེས་རབ། བྱང་ཆུབ་སེངྒེ། སྨད་གཡུང་དྲུང་། རྩི་འདུལ་ཐུགས་རྗེ་བྱང་ཆུབ། བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ། ཟུར་ཕུ་བ་ཡོན་ཏན་གྲགས་པ། སློབ་དཔོན་བསོད་བློ། སློབ་དཔོན་དཀའ་བཅུ་པ། མཁན་ཆེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། འཇམ་དབྱངས་ཤེས་རབ་རྒྱ་མཚོ། སློབ་དཔོན་དོན་གྲུབ་ཤེས་རབ། བླ་མ་ལྷ་མཆོག་སེངྒེ། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། མགོན་པོ་བསོད་ནམས་མཆོག་ལྡན། ཆོས་མཛད་རྒྱལ་མཚན་བཟང་པོ། བཀའ་འགྱུར་བ་སློབ་དཔོན་སྦྱིན་པ་རྒྱ་མཚོ། སློབ་དཔོན་རིན་པོ་ཆེ་བློ་བཟང་མཁས་བཙུན། དེས་བདག་བློ་བཟང་འཕྲིན་ལས་ལ་གནང་བའོ། །ཞེས་གསུངས་པ་ལྟར་རོ།།

མདོར་ན། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢ བོད་འགྱུར་བཞུགས་པ་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཤུ༽ དེབ་ཨང་ ༩༣ པ། ༡༩༩༥ ལོ། ཤོག་གྲངས་ ༡༩༥

[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༧༡

[3] ཨ་སྟོབས་ཀྱིས་ནི་འདུས་བཟང་ཡིན་པར་གཞིར་བཞག་པར་གསལ། མི་ཕམ་པས་ནི་ཀླུ་ཡིས་མཛད་པར་གཞིར་བཞག །ཡེ་ཤེས་སྡེས་བསྒྱུར་བའི་མཛད་བྱང་དུའང་ཀླུ་སྒྲུབ་ཡིན་པར་བཀོད་པར་གསལ་ལོ།།

[4] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༥

[5] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༡༥

[6] ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥༩ན༢

[7] ཛ་ཡ་པཎྜི་ཏའི་ཐོབ་ཡིག །གླེགས་བམ་དང་པོ། ༼ཀ༽ དཔེ་རིང་། ཤོག་གྲངས་ ༡༥༡ན༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧ ནས་ ༣༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *